ཟི་ལའེ་ཧཱ་ཁྲོན་གྱིས་བྲིས།
རྐ་འོད་ཟེར་གྱིས་བསྒྱུར།
འཆི་བདག་ནད་ཀྱིས་བཟུང་བའི་རྒྱ་ནག་གཞུང་གི་ཕྱོགས་འགལ་བ་ལུའུ་ཞོ་པོ་དང་ཁོང་གི་ཆུང་མ་ལུའུ་ཞཱ་གཉིས་བར་གྱི་བརྩེ་དུང་ཇི་ལྟར་བསྐྱངས་ཚུལ།
རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་སྐུ་ཞབས་ལུའུ་ཞོ་ཕོ་ཡིས་རང་གི་རྒྱལ་ཁབ་ནང་ཆབ་སྲིད་བཅོས་སྒྱུར་ཡོང་ཐབས་སུ་ལོ་ངོ་མང་པོ་ཞིག་བཙོན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་རེད། ཁོང་གིས་ལུའུ་ཞཱ་དང་གཉེན་སྒྲིག་པའི་ཚུན་གྱི་མི་ཚེ་ཕྱེད་ལྷག་བཙོན་ཁང་དུ་བསྐྱལ་ཞིང་ད་ལྟ་ཁོང་སྐྲན་ནད་ཀྱི་འཆི་བདག་གིས་བཟུང་ཡོད།
བྷི་བྷི་སི་གསར་ཁང་གི་ཟི་ལའེ་ཧཱ་ཁྲོན་ལགས་ཀྱིས། ཁོང་ཁྱོ་ཤུག་གཉིས་ཀྱི་བརྩེ་བ་ཇི་ལྟར་གསོན་གནས་ཐུབ་པའི་སྐོར་ལ་ཕྱིར་མིག་བལྟས།
ཁྱོ་ཤུག་དེ་གཉིས་ཀྱིས་ཕན་ཚུན་གཉེན་སྒྲིག་བྱེད་ཆོག་པར་ཡང་འཐབ་རྩོད་མང་པོ་ཞིག་བྱེད་དགོས་བྱུང་ཡོད། མཐའ་མར་པེ་ཅེན་གཞུང་གིས་ཆོད་སེམས་བརྟན་པོས་ཁོ་ཚོར་སྐྱོན་བརྗོད་བྱེད་མཁན་ཁོང་ལ་གཉེན་སྒྲིག་གི་ཆོག་མཆན་མི་སྤྲོད་ཐབས་མེད་བྱུང་ཡོད་མོད། འོན་ཀྱང་དཀའ་ངལ་ནི་ད་ལྟའང་མུ་མཐུད་དུ་ལྷག་ཡོད་པ་རེད།
ཁྱོ་ཤུག་དེ་གཉིས་ཀྱི་གཞུང་འབྲེལ་གཉེན་སྒྲིག་ལ་གྲ་སྒྲིག་བྱས་པའི་པར་ཆས་དེ་བེད་མེད་ཆགས་པ་དང་། པར་བས་མགོ་བོ་འཕྲུག་བཞིན་ཁོ་ཚོ་དང་གྱེས་དགོས་བྱུང་ཡོད་པ་རེད། གཉེན་སྒྲིག་སྐབས་ཀྱི་གཞུང་འབྲེལ་འདྲ་པར་མེད་ན་གཉེན་སྒྲིག་ལག་འཁྱེར་ལ་ངོས་ལེན་མེད།
དེར་བརྟེན། ལུའུ་ཞོ་པོ་དང་ཁོང་གི་ཆུང་མར་འགྱུར་བའི་ལུའུ་ཞཱ་གཉིས་ཀྱིས་སོ་སོར་བླངས་བའི་འདྲ་པར་མཉམ་དུ་སྦྱར་ཏེ། འཕྲལ་སེལ་གྱི་པར་དེར་ཐེལ་ཙེ་བརྒྱབ་ནས་གཉེན་སྒྲིག་དཔུང་ཡིག་སྟེང་སྦྱར་ནས་ཁོང་གཉིས་གཉེན་བསྒྲིགས་པ་རེད། དེ་ནི་གཅིག་དགུ་གོ་དྲུག་ལོ་རེད།
གང་ལྟར། སྐབས་དེར་གཉེན་བསྒྲིཊ་ཐུབ་པ་བྱུང་བ་ནི། ཁྱོ་ཤུག་དེ་གཉིས་ལ་མཚོན་ན་རྒྱལ་ཁ་ཆུང་ཆུང་ཞིག་ཡིན། གང་ཡིན་ཟེར་ན། གཉེན་སྒྲིག་དཔང་ཡིག་དེས་ཉེ་ཆར་ལུའུ་ཞོ་པོ་ཀློད་གྲོལ་གཏོང་སའི་ངལ་རྩོལ་བཙོན་རྭ་དེར་ལུའུ་ཞཱ་རང་གི་ཁྱོ་གར་ཐུག་པར་འགྲོ་བའི་གོ་སྐབས་རག་པ་རེད། ལུའུ་ཞཱ་ཡིས་ཟླ་བ་རེ་རེ་བཞིན་པེ་ཅིན་ནས་སྤྱི་ལེ་ ༡༦༠༠ རེར་འགྲུལ་བཞུད་བྱེད་ཀྱིན་ཡོད། བཙོན་རྭ་དེར་བསྐྱོད་པའི་མེ་འཁོར་སྟེང་ཁོ་མོས་སྙན་ངག་ཅིག་བྲིས་ཡོད་པར། “ཤམ་ཤམ་མིག་ཆུས་བདག་ལུས་བརླན་པར་བྱས་ཀྱང་། ད་དུང་ཁྱེད་ཀྱི་ལག་པར་འཇུ་ཐུབ་མ་བྱུང་།” ཞེས་འཁོད་ཡོད།
