ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན། དཔལ་༧རྒྱལ་བ་ཀརྨ་པ་མཆོག་འབྲུག་ཡུལ་གྱི་མཆོད་རྟེན་བརྒྱ་དང་བརྒྱད་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་པ་དང་བསྟུན། ཉིན་ ༡༡ རིང་འབྲུག་ཡུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་རྗེས་ཐའེ་ལན་ཌིའི་རྒྱལ་ས་བྷེན་ཀོག་ཏུ་ཕེབས་འདུག

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ། ༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་གིས་འབྲུག་ཡུལ་དགེ་ལེགས་ཕུག་དྲན་ཤེས་གྲོང་ཁྱེར་དུ་འཇམ་དཔལ་དགྱེས་པའི་མདངས་ལྡན་ཞེས་པའི་ལས་གཞིའི་མཛད་སྒོ་ལ་དབུ་བཞུགས་གནང་། དེ་ནི་དགེ་ལེགས་ཕུག་དྲན་ཤེས་གྲོང་ཁྱེར་གྱི་ལས་གཞི་ཉེར་གཉིས་ཁྲོད་ཀྱི་ནང་གསེས་གཅིག་ཡིན། མཛད་སྒོ་དེར་འབྲུག་གི་རྒྱལ་མོ་རྗེ་བཙུན་པདྨ་མཆོག་དང་གཞུང་གི་བློན་པོ་མང་པོས་མཉམ་ཞུགས་བྱས་ཡོད་འདུག འཇམ་དཔལ་དགྱེས་པའི་མདངས་ལྡན་ཞེས་པའི་མཚན་འདི་ནི་༧རྒྱལ་བ་ཀརྨ་པ་མཆོག་གིས་གནང་བ་རེད་འདུག ༧རྒྱལ་བ་ཀརྨ་པ་མཆོག་གིས། འཇམ་དཔལ་དགྱེས་པའི་མདངས་ལྡན་རང་བཞིན་གླིང་གི་དགོན་པ་བཞེངས་པ་ནི་རྒྱལ་པོ་མཆོག་གིས་དགེ་ལེགས་ཕུག་དྲན་ཤེས་གྲོང་ཁྱེར་དེ་རྡོ་རྗེ་ཐེག་པའི་ཆོས་ཀྱི་ལྟེ་བ་དང་ནང་པའི་གནས་མཆོག་ཅིག་ཏུ་བསྒྱུར་བའི་དགོངས་པ་ཆེན་མོ་ཞིག་ཡིན་པ་དང་། མ་འོངས་པར་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་དང་། ནང་ཆོས་སློབ་སྦྱོང་བྱེད་ཡུལ། ཆོས་སྤེལ་སའི་ལྟེ་བ་ཞིག་ཏུ་བསྒྱུར་རྒྱུ་ཡིན། ཞེས་གསུངས་ཡོད་འདུག
ཉིན་དེའི་ཕྱི་དྲོ། ༧རྒྱལ་བ་ཀརྨ་པ་མཆོག་གིས་དགེ་ལེགས་ཕུག་མཆོད་རྟེན་བརྒྱ་དང་བརྒྱད་ཀྱི་མདུན་དུ། དད་ལྡན་ཆོས་ཞུ་བ་མི་གྲངས་འབུམ་གཉིས་ལྷག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཚེ་དབང་གནང་པ་དང་། སྐབས་དེར་ཁོང་གིས་ཐོག་མར་འབྲུག་རྒྱལ་བཞི་པ་དང་ལྔ་པ་མཆོག། རྗེ་མཁན་པོ་དང་འབྲུག་མི་དམངས་ཡོངས་ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་གནང་ཞིང་། དེའི་རྗེས་སུ། མཆོད་རྟེན་བརྒྱ་དང་བརྒྱད་འདི་བཞེངས་པའི་མཛད་སྒོ་ལ་དངོས་སུ་ཞུགས་མཁན་སུ་ཞིག་ཡིན་རུང། དེས་སངས་རྒྱས་སྟོང་རྩ་གཉིས་འབྱུང་བའི་བསྐལ་པ་བཟང་པོ་འདིར་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བསོད་ནམས་ཡོངས་སུ་རྫོགས་པར་བསགས་ཡོད་པ་སོགས་གསུངས་འདུག
ཕྱི་ཚེས་ ༥ ཉིན། འབྲུག་ཡུལ་འཇིགས་མེད་སྣང་གི་ཉི་ལྡེ་དགོན་པར་གུ་རུ་ཚིག་བདུན་གསོལ་འདེབས་དང་སྤྱན་རས་གཟིགས་ཀྱི་ལུང་གནང་ཡོད་པ་དང་། ༧རྒྱལ་བ་ཀརྨ་པ་མཆོག་གིས་ཀརྨ་པ་སྐུ་ཐོག་གོང་མ་དང་འབྲུག་ཡུལ་དབར་གྱི་དམིགས་བསལ་འབྲེལ་བའི་སྐོར་ལ་གསུང་བཤད་བསྩལ་འདུག དེ་བཞིན་སྟག་ལུང་དགོན་འོད་གསལ་བྱེ་བ་གླིང་དང་ལེགས་བཤད་གླིང་དགོན་དུ་བཀའ་སློབ་བསྩལ་གནང་འདུག
ཕྱི་ཚེས་ ༦ ཉིན། ༧རྒྱལ་བ་ཀརྨ་པ་མཆོག་གིས་འབྲུག་ཡུལ་གྱི་བཞུགས་གནས་ཐིམ་ཕུའི་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོའི་ཐང་ཆེན་ (Global Peace Prayers Ground) དུ་འཛམ་གླིང་ས་ཕྱོགས་མང་པོ་ནས་འདུ་འཛོམས་བྱུང་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་གུ་རུ་རིན་པོ་ཆེའི་བཀའ་དབང་བསྩལ་ཡོད་འདུག
ཕྱི་ཚེས་ ༧ ཉིན། ༧རྒྱལ་བ་ཀརྨ་པ་མཆོག་དང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་རྣམ་གཉིས་མཇལ་འཕྲད་གནང་འདུག
ཕྱི་ཚེས་ ༨ ཉིན། ༧རྒྱལ་བ་ཀརྨ་པ་མཆོག་འབྲུལ་ཡུལ་གྱི་གནས་ཆེན་སྟག་ཚང་དུ་གནས་གཟིགས་ལ་ཕེབས་པ་དང་། ལམ་བར་དུ་མི་མང་རྣམས་ལ་མཇལ་ཁ་གནང་ཡོད་འདུག
ཕྱི་ཚེས་ ༩ ཉིན། ཐེངས་འདིའི་འབྲུག་ཡུལ་གྱི་མཛད་པ་ཁག་ལེགས་པར་གྲུབ་ནས་ཐའེ་ལན་ཌིའི་རྒྱལ་ས་བྷེན་ཀོག་ཏུ་ཕེབས་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

