ཆབ་མདོ་ངག་ཕུན་གྱིས་བརྩམས།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ ལྷག་དཀར་ཉིན་ང་དང་བཟའ་ཟླ་གཉིས་དྷ་སའི་གློག་བརྙན་ཁང་དུ་བོད་ཀྱི་གློག་བརྙན་གྲགས་ཅན་ “ཆུ་བཞི་སྒང་དྲུག་”ལ་ལྟ་བར་ཕྱིན། ལྟད་མོ་དེར་མགོ་ནས་མཇུག་བར་དུ་བལྟས་ཤིང་། དགའ་སྤོབས་དང་སྐྱོ་གདུང་འདྲེས་མ་ཞིག་སྐྱེས་བྱུང་། དེང་དུས་བོད་པའི་གློག་བརྙན་འདི་འདྲ་ཞིག་བཟོ་སྐྲུན་གནང་བ་ནི་ཧ་ཅང་དུས་ལ་བབས་པ་ཞིག་ཡིན་པ་ཚོར་བྱུང་།

ང་རང་ལ་ཆ་མཚོན་ན་བོད་ནང་ཡོད་དུས་“ཆུ་བཞི་སྒང་དྲུག་”གི་སྐོར་ལ་རབ་རོབ་ཙམ་ལས་གཏིང་ཟབ་པོ་གང་ཡང་གོ་མྱོང་མེད། ཡིན་ནའང་ཕྱི་ལོ་ ༡༩༨༩ ལོར་བཙན་བྱོལ་དུ་སླེབས་དུས། ཨ་ཞང་གིས་གཞུང་ཞབས་ནས་རྒས་ཡོལ་ཞུས་ཏེ། རྡོ་གླིང་ཆུ་བཞི་སྒང་དྲུག་གི་གཞིས་ཆགས་བླ་མ་ཧ་ཀྲ་ཟེར་བའི་ལུང་ཁུག་དེར་ཁ་འདོན་དགེ་སྦྱོར་ལ་བརྩོན་ནས་བཞུགས་འདུག །ཨ་ཞང་གིས་ཆུ་བཞི་སྒང་དྲུག་གིས་བོད་བསྟན་པ་དང་ཆབ་སྲིད་ཀྱི་དོན་དུ་ལུས་དང་ལོངས་སྤྱོད་བཅས་པ་ཕངས་མེད་དུ་བཏང་ནས་རྒྱ་དམག་དང་འཐབ་འཁྲུག་ཐེངས་མང་བྱས་ཡོད་ཚུལ་སོགས་ཡང་ཡང་བཤད་ཀྱི་ཡོད།
དེ་བཞིན་སྐབས་དེར་བགྲེས་སོང་བློ་ཉི་ཡང་དེར་བཞུགས་འདུག་ཅིང་། ཁོང་གིས་ཆུ་སྒང་དམག་གིས་རྒྱ་དམག་དང་འཐབ་འཛིང་བྱས་རབས་མང་པོ་བཤད་ཀྱི་ཡོད། ཁོང་གིས་ང་ཚོ་ལ་སྐབས་དེ་དུས་གོ་ལག་འདང་ངེས་ཤིག་ཡོད་ན། ང་ཚོ་ཕ་ཡུལ་དང་ཁ་བྲལ་ནས་མི་ཡུལ་ལུང་པར་བཙན་བྱོལ་དུ་གནས་དགོས་ཆགས་ཡོད་ཀྱི་མ་རེད། བོད་ས་ཤོར་ཡོད་ཀྱི་མ་རེད་ཅེས་ཟེར་གྱི་ཡོད། གློག་བརྙན་དེའི་ནང་དུ་ཡང་དམག་རྣམས་ཀྱི་མེ་མདའི་མདེའུ་རྫོགས་པ་མཐོང་དུས་དེ་དེ་བཞིན་ནོ་སྙམ་པའི་བསམ་བློ་ཞིག་འཁོར་བྱུང་། བློ་ཉི་ནི་གློ་དམག་སྒར་ནང་དུ་ཞུགས་མྱོང་མཁན་གྱི་མི་སྣ་ཞིག་ཀྱང་ཡིན། མཐར་བླ་མ་ཧ་ཀྲ་གྲོགས་མེད་ཁེར་རྐྱང་འོག་ཏུ་འདས་གྲོངས་ཕྱིན་པ་རེད། དེ་དག་ནི་བློ་ཕམ་དགོས་པའི་གནད་དོན་ཞིག་མིན་ན་ཅི་ཞིག་ཡིན།
