གཅན་སྣང་བ་ཚེ་རིང་བཀྲ་ཤིས།
ཧྥ་རན་སི་རྒྱལ་ཁབ་ངོ་སྤྲོད་རགས་བསྡུས།
- ས་ཁོངས། ནུབ་ཡུ་རོབ།(Western Europe)
- མི་འབོར། ས་ཡ་ ༦༦ (66 million)
- ད་ལྟའི་སྲིད་འཛིན། ཧྥུ་རུང་སོ་ཨོ་ལུང་། (François Hollande)
- རྒྱལ་ས། ཕེ་རེ་སི། (Paris)
- དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས། འཛམ་གླིང་གི་ཨང་དྲུག་པ། #6
- ཆབ་སྲིད་ལམ་ལུགས། གུ་ཡངས་དམངས་གཙོ།(Liberal democracy)
- དམངས་གཙོའི་མ་དཔེ། ཕྱེད་སྲིད་འཛིན་ལམ་ལུགས་སམ་སྲིད་འཛིན་གྲོས་ཚོགས་ལམ་ལུགས། (Semi-presidentialism)
ཐོག་མའི་གནས་ཚུལ་ངོ་སྤྲོད།
ཧྥ་རན་སིའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུ་མ་བསླེབས་གོང་གི་ཟླ་གཅིག་གི་སྔོན་ཏག་ཏག་སྟེ། ༢༠༡༧ ལོའི་ཟླ་ ༣ པའི་ཚེས་ ༢༤ ཉིན་རྒྱལ་ཞེན་རིང་ལུགས་ཤུགས་ཆེར་(far-right populists & nationalists)ཁྱབ་སྤེལ་བྱེད་མཁན་དང་། གོ་ལ་གཅིག་གྱུར། (antiglobalist)ཡུ་རོབ་མཉམ་འབྲེལ་(Euroskeptic)ཕྱི་མི་གནས་སྤོ་དང་(anti-immigrant )འབྲེལ་བའི་གནད་དོན་ཐོག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཧྥ་རན་སིའི་རྒྱལ་ཡོངས་འཐབ་ཕྱོགས་ཆབ་སྲིད་ཚོགས་པའི་(Front National)མགོ་ཁྲིད། ༢༠༡༧ ལོའི་ཧྥ་རན་སིའི་སྲིད་འཛིན་འོས་མི་མཐའ་མ་གཉིས་ཀྱི་ཁོངས་སུ་ཚུད་ཡོད་པའི་ལྕམ་མཱ་རུན་ལུ་པཎ་(Marine Le Pen)ལགས་ར་ཤི་ཡའི(Russia)རྒྱལ་ས་མོ་སུ་ཁོ་(Moscow)རུ་བསྐྱོད་དེ། (1) ༢༠༡༧ ལོའི་འཛམ་གླིང་གི་དབང་ཤུགས་ཆེ་ཤོས་སུ་འབོད་པའི་ར་ཤི་ཡའི་སྲིད་འཛིན་ལཱ་ངྷེ་མར་པུ་ཊིན་(Vladimir Putin)དང་ཐུག་འཕྲད་བྱས་ཡོད་པའི་གནས་ཚུལ་དྲ་ཐོག་ཏུ་ཁྱབ་པ་ནས་བཟུང་།(2) དེང་སྐབས་འཛམ་གླིང་ནང་གི་དམངས་གཙོའི་ལམ་ལུགས་ཀྱི་ཉམས་རྒུད་ཐད་ལ་དོ་ཁུར་གནང་མཁན་དང་། ཤེས་ཡོན་པའི་སྡེ་ཡི་ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་སྟོབས་ཆེན་རྒྱལ་ཁབ་འདི་གཉིས་ཀྱི་དབུ་ཁྲིད་རྣམ་པའི་ཐུག་འཕྲད་ཀྱི་ཤུགས་རྐྱེན་དང་དེའི་མཇུག་འབྲས་སྐོར་ལ་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད། (3)
ལཱ་ངྷེ་མར་པུ་ཊིན་གྱི་མཐར་ཐུག་གི་དམིགས་ཡུལ་ཅི་ཞིག་ཡིན།
ར་ཤི་ཡའི་སྲིད་འཛིན་ལཱ་ངྷེ་མར་པུ་ཊིན་ནི་ད་ལྟའི་དུས་ཀྱི་འཛམ་གླིང་ནང་གི་མི་དབང་ཐང་ཆེ་ཤོས་དེ་ཡིན་ལ། ཁོའི་མཐར་ཐུག་གི་དམིགས་ཡུལ་ནི། ལོ་རྒྱུས་ཐོག་གི་ར་ཤི་ཡའི་གོང་མའི་རྒྱལ་ཁམས་(Tsar empire)སླར་གསོ་བྱས་ཏེ། ར་ཤི་ཡ་འཛམ་གླིང་གི་དབང་སྒྱུར་བྱེད་པོ་ལྟེ་བ་བཟོ་རྒྱུ་དེ་ཡིན། (4)དཔེར་ན། པུ་ཊིན་གྱི་མངའ་ཁོངས་རྒྱ་སྐྱེད་ཀྱི་བསམ་བློའི་དབང་གིས། ར་ཤི་ཡའི་དྲག་དམག་གིས་ཇཱོར་ཇི་ཡ་(Georgia)དང་ཡཱོ་ཁི་རེན་(Ukraine)སོགས་ལ་དབང་སྒྱུར་གྱི་དམག་འཁྲུག་བསླངས་ཚར་ཡོད་ལ། (5)ཁོའི་རྨི་ལམ་དེ་མངོན་འགྱུར་བྱེད་པར། ནུབ་གླིང་གི་སྒྲིག་འཛུགས་ཆེ་ཁག་གི་ཚོགས་མིའི་རྒྱལ་ཁབ་ཏུ་གྱུར་ཟིན་པའི་ཉེ་འཁོར་གྱི་རྒྱལ་ཁབ་ཚང་མ་ཡང་ཕྱིར་རང་གི་མངའ་འོག་ཏུ་བསྡུ་དགོས།
འོན་ཀྱང་ནུབ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་དང་ཁོང་ཚོའི་ཐུན་མོང་གི་སྒྲིག་འཛུགས་ཆེ་ཁག་གི་སྟོབས་ཤུགས་དེས་པུ་ཊིན་གྱི་ཧམ་སེམས་ལྡན་པའི་ལས་གཞི་དེ་ལེགས་འགྲུབ་ཡོང་བར་འགོག་རྐྱེན་བཟོ་བཞིན་ཡོད་སྟབས། བྱང་ཨ་རི་དང་ཡུ་རོབ་ཁུལ་གྱི་དམངས་གཙོའི་རྒྱལ་ཁབ་ཁག་དང་དེ་དག་གི་སྒྲིག་འཛུགས་ཁག དཔེར་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བཙུགས་པའི་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་(North Atlantic Treaty Organization)དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་(European Union)སོགས་ཀྱི་ཁོངས་སུ་ཆག་སྒོ་བསླངས་ཏེ། སྒྲིག་འཛུགས་དེ་དག་ག་ལེར་ཁ་འཐོར་ཏུ་འཇུག་ཐུབ་ན། ཁོང་གི་རྨི་ལམ་རང་བཞིན་གྱིས་འགྲུབ་ཀྱི་ཡོད་པ་དེ་རེད། དེར་བརྟེན། པུ་ཊིན་ཁྲིན་གྱིས་ཕྱོགས་གཅིག་ནས་ཡུ་རོབ་ཤར་གྱི་ལུང་པ་ཁག་དང་འབྲེལ་ཐག་ཉེ་རུ་བཏང་སྟེ། ལུང་པ་དེ་དག་དང་མཐུན་སྒྲིལ་ཡོང་ཐབས་བྱེད་ཀྱི་ཡོད་པ་དཔེར་ན། ༡༩༩༠ ལོའི་ནང་ཤར་ཡུ་རོབ་ཁོངས་ནས་མིག་དཔེ་ལྟ་སའི་དམངས་གཙོའི་རྒྱལ་ཁབ་ཧང་གྷ་རི་རྒྱལ་ཁབ་ཀྱི་སྲིད་གཞུང་དེ་ར་ཤི་ཡའི་སྲིད་གཞུང་དང་གོམ་པ་མཉམ་སྤོ་བྱས་ཏེ། ༢༠༡༧ ཟླ་ ༤ པའི་ཚེས་ ༤ ཉིན། ཨ་རིའི་ནེའུ་ཡོག་མངའ་སྡེའི་ཁྱབ་ཁོངས་སུ་དེབ་སྐྱེལ་བྱས་ཤིང་། ༡༩༩༡ ལོར་སུའུ་ལེན་མནའ་མཐུན་རྒྱལ་ཁབ་ཁ་འཐོར་རྗེས། འཛམ་གླིང་ནང་དམངས་གཙོའི་ལམ་ལུགས་ཁྱབ་སྤེལ་གཏོང་བར་དམིགས་ཏེ། ཡུ་རོབ་ཤར་ནུབ་ཀྱི་ལྟ་བའི་ས་མཚམས་ལྟ་བུའི་ཧང་གྷ་རི་རྒྱལ་ཁབ་(Hungary)ཀྱི་རྒྱལ་ས་བྷོ་ངྷ་ཕེ་སི་(Budapest)གྲོང་ཁྱེར་ནང་བཙུགས་པའི་ཨ་རིའི་སློབ་གྲྭ་ཆེན་མོ་མིང་ལ་དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་(Central European University)ཟེར་བ་དེ་གཏན་དུ་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་པ་ལྟ་བུ་དང་། (6) ཕྱོགས་གཞན་ཞིག་ནས་ནུབ་གླིང་གི་དམངས་གཙོའི་རྒྱལ་ཁབ་སྟོབས་ཅན་ཁག་ནང་གི་གཡས་ཕྱོགས་ཀྱི་ལྟ་བ་གུ་དོག་འཛིན་མཁན་(Right-wing populist)ཁག་དང་འབྲེལ་བ་བྱས་ཏེ། ལུང་པ་དེ་དག་གི་དམངས་གཙོའི་ལམ་ལུགས་དང་སྒྲིག་འཛུགས་ཁག་མགོ་རྟིང་སློག་པར་འབད་བརྩོན་བྱེད་ཀྱི་ཡོད། དཔེར་ན། ཨ་རིའི་འོས་བསྡུ་ལ་ཤུགས་རྐྱེན་སྤྲད་དེ་གསར་འབྱོར་ཆབ་སྲིད་པ་(political newcomer)སྨྱོན་པ་ཞིག་རང་དབང་གི་འཇིག་རྟེན་གྱི་དབུ་ཁྲིད་ཅེས་འབོད་པའི་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་སུ་བཅུག་པ་ལྟ་བུ་རེད།