ཁོང་གཉིས་ཀྱི་གཉེན་སྒྲིག་གསོལ་སྟོན་ནི་ངལ་རྩོལ་བཙོན་རྭའི་སྤྱི་ཐབ་ནང་བཤམ་ཡོད། རྒྱབ་ལྗོངས་ཀྱི་ཡིག་འབྲུ་གཅིག་རང་གཅིག་དེ་གཉེན་སྒྲིག་དེ་མཚོན་བྱེད་ཙམ་ཆགས་ཡོད། ཁོང་གཉིས་ཀྱི་བརྩེ་དུང་ཧ་ཅང་གཏིང་ཟབ་སར་འཛུལ་བཞིན་པའི་སྐབས་སུའང་རྒྱ་ནག་གཞུང་གིས་མཚམས་མི་འཇོག་པར་ཐེ་གཏོགས་བྱེད་མཁན་གང་ཟག་གསུམ་པ་དང་། ཁོང་གཉིས་ཀྱི་འབྲེལ་བ་ལ་བར་ཆད་གཏོང་མཁན་མ་བོས་མགྲོན་པོ་དེ་རེད།
བཙན་གྱིས་ཁ་འབྲལ་དུ་བཅུག་ན་མ་གཏོགས་སུ་དང་གང་གིས་ཀྱང་ལུའུ་ཞའོ་པོ་དང་ལུའུ་ཞཱ་སོར་སོར་ཁ་བྲལ་གཏོང་ཐབས་མེད། ལུའུ་ཞོ་པོ་ནི་ཕུལ་བྱུང་རྩོམ་པ་པོ་ཞིག་དང་ཕྱིའི་རྒྱལ་ཁབ་ནས་གཏམ་བཤད་བྱེད་པར་གདན་འདྲེན་ཞུ་འདོད་ཆེན་པོ་ཡོད་པའི་སློབ་དཔོན་ཆེན་མོ་ཞིག་ཡིན། ༡༩༨༩ ལོའི་དཔྱིད་ཀར་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གོམ་བགྲོད་བྱེད་བཞིན་པ་ཐོས་ཏེ། ཁོང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་ཕྱིར་རང་ཡུལ་རྒྱ་ནག་ཏུ་ཕྱིན་པ་རེད།
རྒྱ་ནག་གཞུང་གིས་རྒྱུན་པར་ཆབ་སྲིད་བཅོས་བསྒྱུར་གྱི་གྱེན་ལངས་ངན་སྐུལ་བ་ཞེས་འབོད་ཀྱི་ཡོད་པ་ལྟར། ལུའུ་ཞོ་པོ་ཡིས་དམངས་གཙོའི་ཡར་ལངས་པ་ཚོར་སེམས་ཤུགས་སྤར་བ་དང་། རྒྱ་ནག་གཞུང་ལ་སློབ་ཕྲུག་ཚོར་གནོད་འཚེ་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་དགོས་པའི་ཞི་བའི་རེ་འདུན་བཏོན་ཡོད། ༡༩༨༩ ལོའི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གི་དྲག་གནོན་ཁྲོད་མི་ཅི་ཙམ་བསད་པའི་ཁ་གྲངས་ད་ལྟའང་རྒྱལ་ཁབ་ཀྱི་གསང་བ་གལ་ཆེན་ཡིན། གལ་ཏེ་ལུའུ་ཞོ་པོ་མེད་ན་སྐབས་དེའི་དྲག་གནོན་ཁྲོད་ཚེ་སྲོག་ཤོར་བའི་ཁ་གྲངས་འདི་ལས་ལྡབ་མང་པོ་ཡིན་པར་ཚང་མས་ངོས་འཛིན་བྱེད་བཞིན་ཡོད། དེས་སྲིད་གཞུང་དེ་ཅུང་མ་འདྲ་བ་ཞིག་བཟོས་ཡོད་པ་རེད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཞི་འཇགས་སུ་སོང་བའི་ཉིན་འགའི་རྗེས་རྒྱ་ནག་གཞུང་གིས་ལུའུ་ཞོ་པོ་གསང་བའི་བཀག་སྡོམ་ལྟེ་གནས་ཤིག་ཏུ་བཅུག་པ་རེད། ཁོང་དེ་གར་ཟླ་བ་ ༡༢ རིང་བཀག་ཉར་བྱས་ཏེ་ཀློད་གྲོལ་གཏོང་སྐབས། ཁོང་གི་ཆེ་མཐོང་ལྡན་པའི་སློབ་ཁྲིད་ལས་ཀ་དང་། རང་ཁྱིམ་ཡོངས་རྫོགས་ཧ་ལམ་ཤོར་ཚར་ཡོད།
ལུའུ་ཞོ་པོ་ལགས་གཞོན་ནུ་མའི་ལང་ཚོ་རྒྱས་པའི་སྙན་ངག་པ་ལུའུ་ཞཱ་ལ་འཕྲད་པ་ནི་ཁོང་གི་འཚོ་བའི་ཁྲོད་ཀྱི་འོད་སྣང་དང་འབྲེལ་མཐུད་བྱུང་བའི་དུས་ཚོད་དེ་ཡིན། “ངས་འཇིག་རྟེན་གྱི་མཛེས་པ་ཡོད་ཚད་བུད་མེད་ཅིག་གི་སྟེང་ནས་མཐོང་བྱུང་།” ཞེས་ཁོས་གྲོགས་པོ་ཞིག་ལ་བཤད་ཡོད།