དེང་སྐབས་དེ་དག་དྲན་དུས་ཁོང་ཚོས་རྒྱུ་ནོར་ལོངས་སྤྱོད་དང་བཅས་པ་བོད་མི་རིགས་ཀྱི་དོན་དུ་བློས་བཏང་གནང་ཡོད་པ་རྟོགས་ཐུབ། ཡིན་ནའང་བགྲེས་སོང་དེ་དག་གིས་རང་ཉིད་ཀྱིས་བོད་མི་རིགས་ཀྱི་དོན་དུ་སྲོག་དམར་འབེན་ལ་བཙུགས་ནས་རྒྱ་དམར་དང་དམག་འཐབ་བྱས་ཡོད་ཚུལ་གྱི་བྱས་ཡུས་ཚིག་གི་ཟུར་ཙམ་ཡང་བཤད་པ་ངས་གོ་མྱོང་མེད། ད་སྐབས་ཕྱིར་འདང་བརྒྱབ་ན་མི་སྣ་དེ་དག་ནི་དེ་འདྲའི་བློ་རྒྱ་ཆེ་ཞིང་། བློ་སྟོབས་ཆེ་བ། ཕུགས་རྒྱང་རིང་བ། མི་རིགས་ཀྱི་རྩ་དོན་བསམ་མཁན་གྱི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་ཚོར་གྱི་འདུག་ལ། ད་རེབ་ཆུ་བཞི་སྒང་དྲུག་གི་གློག་བརྙན་དེར་བལྟས་དུས་ཁོང་རྣམ་པ་ལ་དེ་བས་ཀྱང་དགའ་ཞེན་དང་གདེང་སྤོབས་སྐྱེས་བྱུང་།
འཛམ་གླིང་མི་དམངས་མང་ཆེ་བས་བོད་མི་ཚོས་ནང་ཆོས་མ་གཏོགས་དྲག་པོའི་ལས་འགུལ་དེ་འདྲ་སྤེལ་ནས་རྒྱ་དམག་ལ་ཁ་གཏད་ལངས་ཡོད་པ་ཚོར་གྱི་མེད་ལ། མང་ཆེ་བར་དེའི་སྐོར་གྱི་གོ་ཐོས་ཀྱང་ཡོད་ཀྱི་མ་རེད་སྙམ། ལྷག་དོན་བོད་ཆོལ་ཁ་གསུམ་དུ་དེ་དང་དེ་འདྲ་བའི་རྒྱ་དམར་ལ་འཐབ་འཛིང་བྱས་ཡོད་ཅིང་། མཐའ་ན་ལུང་པ་རེ་ཟུང་ལ་བུད་མེད་ལས་སྐྱེས་པ་མཐོང་རྒྱུ་མེད་པར་གྱུར་པའི་གཏམ་རྒྱུད་དུ་མ་ཞིག་བཤད་རྒྱུ་ཡོད།
དེ་ཡང་བློ་ཉིའི་ཚིག་ཐོ་ལས[1] “ལྕགས་ར་དཔལ་འབར་དམག་སྒར་དུ་ཆབ་ཁོངས་སེར་སྐྱ་གོ་རྟ་རང་འགྲིགས་ཡོད་མེད་སྣ་ཚོགས་རིམ་འདུས་ཀྱིས་མི་གྲངས་དགུ་བརྒྱ་ཉི་ཤུ་ཡོད་པ་དེ་དག་གི་གཙོ་འཛིན་བེ་རི་སྤྲུལ་སྐུ་པད་བདེ་ནས་འགན་བཞེས་ཤིང་། དམག་སྤྱི་ཞི་བ་ལྷ་དང་། དམག་སྤྱི་གཞོན་པ་གཞོམ་མདའ་འབོ་རོ་ཟླ་བ་ཚེ་རིང་གཉིས་ཡིན། ཁུལ་དེར་རྒྱ་དམག་དང་དྲག་འཐབ་སྔ་རྗེས་རིམ་གྱིས་བྱེད་སྐབས་གཙོ་འཛིན་དང་དམག་སྤྱི་གཉིས་ཀྱིས་གཙོས་སེར་སྐྱ་མི་གྲངས་བརྒྱ་ལྷག་གི་ཚེ་སྲོག་ཤོར་ཡོད་”ཅེས་གསལ་ཡོད། དེ་དང་དེ་འདྲ་བའི་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་དམར་དང་དྲག་འཐབ་བྱས་ནས་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད། དེར་བརྟེན་དཔའ་བོ་དཔའ་མོ་དེ་དག་གི་བློས་བཏོང་ནི་ང་ཚོའི་ན་གཞོན་རྣམས་ཀྱིས་ནམ་ཡང་མ་བརྗེད་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་དེ་རེད།