ཨ་རིའི་འོས་བསྡུ་ལ་ཕྱིར་མིག་ཅིག་ལྟ།
ཁྱེད་ཀྱིས་ཨ་རིའི་འོས་བསྡུའི་སྐབས་ཀྱི་ཧེ་ལ་རེ་ཁི་ལིན་ཊོན་(Hillary Clinton)གྱི་གློག་འཕྲིན་ཡིག་ཟམ་དང་འབྲེལ་བའི་རྙོག་གླེང་དེ་དྲན་པ་སོས་ཀྱི་འདུག་གམ། ད་ཆ་གནས་ཚུལ་དེ་གྲགས་འགུལ་མེད་པ་ཆགས་ཡོད་ལ། དེ་ལས་རྙོག་འཛིང་ལྡན་པའི་གནས་ཚུལ་གཞན་ཞིག་ཐོན་ཡོད་པ་ནི། ཨ་རིའི་གྲོས་ཚོགས་དང་གསང་བའི་ལས་ཁུངས་སོགས་ཀྱིས་་ཨ་རིའི་སྲིད་འཛིན་ཌོ་ནིལ་ཊི་རུམ་ཕི་ལགས་དང་ར་ཤི་ཡའི་བར་ལ་འབྲེལ་བ་ཡོད་མེད་དང་། ར་ཤི་ཡས་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་དུ་ཤུགས་རྐྱེན་སྤྲད་ཡོད་མེད་སྐོར་ལ་གླེང་སློང་དང་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། ཊི་རུམ་ཕི་ཡི་ཕྱག་རོགས་དང་ཆབ་སྲིད་ལམ་སྟོན་པ་ཁག་ལའང་ཞིབ་བཤེར་བྱེད་ཀྱིན་ཡོད།
ཇཱོར་ཇི་ཡ་དང་ཡཱོ་ཁི་རེན་སོགས་ཀྱི་ནང་དུ་ཚོན་ཁྲའི་གསར་བརྗེ་(Color revolution)ལངས་དུས། སྲིད་འཛིན་པུ་ཊིན་གྱིས་ཐོག་མ་གསར་ལམ་ཁག་ལ་དམ་དྲག་བྱས་ཤིང་། རྗེས་སུ་ཁོང་གིས་ཐབས་བྱུས་ལ་འགྱུར་བ་བཏང་སྟེ། གསར་འགྱུར་ནང་གནས་ཚུལ་རྫུན་མ་སྤེལ་བ་དང་གནས་ཚུལ་འཁྱོག་བརྗོད་བྱས་ཏེ། སྤྱི་ཚོགས་ནང་མགོ་ཉོག་དང་ཟིང་འཁྲུག་བསླངས་ཏེ་དམངས་གཙོའི་ལྷིང་འཇགས་དཀྲོགས་ཡོད་ལ། ཐབས་ལམ་དེ་བེད་སྤྱད་ནས་ཁོང་གིས་ཌོ་ནིལ་ཊི་རུམ་ཕི་སྲིད་འཛིན་ཆགས་སུ་བཅུག་པ་རེད། (7)ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་འོས་བསྡུའི་སྐབས་སུ་ཧེ་ལ་རེ་ཁི་ལིན་ཊོན་ལྟར། པུ་ཊིན་ལ་སྐྱོན་བརྗོད་གཅིག་ཀྱང་བྱས་མེད་པ་མ་ཟད། པུ་ཊིན་དང་ཊི་རུམ་ཕི་གཉིས་ཀྱིས་གསར་ལམ་ཁག་ཏུ་གཅིག་གིས་གཅིག་ལ་ཁ་ཡག་ངོ་དགའ་འཁྲབ་རེས་བྱེད་པ་དང་། ཨ་རི་དང་ར་ཤི་ཡ་གཉིས་ཀྱི་འབྲེལ་བ་ཡག་ཏུ་ཕྱིན་ན། དེ་ནི་དགའ་འོས་པའི་དོན་དག་ཅིག་རེད་ཅེས་ཊི་རུམ་ཕིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ་བརྗོད་ཡོད། ཡིན་ཡང་། ཁོས་རང་ཉིད་ར་ཤི་ཡ་དང་འབྲེལ་བ་གང་ཡང་མེད་ཚུལ་བརྗོད་ཡོད། ཤེས་དགོས་པ་ཞིག་ལ། ཊི་རུམ་ཕིས་སྲིད་འཛིན་ཁྱབ་བསྒྲགས་ཤིག་གི་སྐབས་སུ། གལ་ཏེ་ར་ཤི་ཡས་དམངས་གཙོ་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ཧེ་ལ་རེ་ཁི་ལིན་ཊོན་གྱི་གློག་འཕྲིན་ཡིག་ཟམ་ལ་འཇབ་རྒོལ་བྱས་ཡོད་ཚེ། ཡིག་ཟམ་ནང་གི་གསང་བའི་གནས་ཚུལ་དེ་དག་ཕྱིར་བསྒྲགས་བྱེད་རོགས་ཞེས་མངོན་གསལ་དོད་པོའི་སྒོ་ནས་རེ་སྐུལ་ཞུས་ཡོད་ལ།(8)ཧེ་ལ་རེ་ཁི་ལིན་ཁྲོན་གྱི་སློབ་སྟོན་པས་བརྗོད་ན། ཊི་རུམ་ཕིས་ར་ཤི་ཡས་ཧེ་ལ་རེ་ཁི་ལིན་ཊོན་གྱི་གློག་འཕྲིན་ཡིག་ཟམ་ལ་འཇབ་རྒོལ་བྱས་པ་སྔ་ས་ནས་ཤེས་ཚར་ཡོད་ཚུལ་བརྗོད་འདུག (9)དེ་ནི་ཊི་རུམ་ཕི་དང་ར་ཤི་ཡའི་བར་ལ་འབྲེལ་བ་ཡོད་པའི་དོགས་པ་དང་པོ་ཡིན་ལ། གཉིས་ནས་ཊི་རུམ་ཕུ་ཁོ་རང་དང་ཊི་རུམ་ཕིའི་སློབ་སྟོན་པ་སོགས་ཀྱིས་ར་ཤི་ཡའི་ནང་དཔལ་འབྱོར་གྱི་མ་རྩ་ཆེན་པོ་བཙུགས་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། སྲིད་འཛིན་ཊི་རུམ་ཕི་ཡི་སྲིད་འཛིན་འོས་མི་ཁྱབ་བསྒྲགས་བྱེད་མཁན་གྱི་ལས་འགུལ་འགན་འཛིན་ཕོལ་མ་ན་ཧྥོར་ཊི་(Paul Manafort) དང་། ཨ་རིའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་མའེལ་ཁིལ་ཧྥུ་ལིན་(Michael T. Flynn) ད་དུང་། ཊི་རུམ་ཕི་ཡི་ཕྱི་འབྲེལ་སྲིད་ཇུས་ལམ་སྟོན་པ་ཟུར་བ་ཁ་ཁྲེར་ཕེ་ཇི་(Carter Page)གསུམ་གྱིས་ཨ་རིའི་གསང་བའི་གནས་ཚུལ་གང་མང་ཞིག་ར་ཤི་ཡའི་གཞུང་ཚབ་བརྒྱུད་མོ་སི་ཁོ་ལ་མཁོ་སྤྲོད་བྱས་པའི་རྙོག་གླེང་ཁྲོད། གཅིག་རྗེས་གཉིས་མཐུད་དུ་སོ་སོའི་ལས་གནས་ནས་རྩ་དགོངས་ཞུས་ཡོད། (10) ད་དུང་དེའི་མ་ཚད། ཌོ་ནིལ་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་ཆགས་ཉིན། ར་ཤི་ཡའི་རྒྱལ་ས་མོ་སི་ཁོ་རུ་དགའ་སྤྲོའི་ཐུགས་སྤྲོ་ཡང་བཏང་ཡོད།