ལུའུ་ཞཱ་ནི་ལུའུ་ཞོ་པོ་ལས་ལོ་དྲུག་གིས་ཆུང་ཞིང་དེ་སྔོན་ནས་རྩོམ་པ་པོ་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། སྐབས་དེར་ཁོང་མོའི་གྲོགས་པོ་ཉེ་ཤོས་རྩོམ་པ་པོ་ལེའོ་ཡེའུ་ཡིས་བརྗོད་པར། ལུའུ་ཞཱ་ནི་ནམ་རྒྱུན་གད་མོ་འཚེར་འཚེར་ཞིག་ཡོད། ལུའུ་ཞཱ་ཡིས་ཆང་འཐུང་སྐབས་ཆང་གི་འཆུམ་ཚད་མཐོ་བར་སྐད་གྲགས་ཡོད་པ་རེད། ལུའུ་ཞཱ་ནི་ཁོ་མོའི་གྲོགས་པོ་ཚོའི་ཁྲོད་ནས་ཆང་མང་ཤོས་འཐུང་ཐུབ་མཁན་དང་ཆང་གི་འཆུམ་ཚད་ཡག་ཤོས་དེ་ཡིན། ལུའུ་ཞོ་པོ་ནི་ཟ་མ་རྒྱས་པོ་ཟ་བར་དགའ་བ་དང་། ཁོང་གིས་ནམ་རྒྱུན་ཁུ་ནག་འཐུང་གི་ཡོད་ཟེར།
ལུའུ་ཞཱ་ནི་རྒྱབ་ལྗོངས་གོ་ཐོབ་ཅན་གྱི་མི་ཚང་དྲག་གྲས་ཤིག་ནས་ཡིན་ཞིང་། ཁོང་མོའི་ཨ་ཕ་དངུལ་ཁང་གི་དཔོན་རིགས་མཐོ་གྲས་ཤིག་ཡིན། ཁོང་མོ་ཡང་མི་དམངས་ཞབས་ཞུའི་བྱ་བར་ཞུགས་འདོད་ཡོད་ཀྱང་། དུས་ཡུན་རིང་པོ་མ་སོང་བར་ཁོང་མོས་རང་ཉིད་ཀྱི་དགའ་ཕྱོགས་ལྟར། སྔོན་ཆད་ཀྱི་བརྟན་རླིང་གི་འཚོ་བ་དེ་རྩོམ་འབྲིའི་ཕྱོགས་སུ་བསྐྱུར་བ་རེད།
ཀུན་དང་མི་མཚུངས་བ་ཞིག་ལ། ལུའུ་ཞཱ་ཡི་ཕ་མ་གཉིས་ཀྱིས་ལུའུ་ཞོ་པོ་ཡི་ཆབ་སྲིད་དཀའ་ངལ་ལ་མ་ལྟོས་པར་ཁོ་མོ་དང་ཁོང་གི་མཛའ་བརྩེ་འབྲེལ་བར་སེམས་ཤུགས་སྤར་ཡོད་འདུག
དེ་སྔོན་ཁོང་ཁྱོ་ཤུག་གཉིས་ཀྱིས་འདྲ་མཉམ་དང་ལྷིང་འཇགས་ཀྱི་འཚོ་བ་ཞིག་སྐྱེལ་བའི་ཆེད་དུ་ལུའུ་ཞོ་པོ་གནམ་བདེ་སྒོ་མོ་ཆེའི་མདུན་དང་བར་ཐག་མི་རིང་བའི་སར་ཡོད་པའི་ལུའུ་ཞཱ་ཡི་སྡོད་ཁང་དུ་སྦར་ཏེ་ཁོང་གཉིས་ཀྱིས་འཚོ་བ་མཉམ་དུ་བསྐྱལ་ཡོད།
རྒྱ་ནག་གཞུང་གི་བདེ་འཇགས་མི་སྣས་ལུའུ་ཞོ་པོ་ལ་རྒྱུན་པར་མྱུལ་ཞིབ་བྱས་ཏེ། ལུའུ་ཞོ་པོ་ཡིས་རྒྱ་ནག་ལ་དམངས་གཙོ་དགོས་བའི་རྩོམ་ཡིག་འབྲི་བ་དང་། རྒྱ་ནག་གི་གཅིག་སྡུད་ལམ་ལུགས་ལ་སྐྱོན་བརྗོད་བྱེད་པ་སོགས་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད།
ཁོང་ཁྱོ་ཤུག་གཉིས་ཀྱི་གྲོགས་པོ་ཁྲིན་ཆེན་མཱར་ཁྲེན་ལེའོ་ཡིས་བརྗོད་དོན། “གལ་ཏེ་སྲིད་གཞུང་གིས་མི་ཞིག་ལ་མནར་གཅོད་གཏོང་བ་ཡིན་ན། ཁོ་ཚོས་ཐོག་མར་མི་དེའི་སྒེར་གྱི་མི་ཚེར་བར་ཆད་གཏོང་ངེས་ཡིན་པ་ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས། ཁོ་ཚོས་ཁོང་གཉིས་ཁ་བྲལ་གཏོང་རྒྱུ་རེད། གལ་ཏེ་མི་ཞིག་བཙོན་དུ་བཅུག་པ་ཡིན་ན། མི་དེའི་བཟའ་མིའི་འཚོ་བའང་མཇུག་བསྒྲིལ་ཚར་བ་རེད།” ཟེར།
ཁྲིན་ཆེན་གྱིས་ཡང་བསྐྱར་བརྗོད་དོན། ཁོང་ཁྱོ་ཤུག་གཉིས་ཀྱིས་དུས་ནམ་ཡང་ཁྱིམ་ཚང་རྒྱ་སྐྱེད་ཀྱི་ཕྱོགས་སུ་བསམ་བློ་བཏང་མྱོང་མེད། ཐེངས་ཤིག་ངས་ཁོང་ལ་ ‘ཨ་རོགས། ཁྱེད་ཀྱིས་བུ་ཕྲུག་མི་སྐྱེ་བ་ཅི་ཡིན’ ཞེས་དྲིས་པར། ལུའུ་ཞོ་པོ་ཡིས ‘རང་གི་ཨ་ཕ་གཉེན་རྟོག་པས་ཁྲིད་འགྲོ་བ་མཐོང་བའི་བྱིས་པ་ཞིག་ང་ལ་མི་དགོས། ངེད་གཉིས་ལ་བྱིས་པ་མེད་དོན་དེ་ཡིན།’ ཟེར།