ཛ་དྲག་གི་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་འཁོར་རྣམས་སྐུ་ངལ་འཛེམས་མེད་ཀྱིས་བོད་རིགས་དང་། ཡང་སྒོས་སངས་རྒྱས་བསྟན་པའི་ཆེད་དུ་དཀའ་བ་ཁྱད་དུ་བསད་དེ་ལ་ལུང་དུ་མ་བརྒལ་ནས་བཙན་བྱོལ་དུ་ཕེབས་པ་རེད། རྒྱ་དམག་གིས་རྗེས་འདེད་ཀྱིས་དངངས་འཚབ་དང་ཕེབས་ལམ་དོག་ཤིང་དཀའ་ཚེགས་དུ་མའི་ཐོག་ནས་ཕེབས་དགོས་བྱུང་བ་སོགས་ལ་བསམ་ཚེ་རང་དབང་མེད་པར་མིག་ཆུ་མི་ཤོར་བ་ཅི་ལ་སྲིད།
དེ་ཡང་མི་ཚེའི་འབྱུང་བ་བརྗོད་པ་ལས།[2] “རི་བོ་བདེ་ཆེན་དགོན་ནས་ཕེབས་ཐོན་གྱིས་འཕྱོངས་རྒྱས་རྫོང་གི་ལྷོ་ངོས་མདུན་གྱི་གདོང་དཀར་ལ་རུ་འཛེགས་ཏེ་ཆུ་ཚོད་གཉིས་ཙམ་ལ་ལ་རྩེར་ཕེབས་སྐབས་གངས་འཁྱགས་ཀྱིས་འཁྱགས་རོམ་དུ་མི་རྟ་གཉིས་ཀ་འདྲེད་བརྡར་ཤོར་བ་དང་། ལ་ལ་གངས་དཀྱིལ་དུ་རྐང་པ་དིམ་ནས་འགྲོ་བསྐྱོད་དཀའ་བ་མ་ཟད། གྲང་ངར་ཧ་ཅང་ཆེ་བས་༸གོང་ས་མཆོག་གིས་དབུས་ཆིབས་ཞབས་ཚང་མ་སྐུ་ངལ་ཆེན་པོ་བྱུང་”ཞེས་པ་ལས་སྐུ་ངལ་ཚད་མེད་བྱུང་ཡོད་པ་རྟོགས་ཐུབ་པ་ཞིག་རེད།
དེ་བཞིན་གློག་བརྙན་ནང་དུ་རི་བོ་དེ་དག་བརྒལ་དུས་༸གོང་ས་མཆོག་གིས་གཙོས་སྐུ་འཁོར་རྣམས་ལ་སྐུ་ངལ་ཚད་མེད་མྱོང་བ་དེ་མཐོང་དུས། རང་ཉིད་བོད་ནས་བྲོས་བྱོལ་གྱི་ལམ་དུ་ཡོང་དུས་ཀྱི་དཀའ་སྡུག་དང་། མཐའ་མཚམས་དམག་མིས་ག་དུས་འཛིན་བཟུང་བྱེད་ཡོང་སྙམ་པའི་སེམས་ནང་གི་འཇིགས་སྣང་དང་དངངས་སྐྲག་བཅས་བསྐྱར་དུ་ཚོར་བྱུང་། ལམ་ཁ་འདི་འདྲ་བརྒྱུད་ནས་འོང་མྱོང་མཁན་ཞིག་ཡིན་ན་མ་གཏོགས་མྱོང་ཚོར་ཡོང་ཐབས་མེད་སྙམ།