དངུལ་སྒོར་དང་ཆབ་སྲིད་ནམ་རྒྱུན་གོམ་པ་མཉམ་སྤོ་བྱེད་ཀྱི་ཡོད་ཟེར་བ་ལྟར། ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ར་ཤི་ཡའི་ཤུགས་རྐྱེན་བསླེབས་ཡོད་སྟབས། ཨ་རིའི་རྒྱལ་ཁབ་ཀྱི་ལས་གནས་གལ་ཆེན་འཛིན་མཁན་གྲས་སུའང་ར་ཤི་ཡའི་གསང་མྱུལ་བ་ཡོད་ངེས་པའི་ཚོད་དཔག་བྱེད་ཆོག་ལ། ཊི་རུམ་ཕི་ཨ་རིའི་སྲིད་འཛིན་ཆགས་ཉིན་ནས། ཨ་རིའི་ནང་ཁུལ་ལ་ཆ་མཚོན་ན། མི་རིགས་དབྱེ་འབྱེད་དང་རང་དབང་ཚོགས་སྡེ་ཁག་ལ་རྒོལ་རྡུང་དྲག་པོ་བྱས་ཏེ་གུ་ཡངས་དམངས་གཙོའི་རིན་ཐང་ཁག་ལུང་པའི་ནང་ཉམས་དམས་ཤུགས་ཆེར་བཏང་ཡོད་ལ། ཨ་རིས་འཛམ་གླིང་ནང་དམངས་གཙོའི་ལམ་ལུགས་ཀྱི་སྣེ་ཁྲིད་པ་བྱེད་རྒྱུ་ཕར་ཞོག ཨ་རིའི་སྲིད་གཞུང་རང་ཉིད་གུ་དོག་དམངས་གཙོའི་ལམ་ཁར་ག་ལེར་བསྙེགས་ཡོད། རྒྱལ་སྤྱིའི་སྟེང་ལ་ཆ་མཚོན་ན། ཊི་རུམ་ཕི་ཡིས་ནུབ་གླིང་རྒྱ་མཚོའི་བྱང་མའི་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚོས་ཐུན་མོང་གི་བདེ་འཇགས་སླད་དུ། སྒྲིག་འཛུགས་ཀྱི་མ་རྩ་འཇོག་པའི་ལས་འགན་ཏག་ཏག་མ་བསྒྲུབས་ཚེ། ར་ཤི་ཡས་དམག་དོན་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱས་ཀྱང་། ཨ་རིའི་ངོས་ནས་རོགས་སྐྱོར་བྱེད་མི་སྲིད་ཅེས་བསྒྲགས་གཏམ་སྤེལ་ཏེ། ནུབ་གླིང་རྒྱ་མཚོའི་བྱང་མའི་དམག་དོན་སྒྲིག་འཛུགས་ཀྱང་འུར་འུར་ཟང་ཟིང་དུ་བཏང་ཡོད། (11) གང་ལྟར་གནས་སྟངས་འདི་དག་ལ་གཞིགས་ནས་གླེང་ན། ཨ་རིའི་སྲིད་འཛིན་མཆོག་ར་ཤི་ཡའི་སྲིད་འཛིན་པུ་ཊིན་གྱི་ཆབ་སྲིད་རྩེད་ཆས་སུ་གྱུར་ཡོད་པའི་དོགས་སློང་བྱེད་ཆོག་ལ། ཁྱབ་ཆེ་ས་ནས། འཛམ་གླིང་གི་དམངས་གཙོའི་སྣེ་ཁྲིད་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོ་དེའི་དམངས་གཙོ་ཡང་ཁ་ཆག་སྣ་རལ་དུ་བཏང་ཡོད་སྟབས། པུ་ཊིན་གྱི་དམིགས་ཡུལ་ཕྱེད་ཀ་འགྲུབ་ཟིན་པ་ཡིན། དེར་བརྟེན། ཁོང་གི་ཆབ་སྲིད་ཀྱི་དམིགས་འབེན་གཉིས་པ་དེ་ནི་ཡུ་རོབ་དམངས་གཙོའི་རྒྱལ་ཁབ་ཁག་ཆགས་ཡོད།
ཨ་རི་དང་ཧྥ་རན་སིའི་འོས་བསྡུ་ལ་ཞིབ་བསྡུར་ཞིག་བྱེད།
མཱ་རུན་ལུ་པཎ་དང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཉིས་ལ་འདྲ་བའི་ཆ་མང་པོ་ཡོད། མོས་ཀྱང་ཊི་རུམ་ཕིོ་ལྟར་སོ་སོའི་ལུང་པའི་ནང་གི་ལྷིང་འཇགས་མ་ཡིན་པའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་གནས་བབ་དེ་འོས་བསྡུའི་ཁྱབ་བསྒྲགས་ཀྱི་དཀྱིལ་དབུས་སུ་བཞག་ཐོག ཧྥ་རན་སི་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་དང་བདེ་སྡུག་ཨང་དང་པོར་བརྩི་བཞིན་ཡོད་ལ། གལ་ཏེ་མོ་རང་འདེམས་ཐོན་བྱུང་ཚེ་ད་ལྟའི་དཀའ་ངལ་ཡོངས་རྫོགས་སེལ་གྱི་ཡིན་ཞེས་འུར་སྒྲོག་བྱེད་ཀྱི་ཡོད། མོ་ནི་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ལས་ཀྱང་ར་ཤི་ཡའི་སྲིད་འཛིན་ཐོག་ལྟ་ཚུལ་ཡག་པོ་འཛིན་མཁན་ཞིག་ཡིན་པ་མ་ཟད། འོས་བསྡུ་བསླེབ་གྲབས་ཡོད་སྐབས་དངོས་སུ་ར་ཤི་ཡའི་རྒྱལ་ས་མོ་སི་ཁོ་རུ་བསྐྱོད་དེ་ར་ཤི་ཡའི་སྲིད་འཛིན་དང་ཐུག་འཕྲད་བྱས། ཧྥ་རན་སིའི་ཁྲིམས་ལུགས་གཞིར་བཞག་བྱས་ན། ཧྥ་རན་སིའི་དངུལ་ཁང་ཚོས་འོས་བསྡུའི་ཆེད་དུ་སྲིད་འཛིན་འོས་མི་གང་རུང་ལ་དངུལ་སྒོར་གཡར་ཆོག་གི་མེད་སྟབས། མཱ་རུན་ལུ་པཎ་གྱིས་ད་ཐེངས་ར་ཤི་ཡ་ནས་ཨ་སྒོར་ས་ཡ་ ༢༧ གཡར་ཡོང་བའི་རེ་སྐུལ་ཞུས་ཡོད། (12)
ད་དུང་དེའི་མ་ཚད། གནས་ཚུལ་ཡོང་ཁུངས་གཞན་པ་ལྟར་ན། ༢༠༡༤ལོར་མཱ་རུན་ལུ་པཎ་གྱིས་ར་ཤི་ཡའི་ཨ་སྒོར་ས་ཡ་ ༡༡ ཙམ་གཡར་ཡོད་ཚོད་འདུག་ལ། དེ་ནི་མོས་ར་ཤི་ཡའི་གཞུང་གིས་ཡཱོ་ཁེ་རེན་ས་ཁོངས་ཀྱི་ཁཱི་རེ་མེཡ་(Crimea)ལ་བཙན་འཛུལ་བྱས་པ་དེར་རྒྱབ་སྐྱོར་བྱས་པར་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ་བ་རེད་ཅེས་རྗོད་ཀྱི་ཡོད།
(ས་ཁྲའི་སྟེང་གི་ཁི་རེ་མེཡ་(Crimea))
རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུག་འཕྲད་སྐབས་སུ་ཕུ་ཁྲིན་གྱིས་ང་ལ་ཧྥ་རན་སིའི་འོས་བསྡུའི་ཁྲོད་དུ་ཤུགས་རྐྱེན་སྤྲོད་པའི་དམིགས་ཡུལ་གང་ཡང་མེད་ཅེས་བརྗོད་ཡོད་རུང་།་། ཆབ་སྲིད་དབྱེ་ཞིབ་པ་ཚོས་སྐད་ཆ་དེར་ལྡོག་ཕྱོགས་ནས་གོ་བ་ལེན་གི་ཡོད། གང་ཡིན་ཞེ་ན། མཱ་རུན་ལུ་པཎ་དང་ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་གཉིས་ཀས་ར་ཞི་ཡ་ལ་དགའ་མོས་བྱེད་ཀྱི་ཡོད་ལ། ཨ་རིའི་སྲིད་འཛིན་ཇི་བཞིན། ཡུ་རོབ་ཁུལ་གྱི་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་གྱི་སྲིད་འཛིན་འོས་མི་ཞིག་ལ་རྒྱབ་སྐྱོར་བྱས་ནས་སྲིད་འཛིན་ཆགས་སུ་བཅུག་ན། ར་ཞི་ཡའི་དམིགས་ཡུལ་ཆེན་པོ་དེ་འགྲུབ་པ་མ་ཡིན་ནམ། ཆབ་སྲིད་ནི་ཕར་སྤྲོད་ཚུར་ལེན་གྱི་རྩེད་མོ་ཞིག་ཀྱང་ཡིན་པས། མཱ་རུན་ལུ་པཎ་གྱིས་ར་ཞི་ཡའི་རྩ་ནས་དངུལ་སྒོར་ས་ཡ་མང་པོ་ཟོས་རྗེས། ར་ཞི་ཡ་ལ་ཁ་ཡག་ངོ་དགའ་བྱེད་པ་དང་། ར་ཞི་ཡའི་བཀོད་འདོམས་ལ་ཉན་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་ཡིན། ང་ཚོས་ཧ་གོ་དགོས་པ་ཞིག་ལ། ར་ཞི་ཡས་ནུབ་གླིང་གི་འོས་གླིང་གི་དམངས་གཙོའི་འོས་བསྡུར་ཤུགས་རྐྱེན་སྤྲོད་སྟངས་ཀྱི་ལམ་ཁ་དང་ཐབས་ལམ་གཅིག་པ་ཡིན། དེ་ནི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་རྫུན་མ་སྤེལ་ནས། ར་ཞི་ཡའི་འདོད་མོས་ཡོད་སའི་འོས་མི་དེར་རྒྱལ་ཁ་འཐོབ་ཏུ་འཇུག་པ་དེ་རེད། དཔེར་ན། འདི་་ལོའི་ཟླ་༢་པའི་ནང་། ཧྥ་རན་སིའི་ནང་སྐད་གྲགས་ཆེ་བའི་དྲ་ཚིགས་(Sputnik France)སྟེང་དུ། སུའུ་ཏེ་ཨ་ར་བྷེ་ཡའི་(Saudi Arabia)ངོས་ནས། གུ་ཡངས་ཀྱི་ལྟ་བ་འཛིན་མཁན་གྱི་ཧྥ་རན་སིའི་སྲིད་འཛིན་འོས་མི་ཨམ་མ་ནོལ་་མཱ་ཁི་རོན་(་Emmanuel Macron)་གྱི་འོས་བསྡུ་ཁྱབ་བསྒྲགས་ཀྱི་ཆེད་དུ། དངུལ་སྒོར་གྱི་རོགས་སྐྱོར་བྱེད་ཀྱི་ཡོད་པའི་གསང་བའི་གནས་ཚུལ་WikiLeaks ལ་ཡོད་ཚུལ་བརྗོད་འདུག(13)
