མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་བོད་ཀྱི་ཆེད་རང་ཉིད་མེར་བསྲེགས།༡

བོད་ཀྱི་དུས་བབ།
༢༠༡༧/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

རིག་འཛིན་ལྷུན་གྲུབ།

ཕྱི་ཟླ་བདུན་པའི་ཚེས་བཅུ་བཞིའི་ཞོགས་པ་རྒྱལ་སྤྱིའི་གསར་འགྱུར་དྲ་ཚིགས་ཁག་ཏུ་སྐུ་ཞབས་ལིའུ་ཞའོ་པོ་དང་འབྲེལ་བའི་གནས་ཚུལ་དང་། དཔྱད་བརྗོད་ཁག་ལ་ལྟ་ཀློག་བྱེད་བཞིན་ཆུ་ཚོད་དགུ་པ་ཟིན་སོང་། ཉིན་དེར་ངས་ལྟ་འདོད་པའི་གནས་ཚུལ་གཞན་ཞིག་ནི་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཀྱིས། འདི་ལོ་ནས་མགོ་འཛུགས་བྱ་རྒྱུའི་འཛིན་གྲྭ་ཁག་གི་བསླབ་གཞི་དབུ་འབྱེད་དང་། དགེ་ལས་སློབ་གཉེར་བར་གསུང་བཤད་གནང་གཏན་འཁེལ་བ་དེ་རེད། འོན་ཀྱང་ད་ལན་གྱི་མཛད་རིམ་དེ་དྲ་ཐོག་ཐད་གཏོང་མི་འདུག་པས་རྗེས་སུ་བལྟ་རྒྱུ་ལས་ཐབས་གཞན་མ་བྱུང་།

དེ་ནས་སླར་ཡང་རྒྱ་རིགས་དམངས་གཙོ་དང་རང་དབང་རྩོད་ལེན་པ་འདས་པོ་ལིའུ་དང་འབྲེལ་བའི་གནས་ཚུལ་ལ་མྱུལ་ཞིབ་བྱས། དེ་མུར་བསམ་ཡུལ་དུ་མེད་པའི་གནས་ཚུལ་ཞིག་འཕྲིན་ཕྲན་བརྒྱུད་ཐོས་པ་ནི། བསྟན་འཛིན་ཆོས་དབྱིངས་ཀྱིས་རང་ལུས་མེར་བསྲེགས་བཏང་སོང་ཞེས་པ་དེ་རེད། ཁོང་གིས་སློབ་གཉེར་ཁང་གི་བུའི་སྡོད་ཁང་ནས་ལུས་ལ་མེ་ལྕེ་ལྷབ་ལྷབ་ཏུ་འབར་བཞིན་ཕྱིར་རྒྱུགས་སྐབས་གཡས་གཡོན་དུ་ཡོད་པའི་སློབ་གཉེར་བ་དང་རྒྱ་གར་བ་འགས་མེ་བསད་ཐུབ་འདུག། ད་ལྟ་སྨན་ཁང་ནང་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། སློབ་གྲྭར་རྒྱ་གར་ཉེན་རྟོག་པ་དང་གསར་འགོད་པ་མང་པོ་སླེབས་འདུག་ཟེར། རང་ལུས་མེར་བསྲེག་གི་དོན་རྐྱེན་ནི་རང་ཅག་བོད་མིར་མཚོན་ན་གནས་ཚུལ་གསར་པ་ཞིག་གང་ཡང་ཆགས་མེད། འོན་ཀྱང་ངས་རྒྱལ་གཅེས་པ་ཁོང་གིས་དེ་འདྲའི་ཐག་གཅོད་དང་བློས་བཏང་མ་གནང་གོང་བཞག་པའི་ཞལ་ཆེམས་དང་། ཡང་ན་མེ་ལྕེ་ལྷབ་ལྷབ་ཏུ་འབར་བཞིན་འབོད་སྒྲ་ཞིག་བསྒྲགས་ཡོད་ཐག་ཆོད་སྙམ་བྱུང་།