ལྷག་པར་དུ་གློག་བརྙན་འཁྲབ་ཁྲིད་དེ་དཔེ་མི་སྲིད་པའི་ཡག་པོ་གནང་འདུག་ཅིང་། རྒྱབ་ལྗོངས་ཀྱི་ཡུལ་ལྗོངས་དེ་དག་དང་། འཁྲབ་མཁན་རྣམ་པས་མེ་མདའ་བརྒྱབ་སྟངས། ངོ་གདོང་གི་རྣམ་འགྱུར་སྟོན་སྟངས་སོགས་ཧ་ཅང་གསོན་ཉམས་ལྡན་པ་ཞིག་འདུག གློག་བརྙན་ནང་གི་སྒྲ་དབྱངས་དེ་དག་ཀྱང་ཞི་དྲག་དང་སྐྱོ་གདུང་མཚོན་པར་བྱེད་པ་ཞིག་ཡིན་པས། མིའི་སེམས་ཁམས་ལ་ཚོར་ཤུགས་ཆེན་པོ་སྦྱིན་པའི་ནུས་པ་ལྡན་འདུག བོད་མིའི་ཁྱད་ཆོས་མཚོན་པའི་སྒྲ་དབྱངས་བཟོ་སྒྲིག་གནང་མཁན་གློག་བརྙན་བཟོ་སྐྲུན་པ་གཞན་ཕན་ལགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འཁྲབ་མཁན་རྣམ་པ་ཚང་མས་དངོས་ཡོད་ནང་བཞིན་འཁྲབ་འདུག་ཅིང་། ལྷག་པར་དུ་ཀུན་དགའ་འཁྲབ་མཁན་དེས་དཔེ་མི་སྲིད་པའི་ཡག་པོ་འཁྲབ་འདུག་ལ། རྣམ་འགྱུར་སྒམ་ཚུགས་ལྡན་པ་ཞིག་ཏུའང་མཐོང་བྱུང་། དེ་བཞིན་རྒྱ་དཔོན་གྱི་ཕྱོགས་ནས་འཁྲབ་མཁན་དེ་ནི་དངོས་གནས་རྒྱ་དཔོན་གྱི་རྣམ་འགྱུར་ཨ་ན་མ་ན་རེད་འདུག ངས་དེ་ལྟར་བརྗོད་དུས་ཁོ་རང་གློག་བརྙན་སྐོར་ལ་མཁས་པ་ཞིག་ཡིན་ནམ་སྙམ་པའི་དགོངས་པ་འཁོར་སྲིད་མོད། ང་ནི་གློག་བརྙན་སྐོར་ལ་གང་ཡང་མི་ཤེས་མཁན་ཞིག་ཡིན། འོན་ཀྱང་རང་ཉིད་གློག་བརྙན་ལྟ་རྒྱུར་དགའ་མོས་ཡོད་མཁན་དང་། ལྷག་པར་དུ་བོད་དོན་དང་འབྲེལ་བའི་གློག་བརྙན་དེ་ལས་ཀྱང་དགའ་པོ་བྱེད་མཁན་ཞིག་ཡིན། གློག་བརྙན་དེ་དག་ལྟ་དུས་སེམས་ནང་ཚོར་སྣང་གང་ཞིག་ཤར་བ་རྣམས་བྲིས་པ་ལས་གཞན་གང་ཡང་མེད།
ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེ་བོད་དང་རྒྱ་གར་ས་མཚམས་སུ་ཕེབས་ནས་རྒྱ་གར་ས་མཚམས་ནས་ཞལ་བོད་ཀྱི་ཕྱོགས་སུ་ཕྱོགས་ཏེ་སྐྱོ་ཉམས་དོད་པོའི་སྒོ་ནས་གཟིགས་པ་དེ་མཇལ་དུས་སེམས་ནང་ན་ཟུག་ལངས་ཤིང་མིག་ཆུ་དབང་མེད་དུ་ཤོར་སོང་། ང་སྡོད་སའི་གཡས་གཡོན་གྱི་བོད་མི་ཚང་མས་མིག་ཆུ་འཕྱིད་བཞིན་འདུག
དེ་ཡང་མཛད་རྣམ་ལས།[3] “ཕྱི་ཉིན་སྔ་དྲོ་ཡང་ངོས་ནད་མནར་གྱིས་རྟ་བཞོན་མི་ཐུབ་ཀྱང་། རྒྱལ་སྲུང་ཁམས་པ་དང་དམག་མི་ཚོའི་འགན་འཁུར་ཡང་དུ་གཏོང་དགོས་པར་བསམས་ནས་ཐོན་རྒྱུ་བྱས། ཐོན་ཁར་ཕྱིར་ལོག་བྱེད་མཁན་ཚོར་མཇལ་ཁ་དང་སྲུང་དངོས་སྤྲད་དེ་ཁོང་ཚོས་བསྟན་སྲིད་མི་དམངས་ཀྱི་བདེ་དོན་དུ་བསམ་པའི་སྙིང་སྟོབས་ལ་ཡི་རངས་ཤིང་། དགྲ་ཕྱོགས་སུ་རང་སྲོག་ཁ་ཙམ་མིན་པར་བློས་བཏང་གིས་བསྐྱོད་རྒྱུ་ཡིད་སྐྱོ་བ་དང་། དེ་ཉིན་རང་བོད་ས་བརྒལ་ནས་གཞན་དུ་འགྲོ་རྒྱུ་ཡིན་པ་བློ་ཤིན་ཏུ་འཕྲེང་བ་ཞིག་གི་ངང་དུ་ཞག་སྡོད་ནས་ཐོན་བསྐྱོད་བྱས།” ཞེས་དང་།
