རྒྱ་ནག་རྒྱལ་ཡོངས་ཀྱི་དངུལ་ཁང་ལས་རིགས་ལྟ་ཞིབ་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་རོགས་ཡང་ཇཱ་ཚེ་ཁྱིམ་མི་དང་བཅས་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཁ་སང་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༩ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་ཉེན་འགོག་ལྟ་ཞིབ་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་ཞང་ཅིན་པའོ་འཛིན་བཟུང་བྱས་པའི་ཉི་མ་དེར། རྒྱ་ནག་དངུལ་ཁང་ལས་རིགས་ལྟ་ཞིབ་དོ་དམ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། རྒྱུན་ལྷན་གྱི་ཚོགས་གཙོའི་ལས་རོགས་ཡང་ཇཱ་ཚེ་ཡིས་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་དང་། ད་ལྟའི་ཆར་ཁོའི་བཟའ་ཟླ་བུ་དང་བཅས་བཀག་ཉར་འོག་བཞག་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
རྒྱ་ནག་དངུལ་ཁང་ལས་རིགས་ལྟ་ཞིབ་དོ་དམ་ལྷན་ཚོགས་ཀྱི་མི་སྣས། ཕྱི་ཟླ་ ༤ ཚེས་ ༡༠ ནས་བཟུང་ཡང་ཇཱ་ཚེ་ལྷན་ཚོགས་ཀྱི་ལས་སྒྲུབ་ཁང་ནས་མཐོང་རྒྱུ་མེད་པར་གྱུར་བ་མ་ཟད། འབྲེལ་བའང་བྱེད་མ་ཐུབ་པར་གྱུར། སྐབས་དེར་ཡང་ཇཱ་ཚེ་ཡིས་ལྷན་ཚོགས་ཀྱི་ཡན་ལག་ཅིག་ཏུ་ལས་ཀ་བྱེད་བཞིན་ཡོད་པས་གནས་སྐབས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པས་ཁོའི་ཚབ་ཏུ་ལས་འཁུར་བྱ་རྒྱུ་ཡིན་པའི་སྐད་ཆ་དེ་དངོས་སུ་ལག་བསྟར་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།
བརྒྱུད་ལམ་ནས་གནས་ཚུལ་ཐོན་པ་ལྟར་ན། ཡང་ཇཱ་ཚེ་ཡིས་རྒྱ་ནག་དངུལ་ཁང་ལས་རིགས་ལྟ་ཞིབ་དོ་དམ་ལྷན་ཚོགས་ཀྱི་ལྟ་ཞིབ་མགོ་འཁྲིད་ཀྱི་འགན་འཁུར་སྐབས། ཞང་ཇིན་པའོ་ཡིས་རྒྱ་ནག་གི་དངུལ་ཁང་ཆེ་ཤོས་བཞིའི་ནང་ཚུད་པའི་ཞིང་ལས་དངུལ་ཁང་གི་འགན་འཛིན་ཡིན་སྟབས། ལྟ་ཞིབ་པ་དང་ལྟ་ཞིབ་བྱེད་ཡུལ་གྱི་ངོ་བོའི་ཐོག་ནས་ཁོ་གཉིས་ཀྱི་བར་འབྲེལ་བ་ཟབ་མོ་ཡོད་པ་རེད།
གཞན་ཡང་། ཡང་ཇཱ་ཚེ་ཧུའུ་པེ་ཞིང་ཆེན་ཝུ་ཧན་གྲོང་ཁྱེར་གྱི་ས་ཁང་ཁེ་ལས་ཁང་ཞིག་གི་ལྐོག་རྔན་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་པ་དང་། དོགས་གཞི་དེ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་འཛིན་བཟུང་ཞིབ་བཤེར་བྱས་པའི་རྒྱ་ནག་ཧུའུ་པེ་ཞིང་ཆེན་འགྲིམ་འགྲུལ་དངུལ་ཁང་གི་ཡང་ཏུང་ཕིན་གྱི་ཉེས་དོན་ཞིབ་བཤེར་ཁྲོད་ལྷང་ལ་བུད། ཡང་ཇཱ་ཚེ་དང་ཡང་ཏུང་ཕིན་གཉིས་ལ་ཧུའུ་པེ་ཞིང་ཆེན་ནང་མཉམ་ལས་འབྲེལ་བ་ཧ་ཅང་གཏིང་ཟབ་ཡོད་པརེད།
ཡང་ཇཱ་ཚེ་ཧུའུ་པེ་རུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༥ ལོར་ཨན་ཝེ་དངུལ་ཁང་ལས་རིགས་ལྟ་ཞིབ་དོ་དམ་ཁང་གི་མགོ་འཁྲིད་ཀྱི་ལས་འགན་མ་འཁུར་གོང་ཡུན་རིང་ཧུའུ་པེ་རུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ནས་ ༢༠༡༢ བར་རྒྱ་ནག་དངུལ་ཁང་ལས་རིགས་ལྟ་ཞིབ་དོ་དམ་ལྷན་ཚོགས་ཀྱི་དངུལ་ཁང་ལྟ་ཞིབ་དཔོན་གྱི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༢༠༡༣ བར་ལྷན་ཚོགས་དེའི་ལས་སྒྲུབ་ཁང་གི་མགོ་འཁྲིད་དང་། ཕྱི་ལོ་ ༢༠༡༣ ཟླ་ ༥ པ་ནས་ཁོའི་གོ་གནས་འཕར་ཏེ་དངུལ་ཁང་ལྟ་ཞིབ་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་རོགས་སུ་བཞག་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།