སློབ་གཉེར་བདེ་དོན་ལྷན་ཚོགས་ཀྱིས་གནས་ཚུལ་དངོས་གང་ཡིན་གསལ་པོ་མ་ཆགས་བར་དུ་སློབ་གཉེར་བ་ཚོས་གསར་འགོད་པར་གང་བྱུང་གང་དྲན་གྱིས་ལན་མི་བརྒྱབ་པའི་རེ་སྐུལ་གྱི་གསལ་བསྒྲགས་ཤིག་བཏང་འདུག། དེ་ནི་ཚོགས་པ་ཞིག་གིས་གནས་ཚུལ་ལ་འགན་འཁུར་བ་མཚོན། དེ་རྗེས་ངོ་དེབ་དང་སྐད་འཕྲིན་བཅས་སྤྱི་ཚོགས་དྲ་ཚིགས་ཁག་ཏུ་གནས་ཚུལ་དེ་ཁྱབ་སོང་། འོན་ཀྱང་འགན་འཁུར་དང་ལྷག་བསམ། དྲང་བདེན་དང་བཟང་སྤྱོད་ཀྱི་དྲི་མས་མ་འགོས་པའི་གང་ཟག རང་གི་མཛུབ་མོར་ཁབ་རྩེ་ཟུག་པའི་ན་ཟུག་ཙམ་ཡང་བཟོད་མི་ཐུབ་མཁན་འགས་གང་བསམ་་ག ང་དྲན་གྱིས་དབུ་མ་དང་རང་བཙན་གྱི་འགལ་ཟླ་ཡིན་ཚུལ་གྱི་འཆལ་གཏམ་ཀ་རེ་ཀོ་རེས་འཕྱར། ཡང་འགའ་རེས་བསམ་བཞིན་དུ་བོད་མི་རིགས་ཀྱི་བློས་གཏོང་དང་སྙིང་སྟོབས་ཀྱི་རྒྱ་དང་དཔངས་ཆུང་དང་དམའ་རུ་གཏོང་ཕྱིར་དབུ་ཁྲིད་ལ་ངོ་རྒོལ་རེད་ཅེས་ཁ་ནས་གང་འཐོན་གྱིས་བཤད་རྐྱང་དང་བྲིས་རྐྱང་བྱས།

སྤྱི་ཚོགས་དྲ་ཚིགས་ཐོག་གི་ཁུངས་མེད་འཆལ་གཏམ་དེ་དག་ལ་ཆ་དང་ཡ་འཇོག་དགོས་མ་མཐོང་མོད་ཀྱང་། དེ་བས་ཀྱང་ཐབས་སྐྱོ་བ་ནི་རང་ཚུགས་མི་བརྟན་པས་གང་ཐོས་བདེན་དུ་སྙམ་པ། གང་མཐོང་དངོས་ལ་ལྟ་མཁན། རང་ཉིད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་མི་གཏོང་མཁན་མང་པོ་ཞིག་གིས་ཆུ་སྣ་གང་འཁྲིད་དང་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་དེ་རེད། དེ་འདྲའི་རིགས་ཇེ་མང་མཐོང་དུས་བོད་མི་རིགས་འདི་ག་དུས་ཤིག་ལ་རང་ཉིད་ཀྱིས་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་ཐུབ་པའི་རང་དབང་ཞིག་ཐོབ་བམ་སྙམ། གཞན་གྱིས་ཅི་ཟེར་གྱི་རྗེས་སུ་འབྲངས་སླ་ཞིང་ངན་གོམས་དུ་འགྱུར་བའི་གཤིས་སྤྱོད་འདིས་དབང་གིས་གནས་ཚུལ་གང་ལའང་ཞིབ་ཆ་དང་རྩད་གཅོད། བརྟག་ཞིབ་དང་རྟོག་དཔྱོད་བྱེད་རྒྱུའི་གོམས་གཤིས་མེད།