གཞི་མེད་ཉེས་འགེལ་གྱི་རྙོག་གླེང་འདིས་ངོ་ཚོར་་ཧེ་ལེ་རེ་ཁི་ལིན་ཁྲོན་གྱི་གློག་འཕྲིན་ཡིག་ཟམ་དང་འབྲེལ་བའི་ཉེས་འགེལ་གྱི་གནས་ཚུལ་དེ་བསྐྱར་དུ་དྲན་པ་སོས་སུ་འཇུག་འོང་། གང་ལྟར། ཕྱོགས་ཡོངས་ནས་གནད་དོན་འདི་དག་ལ་གཞིགས་ནས་གླེང་ན། ཧྥ་རན་སིའི་འོས་བསྡུའི་ཁྲོད་དུའང་ར་ཞི་ཡའི་ཤུགས་རྐྱེན་དེ་མེད་ས་མི་འགྲོ་བ་ལྟ་བུ་ཞིག་ཆགས་ཡོད།
ལྕམ་མཱ་རུན་་ལུ་པཎ་དང་ལཱ་ངྷེ་མར་་ཕུ་ཀྲིན་དང་ཐུག་འཕྲད་དེར་གནད་འགག་ཅི་ཞིག་ཡོད།
༢༠༠༨་ལོར། ་འཛམ་གླིང་སྤྱི་དང་ལྷག་པར་ཡུ་རོབ་གླིང་དུ་དཔལ་འབྱོར་གྱི་གོད་ཆག་བྱུང་ནས། དུས་ད་ལྟའི་ཆར་ཕྱོགས་ཡོངས་ནས་དཔལ་འབྱོར་གྱི་གནས་བབ་སླར་གསོ་བྱེད་ཐུབ་ཀྱི་མེད་པའི་ཁར། དཀྱིལ་ཤར་ནང་གི་རྩོད་རྙོག་ལ་བརྟེན་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་སུ་ལོ་རེར་ཁ་ཆེའི་སྐྱབས་བཅོལ་བ་ས་ཡ་མང་པོ་འབྱོར་ཡོད།དེ་བས། མཉམ་འབྲེལ་མཐུན་ཚོགས་མངའ་ཁོངས་ཀྱི་རྒྱལ་ཁབ་ཁག་གི་དབར་ལ་སྐྱབས་བཅོལ་ངོས་ལེན་དང་སྟངས་འཛིན་བྱེད་ཕྱོགས། རྒྱལ་ཁབ་སོ་སོའི་བདེ་འཇགས་དང་།་མངའ་ཁོངས་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་ལ་ལྟ་བའི་འགལ་ཟླ་བྱུང་ནས་ཆབ་སྲིད་ཀྱི་གོད་ཆག་གི་སྒོ་མོ་ཡང་ཕྱེས་ཚར་ཡོད། ལོ་རབས་ཁ་ཤས་སྔོན་དུ་རེ་བ་དང་ཡིད་སྨོན་འཆོར་སའི་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྒྲིག་འཛུགས་གཞི་རྒྱ་ཆེ་ཤོས་དང་སྐད་གྲགས་ཆེ་ཤོས་དེ། ད་ཆ་༡༩༩༠་ལོའི་ནང་གི་སུའུ་ལེན་མནའ་མཐུན་རྒྱལ་ཁབ་(USSR)ལྟར་ཁ་འཐོར་དུ་འགྲོ་གྲབས་བྱེད་ཀྱི་ཡོད།(14) ཨིན་ཡུལ་(United Kingdom)ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་(European Union)ཁོངས་ནས་ཕྱིར་འཐེན་གནང་རྗེས། མཉམ་འབྲེལ་མཐུན་ཚོགས་སྣེ་ཁྲིད་བྱེད་མཁན་གྱི་ལུང་པ་སྟོབས་ཆེ་ཤོས་གཉིས་ཡོད་པ་ནི། འཇར་མན་(Germany)དང་ཧྥ་རན་སི་(France)གཉིས་ཡིན་པ་མ་ཟད། ང་ཚོས་ཤེས་དགོས་པ་ལ་ཞིག་ལ། ཧྥ་རན་སི་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཐོག་མར་འཛུགས་མཁན་གྲས་ཡིན་པ་མ་ཟད། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁོངས་ཀྱི་ཉིང་རྡུལ་མཚོན་ཆ་(Nuclear Weapon)ཐོགས་མཁན་གཅིག་པུ་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁོངས་ཀྱི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་(UN Security Council)ཀྱི་ཚོགས་མིའི་རྒྱལ་ཁབ་གཅིག་པུ་དེ་ཡིན།
ལྕམ་མ་རུན་ལུ་པཎ་ནི་ཡུ་རོབ་ནང་གི་མི་རིགས་རིང་ལུགས་(Nationalism)དང་སྤྱི་དམངས་རིང་ལུགས་(Populism)ཀྱི་མགོ་ཁྲིད་ཅིག་ཡིན་པས། མོས་མཉམ་འབྲེལ་མཐུན་ཚོགས་ལ་དགག་བཞག་བྱེད་ཀྱི་ཡོད་ལ། གལ་ཏེ་མོ་རང་ཧྥ་རན་སིའི་སྲིད་འཛིན་ཆགས་པ་ཡིན་ན། མོས་ཧྥ་རན་སི་རྒྱལ་ཁབ་དེ་ཡུ་རོབ་དངུལ་སྒོར་བེད་སྤྱོད་གཏོང་མཁན་གྱི་ཡུ་རོབ་མངའ་ཁུལ་ནས་ཕྱིར་འཐེན་བྱེད་ངེས་པ་མ་ཟད། དབྱིན་ཡུལ་གྱི་རྐང་རྗེས་(Brexit)དེད་ནས་ཧྥ་རན་སི་ཡང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་བཏོན་(Frexit)ནས་སོ་སོའི་རྒྱལ་ཁབ་ཀྱི་ས་མཚམས་དང་བདེ་འཇགས་སླར་གསོ་བྱེད་ངེས།(15)
གནད་འགག་གཙོ་བོ་ནི། ལྕམ་མཱ་རུན་ལུ་པཎ་ནི་ར་ཞི་ཡའི་སྲིད་འཛིན་པུ་ཊིན་ལ་དགའ་མོས་བྱེད་མཁན་ཞིག་ཡིན་པ་མ་ཟད། ནུབ་གླིང་གི་སྒྲིག་འཛུགས་ངོས་ནས་ར་ཤི་ཡ་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་ཉེས་ཆད་གཅོད་པར་དགག་བཞག་བྱེད་མཁན་ཞིག་ཀྱང་ཡིན། ཚོད་དཔག་དང་ཡིད་ཆེས་བྱེད་དཀའ་བའི་ཨ་རིའི་བྱེད་སྟངས་ཀྱི་དབང་གིས། མོས་ཧྥ་རན་སི་རྒྱལ་ཁབ་དེ་འཛམ་གླིང་སྤྱིའི་དམག་དོན་འགྲོ་གྲོན་གྱི་བརྒྱ་ཆ་ ༧༠་% ཟིན་པའི་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱས་ཏེ། སོ་སོའི་བདེ་འཇགས་གཞན་ལ་སྐྱབས་མ་བཅོལ་བར་རང་ངོས་ནས་སྲུང་སྐྱོབ་བྱེད་པའི་གྲ་སྒྲིག་བྱེད་ཀྱིན་ཡོད། ཧྥ་རན་སིའི་རྒྱལ་ཁོངས་སུ་སོ་སོའི་རྒྱལ་ཁབ་ནང་ལོགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། ཡུལ་མི་གནས་སྤོ། ཧྥ་རན་སི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བར་གྱི་མ་འོངས་པའི་འབྲེལ་བ་ཙམ་མ་གཏོགས། ལྕམ་མཱ་རུན་ལུ་པཎ་གྱི་གསར་བརྗེ་རང་བཞིན་ལྡན་པའི་ཧྥ་རན་སིའི་དམག་དོན་དང་བདེ་འཇགས་སྲིད་ཇུས་སོགས་ཀྱིས་ཡུ་རོབ་གླིང་གི་དམངས་གཙོའི་སྒྲོམ་གཞི་ཙམ་མ་ཡིན་པར། འཛམ་གླིང་གོ་ལ་ཧྲིལ་པོའི་དམག་དོན་དང་བདེ་འཇགས་ཀྱི་སྒྲིག་འཛུགས་ལ་ཤུགས་རྐྱེན་ག་འདྲ་ཐེབས་མིན་ཐད་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། དེ་བས་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིའི་ནང་གི་འཐབ་བྱུས་ཉམས་ཞིབ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཧེ་སི་བྷར་གི་(Heisbourg)ལགས་ཀྱིས་ནུབ་གླིང་ལ་ཆག་སྒོ་དང་ཉེན་ཁ་བྱུང་བ་ཡིན་ན། ཀླད་ཀོར་བསྡོམས་གྲངས་རྩེད་མོའི་གཞུང་ལུགས་ལྟར།(Zero sum game theory)དེའི་ཚོད་ཀྱི་པུ་ཊིན་ལ་ཁེ་བཟང་རག་གི་ཡོད་ལ། གོ་སྐབས་དེ་བཟུང་ནས་ཁོས་ནུབ་གླིང་ལ་ཡང་བསྐྱར་ཟིང་འཁྲུག་སློང་སྲིད་སྟབས། དེ་དུས་ཡུ་རོབ་ནང་དང་དེའི་ཉེ་འཁོར་དུ་དམག་འཁྲུག་ཡོང་བའི་ཉེན་ཁ་ཆེན་པོ་ཡོད་ཅེས་གསུངས་ཡོད།(16)
