བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༤ སྟེང་གི་རྩོམ་སྒྲིག་པའི་གཏམ།
ད་ལྟའི་ཆར་ཨ་རིའི་ནང་དུ་བར་མའི་འོས་བསྡུའི་ལས་དོན་ཚ་ཚ་འུར་འུར་ངང་འགྲོ་བཞིན་འདུག ཨ་རིའི་ནང་གི་ཆབ་སྲིད་ཀྱི་འགྱུར་བ་རེ་རེ་བཞིན་བོད་དོན་དང་འབྲེལ་བ་ཡོད་རེད་ལབ་ཚོད་མི་ཐུག་ཀྱང་། ད་བར་དུ་ཨ་རིའི་གཞུང་གི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱས་པའི་ཚད་མཐོན་པོ་རེད། ལྷག་པར་དུ་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཀྱི་ཆབ་སྲིད་པ་ཚོས་སྐད་ཆ་འདི་འདྲ་ཞིག་ལབ་སྲོལ་ཡོད་རེད། གནད་དོན་མང་པོ་ཞིག་ཐད་ནས་ཆབ་སྲིད་ཚོགས་པ་གཉིས་ཀྱི་ལྟ་བ་དང་ལངས་ཕྱོགས་ཐ་དད་ཡིན་ཡང་། བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་དོན་དང་འབྲེལ་བའི་ཐག་གཅོད་ཐོག་མ་བགྲོས་བསམ་པ་གཅིག་མཐུན་ཡིན་ཞེས་པ་དེ་རེད།

ཕྱི་ཟླ་ ༡༡ ཚེས་ ༣ ཉིན་བར་མའི་འོས་བསྡུའི་གྲུབ་འབྲས་ཕྱི་ལ་ཐོན་གྱི་རེད། ཉེ་བའི་ཆར་ཨ་རིའི་ནང་བོད་མི་ཁག་ཅིག་གིས་བོད་ཀྱི་གྲོགས་པོ་དང་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝན་(Jim McGovern)ལགས་སླར་ཡང་འོས་འདེམས་ཡོང་བར་འོས་བསྡུའི་དྲིལ་བསྒྲགས་ཐད་ནས་རྒྱབ་སྐྱོར་དང་། འོས་བསྡུའི་འགྲོ་གྲོན་ཆེད་ཞལ་འདེབས་འབུལ་བ། དེ་བཞིན་དངོས་སུ་འོས་འཕེན་དགོས་པའི་གསལ་འདེབས་བྱེད་བཞིན་འདུག དེ་ནི་དྲིན་ཤེས་པ་ཙམ་མིན་པར་དྲིན་དྲན་པའི་བག་ཡོད་ཀྱི་བྱ་སྤྱོད་ཅིག་རེད་སྙམ། དེ་མ་ཟད་ཨ་རིར་གནས་པའི་བོད་མི་ཚོས་ཆབ་སྲིད་ཀྱི་ཁོར་ཡུག་ཁྲོད་ནས་ཅི་ཞིག་བསྒྲུབས་འོས་པ་དང་། གང་ཞིག་བྱས་ན་ལེགས་པའི་ཐབས་ལམ་འཚོལ་བཞིན་པའི་རྟགས་མཚན་ཞིག་རེད། ཁོང་ལ་ཕལ་ཆེར་འོས་འཐོབ་ཀྱི་རེད་ལ། སླར་ཡང་གྲོས་ཚོགས་འཐུས་མི་ཞིག་ཆགས་ངེས་རེད།
འདི་ལས་གལ་ཆེ་བའི་གནད་དོན་ཞིག་ཡོད་ཀྱང་། ད་བར་གླེང་སློང་དང་སེམས་འཚབ་བྱེད་མཁན་མི་འདུག དེ་ནི་འདི་ལོའི་ཕྱི་ཟླ་༥ ཚེས་ ༢༢ ཉིན་ངོ་སྤྲོད་བྱས་པའི་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་དང་འབྲེལ་བ་ཡོད། ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་བྱེད་མཁན་ནི། དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝན་རེད། སྤྱི་མཐུན་ཚོགས་པའི་ཕྱོགས་ནས་མའེ་ཁལ་མེག་ཁོལ་(Michael McCaul)ལགས་རེད། ཁོང་ད་ལོ་འོས་མིར་བཞེངས་མེད། གལ་ཏེ་སྐབས་ ༡༡༩ པའི་གྲོས་ཚོགས་ཀྱི་ལས་ཡུན་ཏེ། ཕྱི་ལོ་ ༢༠༢༧ ཟླ་ ༡ ཚེས་༣ བར་དུ་ཁྲིམས་འཆར་འདི་ཁྲིམས་སུ་ཆགས་མ་ཐུབ་པ་ཡིན་ན། ཁྲིམས་འཆར་དེ་བསྐྱར་དུ་ངོ་སྤྲོད་བྱེད་དགོས་རེད། བརྒྱུད་རིམ་ཆ་ཚང་ཞིག་མགོ་ནས་འགྲོ་དགོས་པས། དུས་ཚོད་ངེས་ཅན་འགོར་ངེས་རེད།
དེ་ཡང་དུས་ཚོད་གཅིག་པུའི་གནད་དོན་ཞིག་ཀྱང་མ་རེད། མའེ་ཁལ་མེག་ཁོལ་གྱི་ཚབ་ཏུ་ངོ་སྤྲོད་བྱེད་མཁན་ཞིག་ཀྱང་དགོས་རེད། འདི་ནི་རིམ་པ་དང་པོ་རེད། གྲོས་ཚོགས་འོག་མའི་ནང་ལ་ངོ་སྤྲོད་བྱས་པ་ཙམ་གྱིས་མི་ཆོག་པར་རིམ་པ་གཉིས་པ་དེ་གྲོས་ཚོགས་གོང་མའི་ནང་ལ་ངོ་སྤྲོད་བྱེད་མཁན་དགོས་རེད། སྟབས་ལེགས་པ་ཞིག་ལ་དེ་སྔ་ངོ་སྤྲོད་བྱེད་མཁན་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇའེ་ཧྥི་མྲག་ལེ་(Jeff Merkley)དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་རི་ཤི་(Jim Risch) གཉིས་ཀ་ད་ལོའི་བར་མའི་འོས་བསྡུའི་ནང་འོས་མིར་ལངས་འདུག མའེ་ཁལ་མེག་ཁོལ་ཕུད་པའི་འཐུས་མི་གཞན་གསུམ་པོ་བསྐྱར་དུ་འོས་འདེམས་བྱུང་བ་ཡིན་ན། གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་བྱེད་མཁན་གཅིག་ལས་འཚོལ་མི་དགོས་པས་ད་དུང་རེ་བ་འདུག དེ་སྔ་གཏན་འབེབས་བྱས་པའི་བོད་དང་འབྲེལ་བའི་ཁྲིམས་འཆར་གསུམ་པོ་ཁྲིམས་སུ་གྱུར་བར་ཆ་སྙོམས་ཐོག་ལོ་གཅིག་དང་ཟླ་བ་ལྔ་ལྷག་འགོར་འདུག་པས། ད་ལོ་གསར་དུ་ངོ་སྤྲོད་བྱས་པའི་ཁྲིམས་འཆར་དེ་ཁྲིམས་སུ་འགྱུར་བར་གོང་མཚུངས་ཀྱི་དུས་ཚོད་ཅིག་འགོར་གྱི་ཡོད་ན། བསྐྱར་དུ་ངོ་སྤྲོད་བྱེད་དགོས་ཐུག་ས་རེད། བོད་ཀྱི་ཆབ་སྲིད་མི་སྣ་དང་ཨ་རིའི་ནང་གི་བོད་མི་ཚོས་རྣམས་ཀྱིས་འགན་འཕར་བ་མ་ཞིག་འཁུར་ཏེ་ང་ཚོའི་ཡུན་རིང་གི་གྲོགས་པོ་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཨ་ཅང་ཅང་། འོས་བསྡུ་ལྟ་བུའི་གོ་སྐབས་དམ་འཛིན་བྱས་ཏེ་གྲོགས་པོ་གསར་པ་འཚོལ་དགོས་པ་ནི་གནད་ཀྱི་དམ་རེད་སྙམ།