དེ་བཞིན་མི་ཚེའི་འབྱུང་བ་བརྗོད་པ་ལས།[4] “རྒྱ་གར་གྱི་ས་སྲུང་སྡོད་ས་སྐས་འཛེག་མ་ཎི་ཞེས་པའི་ས་གནས་སུ་ཕེབས་སྐབས་མོན་རྟ་དབང་དུ་བཅའ་སྡོད་རྒྱ་གར་གྱི་དཔོན་རིགས་གཙོ་བོ་མུར་ཏི་སབ་ཅེས་པ་དང་། ལས་བྱེད་འབ་སྦུ་བླ་མ། ཆུ་དྭངས་མོར་གནས་སྡོད་རྒྱ་གར་ས་སྲུང་ལས་བྱེད་བོད་མི་བློ་བཟང་ཟླ་བ་ལགས། སྐྱེས་ཡུལ་འཕན་པོ་དང་རྭ་སྒྲེང་བླ་བྲང་གི་ཞབས་གྲས་ཡིན་པ། ས་སྲུང་དམག་ ༣༠ ལྷག་ཙམ་བཅས་ནས་ཕེབས་བསུ་མཚམས་ཞུས་”ཞེས་གསལ་ཡོད།
གང་ལྟར་འགོ་འོག་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ནས་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་བ་རེད། སྐབས་དེ་དུས་འབྲེལ་ཡོད་འགོ་ལས་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། སྐབས་དེ་དུས་ཁོང་རྣམ་པས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཛ་དྲག་ཅན་གྱི་དུས་སྐབས་དེར་༸རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་རྒྱུའི་ཐག་མ་བཅད་ཚེ། ད་སྐབས་བོད་མི་རིགས་ཞེས་པའི་མིང་འདི་འཛམ་གླིང་ཐོག་ཏུ་འབོད་རྒྱུ་མེད་པ་རྒྱ་དམར་གྱིས་བཟོས་ཟིན་ཡོད་རྒྱུ་རེད། དེ་དང་འབྲེལ་བའི་བོད་ཀྱི་དངོས་ཡོད་གནས་ཚུལ་དང་འབྲེལ་བའི་གློག་བརྙན་བཟོ་སྐྲུན་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད།
ལྷག་པར་དུ་རྒྱ་དམག་གིས་དགོན་པའི་མཁན་པོ་དང་གྲྭ་པ་ཚང་མ་བསད་ཅིང་། དགོན་པའི་འདུ་ཁང་ཚང་མ་ཁྲག་གིས་དམར་ཆིལ་ལེར་བཏང་བ། མཐར་དགོན་པའི་མཁན་པོ་དམག་མིར་ཞུགས་ཏེ་རྒྱ་དམག་དང་དམག་འཐབ་ནང་དུ་སྐུ་གྲོངས་པ་དེ་དག་ནི་སྙིང་ལ་ན་ཟུག་གཏོང་བ་ཞིག་རེད། ང་ཚོས་གློག་བརྙན་དེ་རིགས་མང་ཙམ་བཟོ་སྒྲིག་གནང་ནས་འཛམ་གླིང་གི་སྡིངས་ཆའི་ཐོག་ཏུ་སྟོན་ཐུབ་པའི་ཐབས་ཤེས་བྱེད་དགོས་ཀྱི་འདུག དེ་ལྟར་གནང་ཐུབ་ཚེ་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་ནི་བརྗོད་མ་དགོས་པ་ཞིག་རེད།