གལ་ཏེ་ལྕམ་མ་རུན་ལུ་པཎ་ཧྥ་རན་སིའི་སྲིད་འཛིན་ཆགས་ཏེ། མོས་མཐར་ལྷུང་གི་ལྟ་ཚུལ་དེ་དག་ལག་ལེན་བསྟར་བ་ཡིན་ན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དབུས་ཀྱི་ཀ་བ་གལ་ཆེ་ཤོས་དེ་གཏུབ་པ་དང་གཅིག་མཚུངས་ཡིན་པས། དེ་དུས་ཡུ་རོབ་གླིང་ཆེན་ཧྲིལ་པོའི་དཔལ་འབྱོར་དང་ཆབ་སྲིད། དམག་དོན་སོགས་ཕྱོགས་གང་ཅིའི་ཐད་ལ་འགས་འཐོར་ཆེན་པོ་ཞིག་འབྱུང་ངེས་ཡིན།
ལྕམ་མཱ་རུན་ལུ་པཎ་ལ་མཐའ་མའི་རྒྱལ་ཁ་འཐོབ་སྲིད་དམ།
སྤྱི་ཡོངས་ཀྱི་གནས་ཚུལ་ལ་གཞིགས་ནས་གླེང་ན། དུས་ད་ལྟའི་ཆར་ཧྥ་རན་སའི་མི་རིགས་དཀར་པོ་དང་ལྷག་པར་གཞོན་སྐྱེས་དེ་ཚོ། ཧྥ་རན་སིའི་ད་ལྟའི་གནས་བབ་ལ་འདོད་བློ་ཁྱོན་ནས་ཁེངས་ཀྱི་མེད་པས། ཁོང་ཚོས་མཐོང་འདོད་པ་ནི་ཆབ་སྲིད་ཀྱི་གསར་བརྗེ་ཐེངས་ཤིག་ཡིན་ལ། དེ་འདྲ་བའི་གསར་བརྗེ་སློང་གི་ཡིན་ཟེར་མཁན་དེ་མཱ་རུན་ལུ་པཎ་ཁོ་ན་ཡིན། ཧྥ་རན་སིའི་སྔོན་འགྲོའི་འོས་བསྡུ་ལ་གཞིར་བཞག་ན། འོས་མི་ཕན་ཚུན་གྱི་འོས་ཤོག་གི་ཐོབ་ཆའི་བར་ལ་ཧེ་བག་ཆེན་པོ་མེད། ཧྥ་རན་སིའི་རྒྱལ་ཡོངས་འཐབ་ཕྱོགས་ཆབ་སྲིད་ཚོགས་པའི་འོས་མི་མཱ་རུན་ལུ་པཎ་ལ་འོས་ཤོག་གི་བརྒྱ་ཆ་ ༢༠་% འཐོབ་ཡོད་ལ། འདི་ནི་ཧྥ་རན་སིའི་ལོ་རྒྱུས་ནང་མི་རིགས་དབྱེ་འབྱེད་བྱེད་མཁན་གྱི་ཚོགས་པ་ཞིག་ལ་འོས་གྲངས་དེ་འདྲ་མང་པོ་ཐོབ་པ་ཐེངས་དང་པོ་ཡིན།(17)
དེ་བཞིན་གཡོན་ཕྱོགས་ཀྱི་ཆད་ལྟ་འཛིན་མཁན་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་དགག་བཞག་བྱེད་མཁན་ཇཱོང་མཱེ་ལོང་ཞུང་(Jean-Luc Mélenchon)་ལགས་མཐའ་མའི་སྲིད་འཛིན་འོས་མིའི་ཁོངས་སུ་སླེབས་མེད་ཀྱང་། འོས་གྲངས་བརྒྱ་ ༢༠ མ་ཟིན་ཙམ་ཞིག་འཐོབ་ཡོད་སྟབས། ཁོང་གཉིས་ཀྱི་འོས་ཐོབ་ཕྱོགས་གཅིག་ཏུ་བསྡོམས་ན་སྤྱིའི་འོས་གྲངས་ཀྱི་བརྒྱ་ཆ་ ༤༠% བརྒལ་གྱི་ཡོད། དེ་ཡང་ཕེའོ་ཉམས་ཞིབ་(Pew survey)ཀྱི་གྲུབ་འབྲས་ལ་གཞིགས་ན། ཧྥ་རན་སིའི་མི་སེར་བརྒྱ་ཆ་ ༣༠% ཙམ་གྱི་མ་གཏོགས་ (༦༠%་ངོ་རྒོལ་)ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པས། (18)མཐའ་མའི་འོས་བསྡུའི་སྐབས་ཆད་ལྟ་འཛིན་མཁན་གྱི་གཡོན་ཕྱོགས་དང་གཡས་ཕྱོགས་གཉིས་ཀྱིས་འོས་ཤོག་ཚང་མ་ཕྱོགས་གཅིག་ཏུ་འདུ་མིན་དེ་ནི་གནད་འགག་ཧ་ཅང་ཆེ་བའི་དྲི་བ་ཞིག་ཡིན།
གནད་དོན་གཞན་པ་ཞིག་ནི། ཧྥ་རན་སིའི་ལུང་པའི་ནང་ད་དུང་ཡང་ ༢༠༠༨ དཔལ་འབྱོར་གོད་ཆག་གི་ཤུགས་རྐྱེན་སྔར་བཞིན་གནས་ཡོད་ལ། ལུང་པའི་ནང་ལས་མེད་ཀྱི་བརྒྱ་ཆ་ ༡༠% ལས་བརྒལ་འགྲོ་བཞིན་ཡོད། དེའི་ཐོག་ཏུ་ཕྱི་མི་གནས་སྤོ་མང་དྲགས་ཏེ་ཧྥ་རན་སིའི་རིག་གཞུང་དང་། ཆོས་ལུགས་སོགས་ལ་ཉེན་ཁ་བསླེབས་ཚར་བའི་ཚོར་སྣང་ཡུལ་མི་ཚོའི་སེམས་ལ་ཤུགས་ཆེན་པོ་ཡོད། ད་དུང་དེ་ལས་གལ་ཆེ་བ་ནི་ཕྱི་ལོ་ ༢༠༡༥ ནས་བཟུང་ཁ་ཆེའི་འཇིགས་སྐུལ་བའི་གཏོར་རྒོལ་གྱིས་ཧྥ་རན་སིའི་ནང་མི་དམངས་ ༢༣༠ ལྷག་རྐྱེན་འདས་སུ་བཏང་ཡོད། (19)དེ་བས་མི་མང་པོའི་སེམས་ལ་ད་ལྟའི་སྲིད་གཞུང་གིས་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའི་ཚོར་བ་དང་། ཞེ་སྡང་ཤུགས་ཆེན་པོ་ཡོད་ལ། ཁོང་ཚོས་མགོ་ཁྲིད་གསར་བ་སྟོབས་ཆེན་ཞིག་ཡོང་ནས་དཀའ་ངལ་དེ་དག་སེལ་བར་རེ་ལྟོས་བྱེད་ཀྱིན་ཡོད།
དེ་ཡང་ཧེ་བྷི་རོ་གཙུག་ལག་སློབ་གྲྭ་ཆེན་མོ་(༢༠༠༨)(Hebrew University)དང་མ་རེ་ལན་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་(University of Maryland)(༢༠༡༥)གཉིས་ཀྱིས་རྣམ་གྲངས་རིག་པའི་ཉམས་ཞིབ་ཀྱིས་ལུང་པ་གང་ཞིག་གི་ནང་དུ། འོས་བསྡུའི་སྔོན་དུ་འཇིགས་སྐུལ་བའི་གཏོར་བཅོམ་བྱུང་ཚེ། ལུང་པ་དེའི་ནང་གི་མི་སེར་ཚོའི་འོས་ཤོག་གཡས་ཕྱོགས་ཆད་ལྟ་འཛིན་མཁན་གྱི་འོས་མིར་ཁ་ཕྱོགས་འགྲོ་གི་ཡོད་པ་ཤེས་རྟོགས་བྱུང་ལ།(20)
འདི་ལོའི་ཧྥ་རན་སིའི་སྔོན་འགྲོའི་འོས་བསྡུའི་ཉིན་གསུམ་གྱི་སྔོན་དུ། རྒྱལ་ས་ཕེ་རེ་སིའི་ནང་དུ་འཇིགས་སྐུལ་དྲག་སྤྱོད་པས་ཉེན་རྟོག་པ་གཅིག་ལ་མེ་མདའ་བརྒྱབ་ནས་བསད་པ་དང་། ཡང་ཉེན་རྟོག་པ་གཞན་པ་ཞིག་ལ་རྨས་སྐྱོན་བཏང་ཡོད་པས། སྤྱིར་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ ༢༠༡༦ ལོར་གསར་འཛུགས་གནང་བའི་ཧྥ་རན་སིའི་མདུན་བསྐྱོད་ཆབ་སྲིད་ཚོགས་པའི་(En Marche!)་སྣེ་ཁྲིད་ཨམ་མ་ནོལ་མཱ་ཁི་རོན་(Emmanuel Macron)རྒྱལ་ཁ་འཐོབ་ཡོད་ཀྱང་། ཁོང་དང་མཱ་རུན་ལུ་པཎ(Marine Le Pen)གཉིས་ཀྱི་འོས་གྲངས་ལ་དེ་ཙམ་ཁྱད་པར་ཆེན་པོ་མེད་སྟབས། དྲག་སྤྱོད་ཀྱི་གནས་ཚུལ་དེ་མཱ་རུན་ལུ་པཎ་ལ་མཐའ་མའི་རྒྱལ་ཁ་འཐོབ་པར་རམ་འདེགས་བྱེད་པའི་རྒྱུ་རྐྱེན་དུ་འགྱུར་ངེས། གང་ཡིན་ཞེ་ན། མཱ་ཁི་རོན་ནི་གུ་ཡངས་སྤྱི་ཚོགས་དང་། རྒྱལ་སྤྱི་རིང་ལུགས། རྒྱལ་མཚམས་མེད་པའི་ད་ལྟའི་ཡུ་རོབ་སྒྲིག་འཛུགས་སོགས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན།
(ཧྥ་རན་སིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དཔེ་རིས།)
མཇུག་སྡོམ། ལོ་རྒྱུས་རྫོགས་མཚམས་ཀྱི་རྫོགས་མཚམས་ལ་སླེབས་པ་ཡིན་ནམ།(The End of “The End of History?”)