ཁྲིན་ཆེན་གྱིས་ལུའུ་ཞོ་པོ་ཡི་རྩོམ་སྒྲིག་པ་ལྟ་བུའི་ལས་ཀ་བྱས་ཏེ་ཁོང་དང་མཉམ་དུ་ཁ་པར་སྟེང་ནས་ཆུ་ཚོད་མང་པོ་བསྐྱལ་མྱོང་ཡོད་པ་རེད། ཁྲིན་ཆེན་གྱིས་ཁ་པར་གཏོང་བཞིན་པའི་སྐབས་སུ་ལུའུ་ཞཱ་ཡིས་ཁོ་ལ་ཁུ་བ་བསྐྱལ་ཡོང་སྐབས། ཁོས་ལུའུ་ཞོ་པོ་ཡི་སྐད་ཆར་ཉན་བཞིན་སྤྲོ་བའི་ངང་ཁུ་བར་ཧུབ་འདེབས་བཞིན་ཡོད། རྗེས་སུ་ལུའུ་ཞོ་པོ་ལ་མཐའ་མའི་ཁྲིམས་ཐག་བཅད་པ་དང་། ཁོང་ལྕཊ་དྲའི་རྒྱབ་ཏུ་ལོ་བཅུ་གཅིག་རིང་བཙོན་འཇུག་བྱས་སྐབས། ཁྲིན་ཆེན་གྱིས་ལུའུ་ཞོ་པོ་ཡི་ཆུང་མར་ཁ་བརྡ་བྱས་སྐབས་ཁོང་མོས་ཁ་པར་ནང་ནས་ངུ་ཤུམ་བྱེད་ཀྱིན་འདུག་ཟེར།
དཀའ་ཁག་ཁྲོད་ཀྱི་གནས་སྟངས།
ཁྲིན་ཆེན་གྱིས་ “ལུའུ་ཞཱ་ནི་ལུའུ་ཞོ་པོ་ལ་ཧ་ཅང་དགའ། ཁོང་མོས་ཁོང་གི་ཆེད་དུ་ཅི་ཡང་བསྒྲུབ་ཕོད་ཀྱི་ཡོད། མཚམས་རེར་ཁོང་མོས་ལེ་བདའ་བྱེད། མ་རེད། ལེ་བདའ་ངོ་མ་མ་རེད། ཁོ་མོས་ ‘ཁོང་དང་མཉམ་དུ་བསྡད་པ་ནས་བཟུང་ང་ལ་ནམ་ཡང་ཞི་འཇགས་ཀྱི་ཉིན་མ་ཞིག་བྱུང་མ་མྱོང་།’ ཞེས་བཤད། དེ་ནི་དོན་དངོས་ཀྱང་རེད། དེའི་དོན་ནི་ཁོ་མོ་ཁོང་དང་ཁ་འབྲལ་འདོད་པའི་དོན་གཏན་ནས་མ་རེད། དེ་ནི་ཁོ་མོས་ཁོང་གཉིས་ཀྱིས་ཕན་ཚུན་ལ་བཅངས་བའི་བརྩེ་དུང་གི་འབྲེལ་བ་དེ་ཅི་འདྲའི་དཀའ་ཁག་ཅིག་གི་འོག་ན་གསོན་གནས་ཐུབ་ཡོད་པ་གསལ་འདོན་བྱེད་འདོད་པས་རེད།” ཅེས་བརྗོད་བྱུང་།
ཐ་ན་ལུའུ་ཞོ་པོ་བཙོན་གྲོལ་ཐོབ་སྐབས་ཀྱང་ཁོང་ཁྱོ་ཤུག་གཉིས་གཅིག་པུ་རྒྱུན་རིང་པོར་སྡོད་པའི་གོ་སྐབས་དཀོན་པོ་ཡིན། ཁོང་གིས་སྤྱི་ཚོགས་རང་བཞིན་གྱི་གལ་ཆེའི་རྩོམ་ཡིག་མང་པོ་འབྲི་དགོས་བ་དང་། འཁོས་ཆུང་གི་མི་མང་ཧ་ཅང་མང་པོ་ཁོང་གི་ཁྱིམ་དུ་ཡོང་གི་ཡོད་འདུག ཁྲིན་ཆེན་གྱིས་བརྗོད་དོན། ལུའུ་ཡིས་ཐ་ན་མི་དེ་དག་ངོ་ཡང་ཤེས་ཀྱི་མེད། ཁོ་ཚོས་ཁོང་ཚང་གི་སྒོ་རྡུང་སྟེ་སྐུ་མཁྱེན་ང་ལ་རོགས་པ་ཞིག་བྱེད་རོགས། ང་ལ་མ་དྲང་བའི་གནས་ཚུལ་ཞིག་བྱུང་སོང་ཞེས་ཟེར་བ་དང་། ཁོང་གིས་ཁོ་ཚོ་མང་ཆེ་བར་རོགས་པ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།
མཚམས་རེར་སྐྱེ་སྐར་གྱི་སྤྲོ་སྐྱིད་ཙམ་ཡང་གཏོང་བའི་གོ་སྐབས་མེད་པ་ལུའུ་ཞོ་པོ་ཡིས་ཕྱིར་དྲན་བྱས་འདུག ཁོང་གིས་ཧོང་ཀོང་གི་གསར་ཤོག་ཅིག་ལ་བརྗོད་དོན། “ ལུའུ་ཞཱ་ཡི་སྐྱེ་སྐར་ཉིན་ཁོ་མོའི་གྲོགས་པོ་ཉེ་ཤོས་ཤིག་གིས་རྒུན་ཆང་ཤེལ་དམ་དོ་ཁྱེར་ཡོང་སྐབས། ཉེན་རྟོག་པ་བསླེབས་ཏེ་ཁོང་ཚོ་ངའི་ཁྱིམ་ནས་བཀག་འགོག་ཞིབ་བཤེར་བྱས་པ་དང་། ངས་སྐྱེ་སྐར་སྒོང་བག་ཞིག་མངཊ་ཉོ་བྱས་ཏེ་ཁོ་ཚོས་འཁྱེར་ཡོང་བའི་སྐབས། ལམ་བར་ནས་ཉེན་རྟོག་པས་བཀག་སྟེ་ཕྱིར་སློག་བཏང་འདུག