ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གཉིས་ཀྱི་བོད་སྐད་ལེ་ཚན་སླར་གསོ་དང་བྱེད་ནུས་ཆེ་རུ་གཏོང་དགོས་པའི་རེ་འབོད་བྱས།

ཉེ་ལམ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཁུ་སིམ་མར་གྱུར་མེད་པའི་འབོད་སྒྲ། ཨ་རིས་བོད་སྐད་རླུང་འཕྲིན་ལ་རྒྱབ་སྐྱོར་བྱེད་དགོས་དོན་གང་ཡིན་ནམ་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཏེ། ཨ་རིའི་གཞུང་ལ་ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་དེ་དག་ནི་བོད་ནང་གི་མི་མང་ལ་རང་དབང་དང་ཕྱོགས་ལྷུང་མེད་པའི་གནས་ཚུལ་སྐྱེལ་བའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་གནས་ཚུལ་བཀག་སྡོམ་དང་དྲིལ་བསྒྲགས་ལ་ཁ་གཏད་གཅོག་པའི་ལག་ཆ་གལ་ཆེན་ཞིག་ཡིན་པ་ནན་བཤད་བྱས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གཉིས་ཀྱི་བོད་སྐད་ལེ་ཚན་ལ་བར་ཆད་བྱུང་བ་དེས་བོད་ནང་གི་གནས་ཚུལ་ཤེས་རྟོགས་ཐད་སྟོང་ཆ་ཆེན་པོ་ཞིག་བཟོས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བོད་སྐད་གསར་འགྱུར་ལེ་ཚན་རྒྱ་ཆེར་སྤེལ་བཞིན་པའི་དུས་སུ་བྱུང་ཡོད་ཅེས་དང་། བོད་སྐད་སྡེ་ཚན་གཉིས་སླར་གསོ་བྱེད་པ་ནི་བོད་ནང་གི་མི་མང་ལ་བཀག་སྡོམ་མེད་པའི་གསར་འགྱུར་ཐོབ་ཐབས་དང་། བོད་ནང་ནས་ཕྱི་ལོགས་སུ་གནས་ཚུལ་འབྱོར་ཐབས་ཀྱི་ཆེད་དུ་ཧ་ཅང་གལ་ཆེ་བ་མ་ཟད། ཨ་རིའི་སྲིད་ཇུས་བཟོ་མཁན་དང་གསར་འགོད་པ། ཐོབ་ཐང་སྲུང་སྐྱོབ་མཁན་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་བོད་ནང་གི་གནས་ཚུལ་མཁོ་སྤྲོད་ཐུབ་པར་གལ་ཆེན་ཡིན་ཞེས་བརྗོད་འདུག
སྙན་ཐོའི་ནང་། ཨ་རིའི་གཞུང་གིས་བོད་སྐད་ལེ་ཚན་རྣམས་སྔར་བཞིན་ལས་ཀ་ཆ་ཚང་སྤེལ་ཐུབ་པའི་གནས་བབ་ཏུ་སླར་གསོ་བྱེད་དགོས་པ་དང་། དམིགས་བསལ་རྒྱང་ཐག་རིང་བ་དང་བཀག་སྡོམ་ཤུགས་ཆེ་བའི་ས་ཁུལ་དུ་གནས་ཚུལ་སྐྱེལ་ཐུབ་པའི་ཐུང་འཕྲིན་རླུང་འཕྲིན་ (Shortwave Radio) གྱི་ལེ་ཚན་རྣམས་མུ་མཐུད་གནས་ཐུབ་དགོས་པ། དེ་བཞིན་དྲ་རྒྱའི་བཀག་སྡོམ་ལས་གཡོལ་ཐུབ་པའི་ལག་རྩལ་དང་དེང་རབས་ཀྱི་གྲངས་འཛིན་བརྒྱུད་སྤེལ་ལ་མ་དངུལ་གཏོང་དགོས་པའི་བསམ་འཆར་བཏོན་འདུག་པ་མ་ཟད། རྒྱ་ནག་གིས་མིས་བཟོས་རིག་ནུས་ལ་བརྟེན་ནས་ཆབ་སྲིད་ཀྱི་གནས་ཚུལ་བཀག་སྡོམ་བྱེད་པའི་མ་ལག་ལ་ཁ་གཏད་བཅག་སྟེ། བོད་ནང་གི་བསམ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་འདོན་སྤེལ་ཐུབ་ཐབས་གཙོ་འདོན་བྱེད་དགོས་སྐོར་སོགས་བརྗོད་འདུག
སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༣ པ་ནས་བཟུང་ཨ་རིས་བོད་སྐད་རླུང་འཕྲིན་ཁང་དེ་གཉིས་སྒོ་བརྒྱབ་པ་དང་། བོད་ནང་གི་བོད་མི་ཁག་ཅིག་གིས་རླུང་འཕྲིན་ལེ་ཚན་དེ་དག་མེད་པར་བཟོས་པའི་གནས་ཚུལ་དེ་ནི་ཞོགས་པའི་ཇ་མ་འཐུང་བ་དང་འདྲ་ཞེས་བརྗོད་འདུག་ལ། རླུང་འཕྲིན་ཁང་གཉིས་ཀྱི་ལས་དོན་མཚམས་འཇོག་བྱས་པ་དེས། བོད་ནང་གི་བོད་མི་ཚོར་ཉིན་ལྟར་རང་གི་ཕ་སྐད་ཀྱི་ཐོག་ནས་ཁུངས་ལྡན་གསར་འགྱུར་ཉན་ཐུབ་པའི་གོ་སྐབས་གློ་བུར་དུ་ཤོར་བ་མཚོན་པ་དང་། ལྷག་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ། ས་ཁམས་བདེ་འཇགས། རིག་གཞུང་གི་སྲིད་ཇུས། ཁོར་ཡུག་གི་འགྱུར་བ་དང་བོད་ས་ཁྱོན་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་ནས་ཤེས་རྟོགས་ཐུབ་དཀའ་བའི་གནས་ཤིག་ཏུ་འགྱུར་ཉེན་ཡོད།