ཕྱི་ལོ་ ༡༩༧༤ ལོའི་ཕོར་ཅོ་ཀིལ་(Portugal)ནས་མགོ་བཙུགས་ནས་ཡུ་རོབ་དང་། ལྷོ་ཨ་མེ་རི་ཁ། ཨེ་ཤ་ཡ། ཨ་ཧྥི་རི་ཁ་གླིང་ཆེན་ཁག་ནང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དམངས་གཙོའི་ལམ་ཁར་ཕྱོགས་པ་དང་། དེ་ནས་སུའུ་ལེན་མནའ་མཐུན་རྒྱལ་ཁབ་ཁ་འཐོར་རྗེས། ཡུ་རོབ་ཤར་གྱི་ལུང་པ་མང་པོ་ཞིག་ནུབ་གླིང་གི་དམག་དོན་དང་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་དུ་འཛུལ་ཏེ་དམངས་གཙོའི་ལམ་ལུགས་ཁྱབ་རྡལ་ཕྱིན་པ་དེ་ལ་ཆབ་སྲིད་ཚན་རིག་པ་གྲགས་ཅན་སད་མིལ་ཧན་ཁྲིན་ཁྲོན་(Samuel Huntington)གྱིས་དམངས་གཙོའི་འགྱུར་འགྲོས་ཀྱི་རྦ་རླབས་གསུམ་པར་(Democracy’s Third Wave)ངོས་འཛིན་གནང་ཡོད་ལ། ཨ་རིའི་ནང་གི་རང་དབང་ཁང་པ་(Freedom House)དང་དཔལ་འབྱོར་རིག་སྟོབས་ཚན་པ།(Economic Intelligence Unit)སི་ཀྲན་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་(Standford University)སློབ་དཔོན་དང་ཆབ་སྲིད་ཚན་རིག་གྲགས་ཅན་ལའེ་རེ་སྒྲའད་མོང་ཌི་(Larry Diamond)བཅས་ཀྱི་གཞི་གྲངས་ཉམས་ཞིབ་ཀྱི་འབྲས་བུ་གཞིར་བཞག་ན། དམངས་གཙོའི་འགྱུར་འགྲོས་ཀྱི་རྦ་རླབས་གསུམ་པའི་ནང་འཛམ་གླིང་གི་རྒྱལ་ཁབ་ ༨༠ ལྷག་གིས་རང་དབང་དང་འགྲན་རྩོད་རང་བཞིན་གྱི་འོས་བསྡུ་བྱས་ཏེ་དམངས་གཙོའི་ལམ་ཁར་བསྐྱོད་ཡོད།
འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཀྱི་གྲངས་འབོར་མགྱོགས་པོར་ཡར་འཕར་ཡོད་པ་དེ་སྤྱིའི་ཆ་ནས་བཟང་ཕྱོགས་ཀྱི་འགྱུར་བ་གལ་ཆེན་ཞིག་ཡིན། གང་ཡིན་ཞེ་ན། འཇར་མན་གྱི་སྐྱོན་ཡོན་རྣམ་འབྱེད་ཀྱི་ལྟ་བ་སྨྲ་བ་པོ་ཨམ་མ་ནོལ་ཁན་ཁྲི་(Immanuel Kant)དང་ཧྥ་རན་སིའི་སྤྱི་ཚོགས་ཚན་རིག་པ་ཨེ་ལེ་ཟི་རྡི་ཀྲོ་ཁི་བེལ་(Alexis de Tocqueville) ནས་མར་བརྩིས་པའི་ཆབ་སྲིད་ཚན་རིག་པ་མང་དག་ཅིག་གིས་དམངས་གཙོའི་ཞི་བདེའི་གཞུང་ལུགས་སམ་(Democratic peace theory) ཐུན་མོང་དམངས་གཙོའི་ཞི་མཐུན་རིང་ལུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ། གཞུང་ལུགས་དེས་མདོར་དེད་ནས་གླེང་ན། དམངས་གཙོའི་ཁྲིམས་དང་སྒྲིག་གཞི། འགན་འཁྲི་སོགས་ཀྱི་དབང་གིས་དམངས་གཙོའི་ལུང་པ་ཕན་ཚུན་བར་དམག་འཁྲུག་མི་རྒྱག་པའམ། དམག་འཁྲུག་རྒྱག་པའི་ཉེན་ཁ་ཧ་ཅང་ཆུང་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ལྟར། དུས་རབས་ཉི་ཤུ་པའི་ནང་གི་དམར་ཤོག་རང་ལུགས་དང་། ཧྥ་ཤི་སི་རིང་ལུགས་སོགས་ཀྱི་མཚོན་པའི་ལྟ་གྲུབ་དེ་དག དམངས་གཙོའི་ལམ་ལུགས་ཀྱི་རྒྱལ་སྲིད་སྐྱོང་སྟངས་ལ་དོ་ཡ་མ་ཡོང་བར་གཅིག་རྗེས་གཉིས་མཐུད་དུ་དུས་ཀྱི་བྱེ་མའི་ཀློང་དུ་འཐིམས་པས། ད་ལྟའི་དུས་ཀྱི་ཆབ་སྲིད་ཚན་རིག་པ་གྲགས་ཅན་་ཧྥུ་གོ་ཡཱ་མ་(Francis Fukuyama)ལགས་ཀྱིས་ལོ་རྒྱུས་ཀྱི་རྫོགས་མཚམས་(The End of History)ཞེས་པའི་གཞུང་ལུགས་རང་བཞིན་གྱི་དཔྱད་རྩོམ་མམ་དཔེ་དེབ་དེ་འདོན་སྤེལ་གནང་ནས་འཛམ་གླིང་ཡོངས་ལ་སྐད་གྲགས་རྒྱས། གཞུང་ལུགས་དེས་འཛམ་གླིང་གི་ཆོས་ལུགས་དང་རིགས་རུས། སྐད་ཡིག དཔལ་ཡོན་འདྲ་མིན་གྱི་མི་རིགས་དང་རྒྱལ་ཁབ་གང་ཡིན་རུང་། མཐའ་མའི་སླེབས་ས་དེ་དམངས་གཙོའི་ལམ་ལུགས་ཀྱི་ལམ་ཁ་ཁོ་ན་ཡིན་ཞེས་སྡོམ་ཚིག་བཞག་ཡོད།
ཡིན་ཡང་། རང་དབང་ཁང་པ་(Freedom House)གཙོའི་དམངས་གཙོའི་འགྱུར་འགྲོས་ཉམས་ཞིབ་བྱེད་མཁན་དག་གི་ཉམས་ཞིབ་འབྲས་བུ་ལྟར་ན། ༢༠༠༥ ལོ་ནས་དམངས་གཙོའི་ཕྱི་ནུར་(Democratic Recession)དང་དེ་ནས་རིམ་བཞིན་ཉམས་རྒུད་དུ་(Democratic Decline)འགྲོ་མགོ་ཚུགས་ཡོད་ལ། (21) དམངས་གཙོ་སྲ་བརྟན་ཆགས་ཟིན་པའི་ལུང་པ་(Consolidated Democracies)ཁག་དང་། དེ་སྔོན་དམར་ཤོག་རིང་ལུགས་ནས་དམངས་གཙོ་ལམ་ལུགས་ལ་བསྐྱོད་ཟིན་པའི་ལུང་པ་(Young Democracies)དེ་དག་གི་ནང་དུ་ངོ་གདོང་གི་དམངས་གཙོ་ཡོད་རུང་། ཁྲིམས་ཀྱི་དབང་སྒྱུར་དང་། དམངས་གཙོའི་རིན་ཐང་ཁག་རྡོག་རྫིས་བཏང་དང་གཏོང་མུས་ཡིན་ལ། གུ་དོག་དམངས་གཙོ་(Illiberal Democracy)ཟེར་བའི་དམངས་གཙོའི་ལམ་ལུགས་ཀྱི་མ་དཔེ་གསར་བ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད། སྣང་ཚུལ་དེར་ཆབ་སྲིད་ཚན་རིག་པ་ཚོས་དམངས་གཙོ་ཁོག་སྟོང་(The Hollow Democracy)ཞེས་འབོད་ཀྱི་ཡོད།
གནད་དོན་གྱི་གནད་དོན་དེ་ནི། གུ་དོག་པའི་དམངས་གཙོའི་ལྟ་བ་ལ་འཐམ་མཁན་གྱི་འཛམ་གླིང་གི་དབུ་ཁྲིད་ཚོས། སྲིད་དབང་སྒེར་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་མགོ་ཁྲིད་ལ་ཐག་ཉེ་བོ་དང་དགའ་མོས་བྱེད་ཀྱི་ཡོད་པ་དེ་རེད། དཔེར་ན། ཧྥ་རན་སི་དམངས་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་མི་མ་རུན་ལུ་པཎ་ཀྱིས་ར་ཤི་ཡ་དང་མཉམ་འབྲེལ་བྱས་ཏེ། གོ་ལ་གཅིག་གྱུར་དང་ཁ་ཆེའི་འཇིགས་སྐུལ་རིང་ལུགས་གཉིས་ལ་གདོང་ལེན་བྱས་ནས་འཛམ་གླིང་སྲུང་སྐྱོབ་བྱེད་པར་རེ་ལྟོས་བྱེད་ཀྱི་ཡོད་པ་ལྟ་བུ་རེད། དོན་དངོས་ཐོག ར་ཤི་ཡའི་སཱེ་རེ་ཡ་(Syria)དང་དཀྱིལ་ཤར་(Middle East)ནང་གི་དམག་འཁྲུག་དེ་ནི། ཁ་ཆེ་དྲག་སྤྱོད་པ་རྩ་མེད་གཏོང་བར་དམིགས་པ་ཡིན་ནམ། ཡང་ན་ཁ་ཆེ་ཡུ་རོབ་ནང་དུ་འདེད་པའི་ཆབ་སྲིད་ཀྱི་འཐབ་བྱུས་ཆེན་པོ་ཞིག་ཡིན་སུས་ཀྱང་བཤད་ཚོད་དཀའ་བ་ཞིག་རེད། ཁ་ཆེའི་ལུང་པའི་ནང་ཅི་ཙམ་གྱིས་དམག་འཁྲུག་མང་བ་བསླངས་ན། དེའི་ཚོད་ཀྱིས་ཡུ་རོབ་ཁུལ་དུ་ཁ་ཆེའི་སྐྱབས་བཅོལ་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད། དེ་བས་ར་ཤི་ཡའི་དམག་འཁྲུག་དེ་ལྷག་བསམ་རྣམ་དག་ཡིན་མིན་གྱི་དོགས་པ་བྱེད་མཁན་ཡོད་ལ། ཡུ་རོབ་ཁུལ་དུ་ལོ་རེར་ཁ་ཆེའི་སྐྱབས་བཅོལ་བ་ས་ཡ་ ༡.༢ ཙམ་འབྱོར་གྱི་ཡོད་པ་(21)དེ་དག་གི་ཁྲོད་དུ་འཇིགས་སྐུལ་དྲག་སྤྱོད་པ་བསྐུངས་མེད་པའི་ཁ་ཚོན་སུས་ཀྱང་གཅོད་མི་ནུས།
དེ་བས། ཧང་གྷ་རི་སྲིད་བློན་བེ་ཁི་ཁྲོར་ཨོར་བྷན་(Victor Orban)གྱིས་ཆོས་ལུགས་ཀྱི་དམག་མི་བསྐུངས་པའི་ཁ་ཆེའི་འཇིགས་སྐུལ་བའི་ཤིང་རྟ་(Trojan Horse of Terrorism)དེས་ཡུ་རོབ་རྩ་མེད་གཏོང་སྲིད་ཟེར་བའི་སྐད་ཆ་དེ་ལའང་གཞི་རྩ་མེད་པ་ཞིག་གཏན་ནས་མིན། (22)ཡུ་རོབ་ཁུལ་གྱི་ཁ་ཆེ་གྲངས་འབོར་མགྱོགས་པོར་འཕེལ་ཡོང་བ་དང་། འཇིགས་སྐུལ་བའི་གཏོར་རྒོལ་གྱི་དོན་རྐྱེན་ཡུ་རོབ་གང་སར་བྱུང་བ་དང་བསྟུན་ཏེ། ཡུ་རོབ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཚང་མར་གཅིག་མཚུངས་ཀྱི་ཞེད་སྣང་ཡོད་ལ། ཧོ་ལན་ཌི་(Netherlands)ནང་གི་(Party for Freedom)ཚོགས་པ་དང་། ཧང་གྷ་རི་(Hungary)ནང་གི་ (Fidesz)ཆབ་སྲིད་ཚོགས་པ། ཨི་ཊ་ལི་(Italy)ནང་གི་(Five Star movement)ཆབ་སྲིད་ཚོགས་པ། ཧྥ་རན་སི་(France)ནང་གི་(Front national)ཆབ་སྲིད་ཚོགས་པ། འཇར་མན་(Germany)ནང་གི་ (Alternative für Deutschland)ཆབ་སྲིད་ཚོགས་པ་སོགས་གཡས་ཕྱོགས་ཆད་ལྟ་འཛིན་མཁན་གྱི་ཚོགས་པ་འདི་དག་རེ་རེ་བཞིན་འབུར་དུ་ཐོན་ཡོང་གི་ཡོད་ལ། ཆབ་སྲིད་ཚོགས་པ་འདི་དག་ཚང་མས་སོ་སོའི་རྒྱལ་ཁབ་དེ་ཡུ་རོབ་སྒྲིག་ཁོངས་ནས་ཕྱིར་ཐོན་དེ་རང་རང་གི་སྔར་གྱི་ས་མཚམས་སླར་གསོ་དང་། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ལྟར་ཁ་ཆེའི་ཕྱི་མི་གནས་སྤོ་བཀག་སྡོམ་བྱེད་པའི་སྲིད་ཇུས་རྒྱབ་སྐྱོར་བྱེད་བཞིན་ཡོད།