བཙན་བྱོལ་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་དྲ་ཚིགས་འགས་ཐ་ན་རྒྱལ་གཅེས་པ་ཁོང་གི་མཚན་ཡང་ནོར་ནས་བསྟན་འཛིན་ཆོས་དབྱངས་ཞེས་བྲིས། ཝཱ་རཱ་ཎ་སཱིར་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་ལས་ས་གནས་གཞོན་ནུ་ཚོགས་པའམ་གཞོན་ནུ་ཚོགས་པ་ཞེས་པ་མེད་ཀྱང་ས་གནས་གཞོན་ནུའམ་གཞོན་ནུ་ཚོགས་པའི་ཚོགས་མི་རེད་ཅེས་བཀོད། དེ་བས་ཀྱང་ཡ་མཚན་པ་ནི། རྒྱལ་གཅེས་པ་ཁོང་གིས་རང་ལུས་མཆོད་མེར་བསྒྲོན་དགོས་པའི་དགོས་དོན་ནམ་རྒྱུ་མཚན་ནི། གསར་འགྱུར་བརྒྱུད་ལམ་ཁག་ཏུ་“བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་པའི་རྗེས་རང་ལུས་མེར་བསྲེགས་བཏང་ནས་”ཞེས་དང་། ཡང་“ཁོང་གིས་ཐེངས་འདིར་རང་ལུས་མེར་བསྲེགས་གནང་དོན་ནི་བོད་པའི་རྩ་དོན་ཆེད་ཡིན་སྐོར་བརྗོད་ཡོད་འདུག་”ཅེས་དང་། ཡང་“ངའི་ལུས་པོ་འདི་བོད་ཀྱི་རང་དབང་ཆེད་དུ་ཙམ་མ་ཟད། བོད་རིགས་གཞོན་སྐྱེས་རྣམས་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་གནང་དགོས་སྐོར་སོགས་འཁོད་ཡོད་པ་རེད།”ཅེས་ཞལ་ཆེམས་སུ་གསུངས་ཚུལ་བྲིས། ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་དབྱིན་སྐད་དྲ་ཚིགས་གྲགས་ཆེ་བ་ཕ་ཡུལ་ཐོག་“ཁོང་གིས་རྒྱ་ནག་གིས་བོད་ཐོག་ཁྲིམས་འགལ་གྱིས་བཙན་འཛུལ་དང་སྲིད་བྱུས་ལ་ངོ་རྒོལ་བྱས་འདུག”ཅེས་དང་། “བོད་རང་བཙན་ཡིན་ཞེས་སྐད་འབོད་གྲགས་པ་ཐོས་”ཞེས་དང་། “ཁོང་གིས་རྒྱ་ནག་གིས་བོད་ནང་དབང་བསྒྱུར་དང་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཞན་པའི་ཆེད་རང་ལུས་མེར་བསྲེགས་བཏང་ཡིན་ཟེར་སོང་”ཞེས་སོགས་སྣ་ཚོགས་བྲིས།

ད་ལན་བསྟན་འཛིན་ཆོས་དབྱིངས་ཀྱིས་རང་ཉིད་ཀྱི་མི་ལུས་རིན་པོ་ཆེ་ཞུགས་འབུལ་གནང་བའི་དགོས་དོན་ནིི། གང་ཟག་གསུམ་པ་ཞིག་གིས་ཡིན་ཚོད་ཀྱིས་ཚོད་དཔག་བྱེད་མི་དགོས་པར། བློས་གཏོང་དང་སྙིང་སྟོབས་ཅན་ཁོང་རང་ཉིད་ཀྱིས་བཞག་པའི་ཞལ་ཆེམས་ནང་གང་གསལ་དེ་ཉིད་རྩ་ཆེ་ཤོས་དང་གཙོ་བོ་རེད། དེ་ཉིད་ཟུར་དུ་བཞག་ནས་ཚོགས་སྒེར་ཁག་གིས་རང་རང་གི་ལངས་ཕྱོགས་དང་ལྟ་ཕྱོགས་ལ་གཞིག་ནས་འདི་རེད་དང་དེ་མིན་ཞེས་དང་། འབོད་ཚིག་འདི་དང་སྐད་ཆ་དེ་བཤད་འདུག་ཅེས་བཀོད་པ་ནི་དྲང་བདེན་དང་གཟུར་གནས་ཤིག་ཏུ་མ་མཐོང་།

བསྟན་འཛིན་ཆོས་དབྱིངས་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ནི་ཁོང་གིས་གྲོགས་པོར་བཞག་པའི་ཞལ་ཆེམས་ནང་ཧ་ཅང་གོ་བདེ་དང་གསལ་པོར་“ངའི་ལུས་བོད་དང་བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱོང་བར་མིག་ཕྱེ་ཕྱིར་ཡིན།”ཞེས་དང་། “ཚང་མར་ངའི་ལུས་བོད་ཀྱི་ཆེད་རེད་ཅེས་ལབ་རོགས།”ཞེས་དང་། “ངས་བོད་ཀྱི་ཆེད་རང་ཉིད་མེར་བསྲེགས།”ཞེས་བྲིས་པ་འདི་དག་ལ་རང་རིགས་ལ་ཞེན་པ་དཀར་པའི་མི་ཙམ་མིན་པར། བློ་ལྡན་སུས་བསམས་ཀྱང་འདི་རེད་དེ་མིན་ཞེས་ག་ནས་གླེང་སྲིད།