ངས་ཉེན་རྟོག་པར་ཚིག་རྩོད་བྱེད་སྐབས་ཁོ་ཚོས་ ‘འདི་ཁྱེད་ཀྱི་བདེ་འཇགས་ཆེད་དུ་ཡིན། འབར་མདེལ་གྱི་རྒོལ་བ་ནི་དེང་སྐབས་རྒྱུན་ལྡན་ཞིག་རེད།’ ཅེས་གོ་ལྡོག་ནས་བཤད་བྱུང” ཞེས་བརྗོད་འདུག
ཁོང་གི་ལས་ཀ་དེ་དག་གི་རྐྱེན་པས་མི་གཞན་པས་ཁོང་གི་ཁྱིམ་ཚང་གི་འཚོ་བ་དང་ལུའུ་ཞཱ་ལ་ཐེ་གཏོཊ་བྱེད་མཁན་ཡང་བྱུང་ཡོད་མོད། ལུའུ་ཞོ་པོ་ཡིས་ཁོ་རང་གི་ལས་དོན་དེ་དག་མཚམས་འཇོག་པའི་ཐག་གཅོད་དུས་ནམ་ཡང་བྱས་མྱོང་མེད་པ་དང་། དོན་དག་དེ་གི་རྐྱེན་གྱིས་མི་ཚོས་ཁོང་གིས་ལུའུ་ཞཱ་ཡི་མ་འོངས་པར་བསམ་བློ་གཏོང་ཕྱོཊ་ཐད་ལེ་བདའ་ཡང་བྱས་མྱོང་ཡོད་པ་རེད།
ལུའུ་ཞོ་པོ་ཡིས་ཁ་སངས་པོའི་ཐོག་ནས། ངས་རང་ཉིད་ལ་ཡོད་པའི་ནུས་པ་འདིས་གྲུབ་འབྲས་ཤིག་ལེན་ན་འདོད་ཡོད། ཅེས་བརྗོད་ཡོད་པ་ཁོང་གི་ལོ་རྒྱུས་འབྲི་མཁན་དང་གྲོགས་པོ་ཉེ་ཤོས་རྩོམ་པ་པོ་ཡུས་ཇེ་ཡིས་བྲིས་ཡོད། དེ་ལྟར་བྱས་ན་ཁོང་གིས་ལུའུ་ཞཱ་ལ་མ་རྩ་ཏོག་ཙམ་འཇོག་ཐུབ་པ་རེད། གལ་ཏེ་ཉིན་ཞིག་ཁོང་ལ་དོན་རྐྱེན་ཅི་ཞིག་བྱུང་ཡང་། མ་མཐར་ལུའུ་ཞཱ་ལ་ཟས་གོས་གནས་མལ་སོགས་ལ་སེམས་ཁྲལ་མེད་པ་ཞིག་ཡོང་གི་རེད་ཟེར།
མཁས་པ་འགས་ཁོས་རྩོམ་ཡིག་བྲིས་པ་མང་དྲགས་པས་འགའ་ཤས་ལ་སྤུས་ཀ་མི་འདུག་ཅེས་བརྗོད་ཡོད།
ལུའུ་ཞོ་པོ་ཡིས་རྒྱ་ནག་གི་གཅིག་སྡུད་དབང་སྒྱུར་ལམ་ལུགས་མཇུག་བསྒྲིལ་དགོས་པར་བརྗོད་པའི་<ཐིག་བརྒྱད་ལོའི་རྩ་འཛིན།> ཞེས་པའི་ཡིག་ཆ་དེ་འཆར་འགོད་དང་འགྲེམ་སྤེལ་བྱེད་རོགས་བྱས་པ་ནས་བཟུང་ཁོ་རང་གི་ཡོད་ཚད་ལ་འགྱུར་བ་ཐེབས་ཏེ་མཐའ་མར་བཙོན་ཁང་དུ་ལྷག
ལུའུ་ཞཱ་ནི་དུས་ནམ་ཡང་ལུའུ་ཞོ་པོ་ཡི་ཆབ་སྲིད་འགྲེལ་བརྗོད་དེ་དག་དང་འབྲེལ་བ་མེད། འོན་ཀྱང་། ཁོ་མོས་གློག་བརྙན་བཟོ་མཁན་འེ་ཞེའོ་མེང་ལ་ཁོ་མོས་<ཐིག་བརྒྱད་རྩ་འཛིན།>ནི་དཀའ་རྙོག་ཅིག་གི་སྔོན་བརྡ་ཡིན་པ་ཤེས་བྱུང་ཞེས་བཤད་ཡོད། ཁོ་མོས་དེ་འདྲ་ཞིག་སྔ་མོ་ནས་ཡོང་རྒྱུ་ཡིན་པ་ཤེས་བྱུང་། ཐོག་མ་ང་རང་གི་ཁྱིམ་དུ་<ཐིག་བརྒྱད་འཛིན་>ཡིག་ཆ་དེ་མཐོང་བ་དང་། ལུའུ་ཞོ་པོ་ཡིས་ཡིག་ཆ་དེར་ཞུ་དག་གཏོང་བར་རང་ཉིད་སྟིམས་བཞིན་པའི་སྐབས་ནས་ངས་མི་ལེགས་པའི་གནས་ཚུལ་ཞིག་འོང་རྒྱུ་ཡིན་པ་ཤེས་བྱུང་ཟེར།