དེང་སྐབས་རང་རེའི་ན་གཞོན་འགའ་ཤས་ཀྱི་སེམས་སུ་བོད་མི་རྒན་རབས་ཚོས་རྒྱ་དམར་ལ་ཁ་གཏད་མ་བྱས་པར་བོད་དེ་ལས་སླ་པོ་ཞིག་གི་ཐོག་ནས་བཙན་འཕྲོག་བྱས་པ་ཞིག་ཏུ་ཚོར་མཁན་ཡོད་ཅིང་། དེ་བཞིན་འཛམ་གླིང་གི་མི་མང་ཚོས་ཀྱང་བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས་ཤེས་མཁན་དཀོན་པོ་ཡིན་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་གློག་བརྙན་གྱི་ཐབས་ལམ་སྣ་ཚོགས་བརྒྱུད་བོད་དོན་གྱི་དངོས་ཡོད་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པའི་དུས་ལ་བབས་འདུག་སྙམ།
དེ་བཞིན་རང་རེའི་མ་འོངས་པའི་བོད་མི་རིགས་ཀྱི་སོན་རྩ་ན་གཞོན་རྣམས་ཡིན་དུས། སློབ་གྲྭ་ཁག་ཏུ་རྒྱལ་ཞེན་གྱི་སློབ་གསོ་སྤྲད་རྒྱུ་ནི་གལ་ཆེའི་གནད་དོན་ཞིག་ཡིན། མི་ཞིག་ལ་རྒྱལ་ཞེན་གྱི་བསམ་བློ་མེད་ན་མི་དེར་མི་རིགས་ལ་བཅངས་པའི་བརྩེ་སེམས་ཡོང་གི་མ་རེད། མི་དེར་རྒྱལ་ཞེན་གྱི་བསམ་བློ་ཞིག་ཡོད་ཚེ་དཀའ་སྡུག་གང་འདྲ་ཞིག་འཕྲད་ནའང་མི་རིགས་ལ་གནོད་པའི་ལས་དོན་ནམ་ཡང་བྱེད་ཀྱི་མ་རེད་སྙམ།
ང་ཚོ་ལུང་པ་དུ་མ་བརྒལ་ནས་མི་ཡུལ་ལུང་པར་ཡོང་དགོས་པའི་རྒྱུ་མཚན་ནི། ཁ་ལ་ཟ་རྒྱུ་མ་རག་པ་དང་ལུས་ལ་གྱོན་རྒྱུ་མ་རག་ནས་མི་ཡུལ་དུ་ཡོང་བ་མ་རེད། ང་ཚོའི་རྒྱལ་ཁབ་གཞན་གྱིས་བཙན་འཕྲོག་བྱས་པས། ང་ཚོ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ཞིག་རེད། དེ་ཡང་༸གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྡུས་ལས།[5] “ང་ཚོས་འཐབ་རྩོད་བྱེད་དགོས་པའི་རྒྱུ་མཚན་ནི། བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་གི་མགོ་ཐོག་ཏུ་ཐོབ་ཐང་མེད་པ་གཞན་དག་ཅིག་གིས་དབང་བསྒྱུར་བྱས་པ་དེ་ལ་འཐབ་རྩོད་དགོས་པ་དེ་རེད། ཇི་སྲིད་བོད་རྒྱ་ཆེའི་མི་མང་གི་འདོད་