(ཆད་ལྟ་འཛིན་མཁན་གྱི་དབུ་ཁྲིད་ཁག་ཅིག)
མདོར་ན། སེ་རེ་ཡའི་(Syria)ནང་གི་དམག་འཁྲུག་དང་། ཕོན་ཆེ་བའི་ཁ་ཆེའི་སྐྱབས་བཅོལ་བའི་དབང་གིས་ད་ལྟ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནང་ཁུལ་གྱི་རྒྱལ་ཁབ་ཕན་ཚུན་བར་འགལ་ཟླ་ཆེ་རུ་འགྲོ་བཞིན་ཡོད་ལ། ༢༠༡༦ ལོར་སྤྱི་དམངས་རིང་ལུགས་པའི་མགོ་ཁྲིད་ནེ་ཇིལ་ཧྥ་ར་ཇི་(Nigel Farage)ཡི་སྣེ་ཁྲིད་འོག དབྱིན་ཇི་ལུང་པ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁོངས་ནས་ཕྱིར་བུད་པ་རེད་ལ། ཧྥ་རན་སི་གཙོ་བྱས་པའི་ལུང་པ་མང་པོ་ཡང་དབྱིན་ཇི་ལུང་པའི་རྗེས་བསྙེགས་ནས་རང་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་བཟུང་ཚེ། ཡུ་རོབ་མཉམ་འབྲེལ་ཁ་འཐོར་དུ་འགྲོ་བ་ཉག་ཅིག་ཡིན། གལ་ཏེ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྒྲིག་འཛུགས་གལ་ཆེན་དེ་ཁ་འཐོར་དུ་ཕྱིན་ཚེ། ར་ཤི་ཡའི་སྲིད་འཛིན་པུ་ཊིན་གྱིས་ནུབ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་ལ་སྟངས་འཛིན་བྱས་ཚར་བ་དང་གཅིག་མཚུངས་ཡིན་ལ། དུས་དེ་ནས་བཟུང་ཁོས་ལོ་རྒྱུས་ཐོག་གི་ར་ཤི་ཡའི་རྒྱལ་ཁམས་ཀྱི་མངའ་ཁོངས་ཡིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱས་ཀྱང་། ཁོང་ལ་ཡ་ལན་སྤྲོད་ཐུབ་མཁན་གྱི་དོ་ཟླ་གང་ཡང་མེད། གང་ཡིན་ཞེ་ན། ཨ་རིའི་སྲིད་འཛིན་ཐེ་བའི་ནུབ་གླིང་གི་མི་རིགས་རིང་ལུགས་དང་སྤྱི་དམངས་རིང་ལུགས་ཀྱི་མགོ་ཁྲོད་མང་ཆེ་བ་པུ་ཊིན་ལ་དགའ་མོས་བྱེད་མཁན་ཤ་སྟག་ཡིན། འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་སྒྲིག་འཛུགས་ཁག་འཐོར་ཉིན་ནས། ཨ་རིའི་ཕོ་བྲང་དཀར་པོའི་ལས་གཞི་འཆར་འགོད་པ་གཙོ་བོ་སི་ཀྲི་ཧྥུ་་བྷན་ནིན་(Steve Bannon)གྱིས་སྲིད་པ་ལོ་རྒྱུས་འཁོར་ལོའི་གཞུང་ལུགས་( Theory of 80 Years’ Cycle of Human History )ཀྱི་ཚོད་དཔག་ལྟར། འཛམ་གླིང་གི་དམག་འཁྲུག་ཐེངས་ཤིག་ཡང་བསྐྱར་ཡུ་རོབ་མངའ་ཁོངས་སུ་འབྱུང་ངེས།
ཟུར་མཆན།
- Shaun Walker, and Kim Willsher. 2017. “Putin Tells Le Pen Russia Has No Plans To Meddle In French Election”. The Guardian. https://www.theguardian.com/world/2017/mar/24/vladimir-putin-hosts-marine-le-pen-in-moscow.
- Fareed Zakaria, 2017. “CNN Special Report, Fareed Zakaria, The Most Powerful Man In The World, Vladimir Putin”. Youtube. https://youtu.be/052NHa39opk.
- Adam Nossiter, 2017. “Marine Le Pen Of France Meets With Vladimir Putin In Moscow”. Com. https://www.nytimes.com/2017/03/24/world/europe/marine-le-pen-of-france-meets-with-putin-in-moscow.html.
- “Putin Wants Geographically And Mentally, To Restore The Tsarist Empire – Kravchuk | World.24-My.Info”. 2017. 24-My.Info. http://world.24-my.info/putin-wants-geographically-and-mentally-to-restore-the-tsarist-empire-kravchuk/.
- Gustav Gressele, 2015. “In The Shadow Of Ukraine: Seven Years On From Russian-Georgian War”. ECFR. http://www.ecfr.eu/article/commentary_in_the_shadow_of_ukraine_seven_years_on_from_russian_3086.
- “Hungary’s Central European University Fights To Stay…”. 2017. Youtube. https://www.youtube.com/watch?v=jGQmAOxmgz4; Farah Salhi,”Budapest University Head Seeks EU Help Against Closure Threat”. 2017. Reuters. http://www.reuters.com/article/us-hungary-soros-university-idUSKBN17R2CX.
- “George Soros, 2016. | Open Society Needs Defending”. Com. https://www.georgesoros.com/essays/open-society-needs-defending/.
- Rosalind Helderman, 2016. “Here’S What We Know About Donald Trump And His Ties To Russia”. Washington Post. https://www.washingtonpost.com/politics/heres-what-we-know-about-donald-trump-and-his-ties-to-russia/2016/07/29/1268b5ec-54e7-11e6-88eb-7dda4e2f2aec_story.html?utm_term=.01263350d11d.
- Sam Frizell, “Clinton Adviser Suggests Trump Campaign Knew About Hacks”. Time.Com. http://time.com/4528049/hillary-clinton-john-podesta-emails-hackers-russia/.
- Adam Entous and Ellen Nakashima. 2017. “Flynn Offers To Cooperate With Congressional Probe In Exchange For Immunity”. Washington Post. https://www.washingtonpost.com/world/national-security/flynn-offers-to-cooperate-with-congressional-probe-in-exchange-for-immunity/2017/03/30/bfd48584-159f-11e7-ada0-1489b735b3a3_story.html?hpid=hp_hp-top-table-main_flynn830p%3Ahomepage%2Fstory&utm_term=.83b4da215f24.
- Simon Shuster. 2017. “Donald Trump’s Demands On NATO Defense Spending Are Driving A Wedge Into Europe”. Com. http://time.com/4676097/donald-trump-nato-spending-germany-merkel/.
- Ivo Oliveira, 2016. “National Front Seeks Russian Cash For Election Fight”. POLITICO. http://www.politico.eu/article/le-pen-russia-crimea-putin-money-bank-national-front-seeks-russian-cash-for-election-fight/.
- Applebaum, Anne. 2017. “Opinion | Every Day A New Russian Revelation. That’S Not As Bizarre As It Sounds.”. Washington Post. https://www.washingtonpost.com/opinions/global-opinions/every-day-a-new-russian-revelation-thats-not-as-bizarre-as-it-sounds/2017/03/31/93f787dc-161b-11e7-9e4f-09aa75d3ec57_story.html?utm_term=.c8e361909b67; “Emmanuel Macron In Russian Media | EU Vs Disinformation”. 2017. Eu. https://euvsdisinfo.eu/emmanuel-macron-in-russian-media/.
- Javier David, 2017. “UK’s Departure Makes EU Disintegration ‘Practically Irreversible’: Soros”. CNBC. http://www.cnbc.com/2016/06/25/brexit-makes-eus-dissolution-practically-inevitable-george-soros.html.
- Peter Goodman, 2017. “French Markets Surge As Euro Withstands Attack From The Right”. Com. https://www.nytimes.com/2017/04/24/business/euro-france-election-le-pen-macron.html?smid=fb-nytimes&smtyp=cur.
- Griff Witte, 2017. “French Election Could Bring A Jolt To Western Security, No Matter Who Wins”. Washington Post. https://www.washingtonpost.com/world/europe/french-election-could-bring-a-jolt-to-western-security-no-matter-who-wins/2017/04/21/b41b8b62-238b-11e7-928e-3624539060e8_story.html?tid=sm_fb&utm_term=.6cfe9c09be71.
- Roger Cohen, 2017. “Opinion | Work, Mr. Macron, Work”. Com. https://www.nytimes.com/2017/04/24/opinion/work-mr-macron-work.html?smid=fb-nytimes&smtyp=cur&_r=0.
- Alina Mungiu-Pippidi, 2017. “Between Turkey And France: Europe’S Fateful Week”. Hertie School Of Governance. https://www.hertie-school.org/en/debate/detail/content/between-turkey-and-france-europes-fateful-week/.
- Adam Taylor,2017. “Analysis | What You Need To Know About The French Presidential Election”. Washington Post. https://www.washingtonpost.com/news/worldviews/wp/2017/04/20/a-guide-to-the-french-elections/?utm_term=.8e446385ac55.
- Max Fisher, 2017. “How Terrorism Can Alter Elections”. Com. https://www.nytimes.com/2017/04/22/world/europe/how-terrorism-can-alter-elections.html.
- Phillip Connor. 2017. “European Asylum Applications Remained Near Record Levels In 2016”. Pew Research Center. http://www.pewresearch.org/fact-tank/2017/03/15/european-asylum-applications-remained-near-record-levels-in-2016/.
- “Hungary’s Leader Calls Migration ‘Trojan Horse’ Of Terrorism”. 2017. VOA. http://www.voanews.com/a/hungary-migrants-terrorism/3752755.html.
བཀྲ་ཤིས་ལགས་ཀྱི་རྩོམ་ཡིག་གི་སྒྲོམ་གཞི་ཧ་ཅང་སྣང་བར་སོང་།
རིན་ཆེན་དོན་འགྲུབ་ལགས། དྲི་བ་དང་པོ་དེ་ཚོད་དཔག་རང་བཞིན་གྱིས་བལྟས་ན། པུ་ཊེན་བོད་དོན་ལ་དགའ་དགའ་རྒྱུ་མ་རེད་སྙམ། ཁོ་རྒྱ་ནག་ལ་མཐུན་ཕྱོགས་ཡིན་པའི་རྒྱུ་མཚན་གྱིས་རེད་སྙམ། ༢༽ ཧྥ་རན་སིའི་སྲིད་འཛིན་འོས་མི་གཉིས་ལས་བོད་དོན་ཐོག་མར་ཁང་གིས་ཕན་མ་ཐོགས་ནའང་གནོད་བྱེད་རྒྱུ་མ་རེད་སྙམ། མ་རེ་ལི་པང་ཡིན་ན་བོད་ཙམ་མིན་པར་སྐྱབས་བཅོལ་བ་སྤྱིའི་ཐོག་མི་དགའ་མཁན་ཞིག་རེད། དེས་བོད་པ་ལ་གནོད་མ་བྱས་རུང་ཕན་མི་འདོགས་པ་ཟུར་བལྟས་ལེབ་མཐོང་རེད།
༣༽ ཅུང་བམ་དཀའ་མོ་རེད་སྙམ།
༤༽ གོང་གི་ཨང་གཉིས་པ་དེ་ལས་ཤེས།
༥ ༽ རྒྱལ་སྤྱིའི་ཐོག་མི་རིགས་རིང་ལུགས་ཀྱི་འགྱུར་འགྲོས་ཀྱིས་བོད་དོན་ཐོག་གནོད་སྲིད་པ་ཞིག་རེད་སྙམ། ཁ་རྒྱ་ནག་ལ་གཏད་ནས་བལྟས་ན་དེ་འདྲ་འཆར།
༦༽ པ་འདི་ལ་དེ་ཙམ་ལན་འདེབས་མི་ཤེས།
༧༽ ཡོ་རོམ་མཉམ་འབྲེལ་འཐོར་ན་རྒྱ་ནག་དང་ཨ་རིའི་དོན་འགྲུབ་པ་རེད། ཁོ་ཚོའི་ཁ་གཏད་དུ་རང་བཞིན་གྱིས་ཡོད་པའི་སྟོབས་ཆེན་རྒྱབ་དེ་འཐོར་ན་ཁོ་གཉོས་དགའ་བོ་འབྱུང་ངེས་རེད། དེ་བཞིན་ཡོ་རོབ་ནང་ཁུལ་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོང་རྒྱུ་ཉག་གཅིག་རེད། ལྷག་པར་དུ་ད་རེས་ཀྱི་ཧྥ་རན་སིའི་འོས་བསྡུ་དེ་མང་པོ་ཞིག་ལ་འབྲེལ་བསྡད་ཡོད་པ་རེད། དེས་བུད་མེད་རྒན་མོ་འདི་ལ་ཐོབ་སོང་ན་ཉེན་ཁ་མང་པོ་ཞིག་རང་བཞོན་གྱིས་འབྱུང་སྲིད་པ་རེད། དེ་ལ་བརྟེན་ནས་ཕྱིའི་མི་མང་པོར་དཀའ་འཕྲད་པ་ཡིན་ན། ཁ་ཆེའི་མི་རིགས་དང་ཆོས་ལུགས་ལ་ཞེན་པའི་མི་ངན་མང་པོས་གོ་སྐབས་བཟུང་ནས་སྙོག་འཛིང་ཇེ་ཆེར་གཏོང་རྒྱུ་རེད། དེས་ད་རེས་ཀྱི་འོས་བསྡུ་འདི་ཧ་ཅང་ཉེན་ཁའི་འགག་མཚམས་ན་ཡོད།
རྩོམ་ཡིག་འདི་མར་ཀློག་ཡོང་སྐབས་དྲི་བ་དང་དོགས་པ་མང་པོ་ཞིག་རང་བཞིན་གྱིས་སླེབས་སོང་།
1.) ཨུ་རུ་སུའི་སྲིད་འཛིན་པུ་ཊིན་བོད་དོན་ཐོག་ལྟ་སྟངས་ག་འདྲ་ཡོད་རེད།
2.) ད་རེས་ཧྥ་རན་སིའི་སྲིད་འཛིན་འོས་མི་གཉིས་བོད་དོན་ཐོག་ལྟ་སྟངས་སུ་ཞིག་ཡག་པ་ཡོད།
3.) དེང་སྐབས་ཨུ་རུ་སུའི་ནང་གཞུང་དང་པུ་ཊིན་ལ་ངོ་རྒོལ་ཤུགས་ཆེན་པོ་ཡོང་བཞིན་ཡོད་པས་པུ་ཊིན་གྱིས་ཡོ་རོབ་དང་ཨ་རི་སོགས་ལ་དབང་སྒྱུར་འདོད་ཀྱི་ཧམ་སེམས་དེ་རྒྱལ་ཁའི་ཕྱོགས་སུ་སྐྱོད་བཞིན་ཡོད་སྟབས་ཕམ་ཉེས་འབྱུང་བཞིན་ཡོད།
4.) ཧྥ་རན་སིའི་ནང་གི་བོད་པ་སྐྱབས་བཅོལ་བ་ཚོའི་ཐོག་ཏུ་ཐེངས་འདིའི་ཧྥ་རན་སིའི་སྲིད་འཛིན་འོས་མི་གཉིས་ལས་སུ་ལ་རྒྱལ་ཁ་ཐོབ་ན་ཕན་ཐོགས་ཡོད།
5.) དེང་སྐབས་རྒྱལ་སྤྱིའི་ཁ་ཕྱོགས་དེ་རྒྱལ་ཞེན་དང་མི་རིགས་ཀྱི་རིགས་ཞེན་བཅས་ཀྱི་ལམ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བ་འགྲོ་བཞིན་ཡོད་པ་དེས་བོད་དོན་ལ་ཕན་དང་གནོད་གང་འདྲ་བྱུང་སྲིད་དམ།
6.) གལ་སྲིད་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་དང་། ད་རེས་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་ནང་ཐེ་ཇུས་བྱས་ཡོད་ཚེ། དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ནག་ཉེས་ག་འདྲར་ངོས་འཛིན་བྱ་དགོས་པ་དང་། བདེན་དཔང་ཁུངས་སྐྱེལ་ཡོད་ན་རྒྱལ་སྤྱིའི་ཁྲིམས་ཐོག་ལ་གཏུགས་བཤེར་མི་བྱེད་དོན་ཅི་ཡིན།
7.) གལ་སྲིད་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཐོར་ཞིག་ཏུ་ཕྱིན་ན་འཛམ་གླིང་རང་བཞིན་དང་རྒྱལ་སྤྱིའི་སྤྱི་ཚོགས་རང་བཞིན་གྱི་ཐོག་ནས་ཁེ་གྱོང་གང་ལ་ངོས་འཛིན་དགོས་པ་དང་། དེའི་རྒྱུ་མཚན་གང་ཡིན།
ད་རེས་སྲིད་འཛིན་དེ་ལྕམ་སྐུ་ཁོ་མོ་ལ་འཐོབ་པ་ཡིན་ན་འཛམ་གླིང་གི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཏེ་ཨ་རིའི་སྲིད་འཛིན་ཌོན་ནིལ་ཁྲིམ་དང་ཁོ་རང་ཚོས་འཛམ་བུ་གླིང་འདི་དཀའ་རྙོག་དང་འཐེན་འཁྱེར་གྱི་མུན་ནག་ཅིག་གི་ནང་འཁྲིད་རྒྱུ་ཡིན་པ་སྙོན་མེད་རེད།