“ཁྱེད་ཀྱི་དེ་བཀླགས་མྱོང་ངམ།” ཨེ་ཞའོ་ཡིས་ཁོ་མོར་དྲིས། “ང་ལ་དེ་ཀློག་པའི་སེམས་མི་འདུག འོན་ཀྱང་ངས་དཀའ་ངལ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་ཤེས་བྱུང་། ངས་ལུའུ་ཞོ་པོ་ལ་སྐད་ཆ་དེ་བཤད་རྩིས་བྱས་ཀྱང་། ངའི་སྐད་ཆ་དེར་གྲུབ་འབྲས་གང་ཡང་འཐོན་རྒྱུ་མིན་པའང་ཤེས་ཀྱི་འདུག དེར་བརྟེན། ངས་བྱེད་ཐུབ་པ་ནི་སྔོན་མ་ལྟར་རྐྱེན་ངན་ཞིག་ཡོང་རྒྱུར་བཟོད་སྒོམ་ཆེན་པོས་སྒུག་སྡོད་རྒྱུ་དེ་རེད།” ཅེས་མོ་རང་གིས་ལན་འདེབས་གནང་བྱུང་།
<ཐིག་བརྒྱད་ལོའི་རྩ་འཛིན།>ཞེས་པའི་ཡིག་ཆ་དེ་ཡོངས་གྲགས་སུ་མ་བཀྲམས་སྔོན་ནས་ལུའུ་ཞོ་པོ་འཛིན་བཟུང་བྱས་པ་རེད། ཕལ་ཆེར་ལོ་གཅིག་གི་རྗེས་སུ་ཁྲིམས་ཁང་གིས་ཁོང་གིས་རྒྱལ་ཁབ་མགོ་རྟིང་སློག་བརྩིས་བྱས་པའི་ནག་ཉེས་ཐག་གཅོད་བྱས་པ་རེད།
ཉི་འོད་ཀྱི་བརྩེ་བ།
ཁོང་གིས་མང་ཚོགས་ལ་གཏམ་བཤད་བྱས་པ་མཐའ་མ་ནི་ ༢༠༠༩ ལོར་ཁྲིམས་རྭ་ནས་ཁོང་གི་ཆུང་མར་བཀའ་དྲིན་ཆེ་ཞུས་པ་དེ་ནས་མཇུག་བསྡུས་པ་རེད། སྐབས་དེར་ཁོང་གིས་ “ལོ་ངོ་འདི་དག་གི་རིང་ལ་ངས་རང་དབང་མེད་པའི་འཚོ་བ་རོལ་བ་ཡིན། འུ་ཅག་གི་བརྩེ་བ་ནི་ཕྱིའི་གནས་སྟངས་ཀྱི་དབང་གིས་སྐྱོ་གདུང་དང་སྐྱུར་དྲིས་ཁེངས་ཡོད་མོད། ངས་དེ་དག་གི་ལྷག་འཕྲོས་མངར་མོར་རོལ་མྱོང་བྱེད་བཞིན་ཡོད་ལ། དེ་ལ་འཛད་མཐའ་མི་འདུག
ཁྱེད་ཀྱི་གཟུགས་མེད་སེམས་ཀྱིས་བཙོན་ཁང་དུ་ང་ལ་སྒུག་སྐབས། ང་ཡིས་དངོས་སུ་བཙོན་ཁང་ན་ཁྲིམས་ཆད་མྱོང་བཞིན་ཡོད། ཁྱེད་ཀྱི་བརྩེ་བ་ཟབ་མོ་མཐོན་པོའི་གྱང་ངོས་སུ་འཕྲོས་ཏེ། ང་ཡི་བཙོན་ཁང་སྒེའུ་ཁུང་ལྕཊ་དྲ་བརྒྱུད་དེ་བདག་ལ་བྱིལ་བྱིལ་གཏོང་སྐབས། ང་ཡི་ལུས་ཀྱི་ཕྲ་ཕུང་ཡོད་ཚད་ཚ་སོབ་སོབ་བཟོ་བའི་ཉི་འོད་དེ་ཡིན། དེ་ཡིས་རྒྱུན་པར་བདག་གི་སྙིང་ལ་ཞི་འཇགས་དང་གུ་ཡངས་བའི་འོད་སྣང་སྟེར་ཞིང་། བདག་གིས་བཙོན་དུ་བསྐྱལ་བའི་ཆུ་ཚོད་སྐར་མ་རེ་རེ་རིན་ཐང་གིས་གཏམས་པར་བྱས་བྱུང་།
ཕྱོགས་གཞན་ཞིག་ནས་བདག་གིས་ཁྱེད་ལ་བཅངས་བའི་བརྩེ་བ་ནི་འགྱོད་གདུང་གིས་ཁེངས་ཤིང་། དེ་ཡི་ལྗིད་ཤུགས་ཀྱིས་སྐབས་རེར་བདག་གི་ལུས་པོ་འཁྱ་འཁྱོར་དུ་གཡོ་ཞིང་འདར་བར་བྱེད།” ཅེས་ཟེར།
ཁོང་ལ་མཐའ་མཇུག་གི་ཁྲིམས་ཐག་བཅད་པ་ནས་བཟུང་། ལུའུ་ཞོ་པོ་ཡིས་ལུའུ་ཞཱ་ཡི་འཚོ་བའི་གནས་སྟངས་སྐོར་ཅི་ཙམ་ཤེས་ཀྱི་ཡོད་པ་ཁ་གསལ་མེད། གང་ཡིན་ཟེར་ན། ༢༠༡༠ ལོར་ཁོང་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ་རྗེས། དེ་མ་ཐག་རྒྱ་ནག་གཞུང་གིས་ཁོ་མོ་པེ་ཅིན་དུ་ཁང་མིག་ཆུང་ཆུང་ཞིག་དུ་བཀག་ཉར་དམ་པོ་བྱས་པ་རེད།