པ་ཁེངས་པའི་དམིགས་ཡུལ་ཞིག་མ་འགྲུབ་ཀྱི་བར་དུ་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དེ་བརླག་རྒྱུ་དང་བརྗེད་ཐབས་ནམ་ཡང་མེད་པས་སྙིང་སྟོབས་བསྐྱེད་དེ་ད་མུས་བཞིན་འབད་བརྩོན་བྱེད་དགོས།” ཅེས་བཀའ་སློབ་ཕེབས་ཡོད། རིན་ཐང་ཅན་གྱི་བཀའ་སློབ་དེ་དག་སྙིང་ལ་བཅངས་ནས་བོད་མི་འགོ་འོག་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ནས་ལས་དོན་གནང་དགོས་པ་དེ་རེད། ང་ཚོའི་འཐབ་རྩོད་ནི་མི་རིགས་ཀྱི་འཐབ་རྩོད་ཡིན་པ་ལས། གནས་སྐབས་ཀྱི་བདེ་སྡུག་ཆེད་དུ་གཏན་ནས་མིན།
དེང་སྐབས་རྒྱ་དམར་གྱིས་ཁ་ནས་དེང་རབས་ཀྱི་སློབ་གསོ་ཞེས་ཁ་དབྱངས་སྙན་པོའི་གྲིབ་འོག་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ལས་གཞི་དངོས་སུ་མགོ་བཙུགས་ཡོད། དེ་ཡང་བོད་རིགས་ལོ་ན་ཆུང་བ་རྣམས་བཅའ་སྡོད་སློབ་གྲྭར་བཅུགས་ནས་བོད་ཕྲུག་རྣམས་ལ་རྒྱ་སྐད་ལས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་མེད། རྒྱུ་མཚན་དེར་བརྟེན་བཙན་བྱོལ་རང་དབང་ལུང་པར་ཡོད་མཁན་འགོ་ལས་ཚང་མས་ཡིད་གཟབ་ཐོག་ནས་ན་གཞོན་རྣམས་ལ་སློབ་གསོ་སྤྲོད་རྒྱུ་གལ་ཆེའི་གནད་དོན་ཞིག་ཡིན། ལྷག་པར་དེང་སྐབས་རྒན་གཞོན་མང་པོས་བོད་སྐད་བཤད་སྐབས་སྣང་མེད་ཐོག་ནས་སྐད་ཡིག་གཞན་བསྲེས་ནས་བརྗོད་པ་མཐོང་རྒྱུ་ཡོད། རིམ་པས་དེ་དག་དར་ཁྱབ་ཕྱིན་ནས་བོད་སྐད་ཉམས་ཆག་འགྲོ་རྒྱུ་ཡིན་པ་བརྗོད་མ་དགོས་པ་ཞིག་རེད། ད་ལྟ་ནས་དེ་དག་སྔོན་འགོག་བྱེད་དགོས་པ་ཞིག་རེད།
དེ་ཡང་༸གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྡུས་ལས།[6] “དེང་དུས་ཧིན་དི་དང་། དབྱིན་ཇི་ཕྲན་བུ་ཤེས་པའི་གཞོན་ནུ་ཚོས། མི་ཞིག་འཕྲད་མ་ཐག་ཧ་ལོ་ཟེར་བ་དང་། ཡུ་ནོའི་ཟེར་བ་སོགས་བོད་སྐད་ནང་དབྱིན་ཇིའི་མིང་ཚིག་མང་པོ་བསྲེས་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀྱི་དྲི་མ་མེད་ཀྱང་། དོན་སྙིང་རུལ་འགྲོ་ཡི་ཡོད་པ་རེད། ད་ལྟ་ནས་དེ་ལྟར་བརྗོད་ན་ཚིག་ལྷད་དེ་དག་རིམ་བཞིན་དར་འཕེལ་ཕྱིན་ན་གང་འདྲ་ཞིག་ཡོང་གི་རེད་དམ།” ཞེས་བཀའ་སློབ་ཕེབས་ཡོད་པ་ལྟར་རང་རིགས་ཀུན་གྱིས་བཀའ་སློབ་དེ་དག་སྙིང་དབུས་སུ་བཅངས་ནས་འཚོ་བའི་ནམ་ཞག་རྒྱུན་དུ་བོད་སྐད་གཙང་མ་སྐྱོན་ཐབས་ལ་འབད་བརྩོན་གནང་དགོས་རྒྱུ་ནི་ད་ལྟའི་དུས་འདིར་གལ་ཆེའི་གནད་དོན་ཞིག་ཡིན། སྐད་ཆ་འདི་ནི་ཞོར་འཕྲོས་ཙམ་ཞིག་ཡིན།
མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཏུ་ཞུ།
[1] ཆབ་མདོའི་ཡིག་ཕྱོགས་སྒྲིག་ལས། ཤོག་གྲངས་ ༤༢ ཡིག་ཕྲེང་ ༢ པའི་ནང་དུ་གསལ། ཆབ་མདོ་ཡིག་ཚང་དེབ་ཕྲ་དེབ་ཕྲེང་གཉིས་པ། འཕགས་ཡུལ་ཆབ་མདོ་ལོ་རྒྱུས་རྩོམ་སྒྲིག་ཁང་ནས་ཕྱི་ལོ་ ༢༠༠༥ ལོར་དཔར་དུ་བཏབ།
[2] མི་ཚེའི་འབྱུང་བ་བརྗོད་པའི་ཤོག་གྲངས་ ༣༡༡ ཡིག་ཕྲེང་ ༦ པའི་ནང་གསལ། རྩོམ་པ་པོ། སྟག་ལྷ་ཕུན་ཚོགས་བཀྲ་ཤིས། དཔར་སྐྲུན་བྱེད་པ་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༡༩༩༥ ལོར་དཔར།
[3] མཛད་རྣམ་ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་གི་ཤོག་གྲངས་ ༣༢༩ ཡིག་ཕྲེང་ ༡༠ ནང་) གསལ་བར། དཔར་སྐྲུན་བྱེད་པོ། བོད་ཀྱི་ཤེས་རིག་དཔར་ཁང་། ཕྱི་ལོ་ ༢༠༢༡ ལོའི་དཔར་ཐེངས་ ༢ ་པ།
[4] མི་ཚེའི་འབྱུང་བ་བརྗོད་པའི་ཤོག་གྲངས་ ༣༢༣ ཡིག་ཕྲེང་ ༡༧ ནང་དུ་གསལ། རྩོམ་པ་པོ། སྟག་ལྷ་ཕུན་ཚོགས་བཀྲ་ཤིས། དཔར་སྐྲུན་བྱེད་པ་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༡༩༩༥ ལོར་དཔར་དུ་བཏབས།
[5] ༸གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྡུས་པའི་ཤོག་གྲངས་ ༩༠། ཡིག་ཕྲེང་ ༩ པའི་ནང་གསལ། ཕྱི་ལོ་ ༡༩༨༦ ལོར་ཤེས་རིག་དཔར་ཁང་ནས་དཔར་སྐྲུན་ཞུས། པར་རྩ་སྦྱིན་པ་རྒྱ་མཚོས་བྲིས།
[6] ༸གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྡུས་པའི་ཤོག་གྲངས་ ༩༠། ཡིག་ཕྲེང་ ༩ པའི་ནང་གསལ། ཕྱི་ལོ་ ༡༩༨༦ ལོར་ཤེས་རིག་དཔར་ཁང་ནས་དཔར་སྐྲུན་ཞུས། པར་རྩ་སྦྱིན་པ་རྒྱ་མཚོས་བྲིས།