ལུའུ་ཞཱ་ཡིས་ ༢༠༡༠ ལོར་བྷི་བྷི་སི་ལ་སྐད་ཆ་ཤོད་སྐབས་ཁོ་མོས། ལུའུ་ཞོ་པོ་ལ་ཁོ་མོ་ཁྱིམ་བཀག་བྱས་ཡོད་པའི་གནས་ཚུལ་ཞིབ་ཕྲ་བཤད་ཐུབ་མ་སོང་། ང་ཚོར་དེ་དག་གི་སྐོར་བཤད་བཅུག་མ་སོང་། འོན་ཀྱང་། ཁོང་གིས་ངས་ཅི་ཞིག་ཤོད་བཞིན་ཡོད་པ་ཤེས་ཡོད་པ་རེད། གང་ཡིན་ཟེར་ན། ངས་ཁོང་ལ་ངས་ཀྱང་ཁྱེད་དང་འདྲ་བའི་འཚོ་བ་ཞིག་སྐྱེལ་བཞིན་ཡོད་ཅེས་བཤད་པ་ཡིན་ཟེར། “ ཁྱིམ་བཀག་གི་གནས་ཚུལ་དེ་བྱུང་སྐབས། ངས་ཐོག་མ་ཟླ་བ་གཅིག་གཉིས་ཤིག་ལ་བཀག་ཉར་བྱེད་སྲིད་པ་རེད་དྲན་སོང་། འོན་ཀྱང་དུས་ཚོད་ནི་འཕུར་བ་ལྟ་བུ་རེད། ང་ད་བར་ལོ་གཉིས་ལ་བཀག་ཉར་བྱས་པ་རེད” ཟེར།
ཁྱིམ་བཀག་བཙོན་འཇུག་གི་ལོ་ཟླ་རིམ་པར་སྐྱེལ་བ་དང་ལུའུ་ཞཱ་ལུས་ངལ་སེམས་ངལ་གྱིས་ནད་པར་གྱུར་བ་རེད།
ཁོ་མོར་མཚམས་རེར་སྐུད་ལམ་ཡོད་པ་དང་མཚམས་རེར་སྐུད་ལམ་མེད་པའི་ཁ་པར་ཞིག་ཡོད་མོད། ཁོ་མོར་ཁ་པར་གྱི་འབྲེལ་བ་བྱེད་ཆོག་ས་ནི་བློ་ཐག་ཉེ་བའི་གྲོགས་པོ་འགའ་དང་ནང་མི་ཁོ་ན་ཡིན། མཚམས་རེར་ཉེན་རྟོག་པ་འགས་ཁོ་མོ་ལུའུ་ཞོ་པོ་ལ་བལྟ་རུ་འཁྲིད་ཀྱི་ཡོད་མོད། འོན་ཀྱང་དབང་འཛིན་མི་སྣས་འགྲམ་དུ་སྲུང་སྲུང་ལ་བསྡད་ཡོད་སྟབས་ཁོང་དང་ཁ་བརྡ་ལྷོད་པོ་ཞིག་ཇི་ལྟར་ཡོང་ཐུབ་བམ།
ལུའུ་ཞོ་པོ་ལ་མཆིན་པའི་སྐྲན་ནད་ཕོག་སྟེ་འཆི་ལམ་ཉག་གཅིག་ལས་གཞན་ལྷག་མེད་པའི་མཚམས་སུ་གཞི་ནས་ཁོང་གི་བཟའ་ཟླ་དང་མཉམ་འཛོམས་བྱེད་བཅུག་པ་རེད། མཐར་ཁོང་རྒྱ་ནག་བྱང་ཕྱོགས་ཀྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་པའི་གོ་སྐབས་ཐོབ་རྗེས། ལུའུ་ཞོ་པོ་ཡིས་ལུའུ་ཞཱ་ཡི་ཆེད་དུ་རྒྱ་ནག་གཞུང་ལ། ཁོ་རང་ཕྱི་རྒྱལ་ཞིག་ལ་སྨན་བཅོས་བྱེད་པར་གཏོང་རོགས་ཞེས་རེ་འདུན་བཏོན་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་ཐོན་པ་བྷི་བྷི་སི་གསར་ཁང་གིས་འཁོད་ཡོད།
“ལུའུ་ཞོ་པོས་ཁོང་འདས་རྗེས་ཅི་ཞིག་ཡོང་རྒྱུ་ཡིན་པར་སེམས་ཁྲལ་བྱེད་ཀྱི་འདུག ཁོང་གིས་ཁོ་མོ་དང་ཁོ་མོའི་གཅེན་པོ་ཕྱི་རྒྱལ་ཞིག་ཏུ་འཐེན་ཐུབ་ན་ཅི་མ་རུང་སྙམ་གྱི་འདུག” ཅེས་ཁོང་གི་གྲོགས་པོ་ཞིག་གིས་བརྗོད་བྱུང།
ལུའུ་ཞཱ་ཡི་སྙིང་ནས་བརྩེ་བའི་ལུའུ་ཞོ་པོ་འདས་རྗེས་ཀྱི་ཁོ་མོའི་མ་འོངས་པའི་སྐོར་དྲིས་ཚེ། ཁྲིན་ཆན་གྱི་སྐད་གདངས་མར་ལྷུང་འགྲོ་བཞིན་འདུག “ང་ཚོས་ཁོ་མོ་ནི་ལུས་སེམས་གཉིས་ཐད་ནས་ཧ་ཅང་ནད་པར་གྱུར་ཡོད་པ་ཤེས་ཡོད། ང་ཚོ་ཚང་མས་ལུའུ་ཞོ་པོ་ལ་དུས་ཚོད་མང་པོ་ལྷག་མེད་པ་དང་། ལུའུ་ཞཱ་ལ་རྗེས་ཕྱོགས་གནས་ཚུལ་ཅི་ཞིག་འབྱུང་སྲིད་པར་སེམས་ཁྲལ་བྱེད་ཀྱིན་ཡོད།”ཟེར།
ལུའུ་ཞོ་པོ་ཚེ་ལས་འདས་པ་ཡིན་ན་ལུའུ་ཞཱ་ལ་ཁོང་གི་ཤུལ་བཞག་ཧ་ཅང་ཉུང་ཉུང་ཞིག་ལས་ལྷག་མེད། ཐ་ན་ལུའུ་ཞོ་པོ་ཡིས་ཁོ་མོར་བྲིས་བའི་སྙན་ཚིག་ཁག་དང་ཡི་གེ་ཚང་མའང་ ༢༠༠༩ ལོར་མེད་པར་གྱུར་སོང་ཞེས་ལུའུ་ཞཱ་ཡིས་བཤད་ཡོད།
“ ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༨ ནས་ ༡༩༩༩ ཟླ་ ༡༠ ཚེས་ ༨ ཉིན་བར་གྱི་ལོ་གསུམ་རིང་སྲིད་གཞུང་གིས་ལུའུ་ཞོ་པོ་ལ་ངལ་རྩོལ་བཙོན་རྭར་བསམ་བློ་བསྒྱུར་བཀོད་བྱས་པའི་རིང་ངས་ཁོང་ལ་ཡི་གེ་སུམ་བརྒྱ་ལྷག་བྲིས་ཡོད་པ་དང་། ཁོང་གིས་ཀྱང་ང་ལ་ཡིག་འབྲུ་ས་ཡ་གཉིས་ནས་གསུམ་བར་བྲིས་ཡོད། འོན་ཀྱང་སྲིད་གཞུང་གིས་ངེད་ཚང་གི་ཁང་པ་ཐེངས་མང་པོར་སྔོག་བཤེར་བྱས་ཏེ། ངེད་གཉིས་ཀྱི་ཡི་གེ་དེ་དག་རྩ་མེད་དུ་ཕྱིན་པ་རེད།” འདི་ནི་ངེད་གཉིས་ཀྱི་བརྩེ་དུང་གི་ལོ་ཟླ་ཡིན་ཟེར།
མ་རྩོམ་འབྲེལ་ཐག http://www.bbc.com/news/world-asia-40544415
གཞུང་པ་ཚེ་དབང་བསོད་ནམས་གང་དེར། ཁྱོད་ཀྱིས་དམངས་གཙོ་དང་མང་གཙོའི་བར་ཁྱད་པར་འདྲ་ཡོད་མདོག་གིས་དེ་སྔོན་ཟམ་གདོང་ཚང་གི་འགྲེལ་བཤད་རྙིང་པ་དེ་དག་ཡང་བསྐྱར་བཤད་པ་དེ་ནི་དོན་གྱི་སྙིང་པོས་སྟོང་པའི་མཁས་རྟགས་བསྟན་འཁུལ་བྱས་པ་རེད། དམངས་ཞེས་པའི་ཐ་སྙད་དེ་མང་པོའི་དོན་དུ་བེད་སྤྱོད་བྱས་པ་བོད་ཀྱི་གནའ་རབས་ཡིག་ཆ་མང་པོ་ཡོད་རེད། ཁྱོད་ཀྱིས་གནའ་བོའི་གཞུང་ཡིག་རྙིང་པ་དེ་འདྲ་མཐོང་མྱོང་ཡོད་དམ། གཞི་ནས་རྒྱལ་བ་ལྔ་པའི་རྣམ་ཐར་ཞིག་ཀློག་དང་དེའི་ནང་དམངས་མང་པོ་ཡོད་པ་རེད། དེ་ནས་ཁྱོད་ཀྱིས་དམངས་ཀྱི་དོན་ཤེས་ངེས་ལ་དེ་བོད་ཀྱི་ཡི་གེ་རྙིང་པ་ཡིན་པ་ལས་དུས་འགྱུར་རྗེས་སུ་བྱུང་བའི་ཐ་སྙད་གསར་པ་མིན་པ་དེ་གསལ་པོ་ཤེས་ཀྱི་རེད། མཁས་པ་ཐུགས་འུར་ནས་གང་བྱུང་བཤད་པའི་རྗེས་སུ་རྒྱུགས་ཀྱང་བྱས་ན་རང་ཉིད་ཀྱི་རང་ཚང་མངོན་ངེས་སོ།།
བརྩེ་དུང་གི་གཏམ་རྒྱུད་འདི་ཅི་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད།
བོད་ཀྱི་དུས་བབ་དང་ཡིག་སྒྱུར་བ་གཉིས་ཀར་ཐུགས་རྗེ་ཆེ་ཞུ།
རྒྱ་ནག་གི་དམངས་གཙོ་འཐབ་རྩོད་པ་དང་རླབས་ཆེན་གྱི་རྩོམ་པ་པོ་འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཡོང་དེ་རིང་ཞི་དྲོའི་ཆུ་ཚོད་ ༥ སྟེང་རྒྱ་ནག་ཧྲེང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐུ་གྲོངས་འདུག
དཔྱད་རྩོམ་འདིའི་ནང་མང་གཙོའི་ཚབ་ཏུ་ད་སྔོན་འཇུག་དང་ས་ཡང་འཇུག་ཡོད་པའི་དམངས་གཙོ་ཟེར་བའི་གྲལ་རིམ་གྱི་ཐ་སྙད་མང་ཙམ་བེད་སྤྱོད་གནང་སྟངས་ལ་ཞིག་ན་རྒྱ་ནག་གི་གནམ་བདེ་གོ་མོའི་སློབ་ཕྲུག་གི་གྱེན་ལངས་དེ་དག་མང་གཅོ་ (Democracy) ཆེད་དུ་མ་ཡིན་པར་དམངས་གཙོ་ ( Proletarain) གྲལ་རིམ་ ( class) གྱི་ཐབ་རྩོད་ལ་ཁ་ཕྱོགས་པ་ཡིན་ནམ་???
འོ་ན་ཁྱོད་ཀྱིས་འདིར་”མང་གཅོ” ཞེས་མིང་ཅ་བྱས་འདུག་པ་དེར་མང་གཙོའི་གོ་བ་གཞན་ཞིག་ཡོད་ཤག་རེད་ཧཧཧ 🙂