འཛམ་བུ་གླིང་འདིའི་འགྲོ་བ་མི་སྤྱི་དང་བྱེ་བྲག་རང་ཅག་བོད་མི་རིགས་ཀྱི་གནས་བབ་ཅི་འདྲ་ཞིག་ལ་ཐུག་མིན་ལ་མ་ལྟོས་པར། བོད་མི་ཕལ་མོ་ཆེ་རང་དོན་ལྟོ་གྲོད་པ་རྒྱགས་ཕྱིར་དངུལ་ལོར་ཆེད་ས་འཕག་གནམ་མཆོང་བྱེད་བཞིན་པའི་དུས་རབས་འདི་འདྲ་ལའང། ཁོང་ལྟ་བུའི་བློས་གཏོང་དང་སྙིང་སྟོབས་ཀྱི་ཕྱུག་པའི་མི་རེ་གཉིས་ཡོད་པ་ནི་དོན་དམ་གྱི་དཔའ་བོ་རེད། བོད་ལ་བློ་ཉེ་སེམས་དཀར་ཅན་གྱི་མི་རིགས་གཞན་གྱིས་བོད་མི་ཚོས་རང་བསྲེགས་མ་གཏོང་རོགས་ཞེས་དང་། བོད་པས་གཞན་ལ་མི་འཚེ་བའི་བློས་བཏང་ཆེན་པོར་ངོ་མཚར་ཞིང་། བསམ་བརྗོད་ལས་འདས་ཚུལ་གྱི་རྣམ་འགྱུར་ག་ཚོད་སྟོན་གྱི་འདུག།

བོད་པ་ཚོས་བསྟན་འཛིན་ཆོས་དབྱིངས་ཀྱི་སྐུ་ལུས་མེས་བརྒྱ་ཆ་ལྔ་བཅུའི་སྒང་ལ་འཚིག་ཅིང་། སྨན་ཁང་གི་ཉལ་ཁྲིར་ཤི་མ་གསོན་དུ་ལུས་ཡོད་པའི་སྐབས་ཁོང་གིས་བློས་བཏང་ལ་དྭོགས་སེལ་དགོས་པའི་དྲི་རྩད་བཏང་ནས་བརྙན་ཐུང་ཞིག་ཁྱབ་བརྡལ་བཏང་། དེ་འདྲ་ཞིག་དྲི་དགོས་དང་དེ་འདྲ་ཞིག་བཟོ་དགོས་པ་སུས་བཟོས་རེད་དམ། རྒྱུ་འབྲས་ཀྱི་བློ་མིག་གང་ན་འདུག སོམས་དང་། བརྙན་ཐུང་དེ་ནི་རང་ཅག་ལ་ངོ་ཡོད་ན་ཚ་དགོས་པ་དང་བློ་ཡོད་ན་འགྱོད་དགོས་པ་ཞིག་རེད། ད་དུང་མང་པོ་ཞིག་གིས་དེས་དྭོགས་གནད་ཆེན་པོ་ཞིག་བསལ་སོང་བསམས་ནས་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་སོང་། དེ་འདྲ་བྱེད་པའི་བྲེལ་ཟིང་ཁྲོད་བསྟན་འཛིན་ཆོས་དབྱིངས་ཀྱིས་རང་ལུས་མེར་བསྲེགས་མ་གནང་གོང་བློས་གཏོང་དང་སྙིང་སྟོབས་ཀྱིས་བཞག་པའི་ཆོད་སེམས་སམ་ཞལ་ཆེམས་ཀྱི་དོན་སྙིང་དག་མཇལ་ལྟར་ཡལ། སྟོན་ལོ་སེར་པོ་བཞིན་ས་ཀྱོང་ཁུག་ཀྱོག་ཏུ་དེད་ནས་མི་མངོན་པར་གྱུར།

བསྟན་འཛིན་ཆོས་དབྱིངས་ནི་ཕྱི་ལོ་ ༡༩༩༨ཟླ་བ་༢པའི་ཚེས་༡༢ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་སྐྱེས། ཁོང་གི་ཕ་ངག་དབང་མཁས་གྲུབ་ནི་སྟོད་མངའ་རིས་གུ་གེ་ནས་ཡིན་པ་དང་། ཨ་མ་བཀྲ་ཤིས་དབྱངས་འཛོམས་ནི་ལྷོ་ཁ་གོང་དཀར་ནས་ཡིན་ཞིང་ཁོང་གཉིས་ལ་བུ་ཕྲུག་བཞི་ཡོད་པ་ལས་ཆུང་ཤོས་དེ་ཡིན། གཞི་རིམ་སློབ་སྦྱོང་ཀོ་ལི་གྷལ་བོད་གཞུང་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན། དེ་ནས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ནང་དོན་རིག་པ་དང་བོད་ཀྱི་སྐད་ཡིག་གཙོ་འགྱུར་གྱི་རིག་གནས་ཁག་ལ་སློབ་སྦྱོང་བྱེད་མུས་ཡིན་ཞིང་། སློབ་ཞོར་དུ་སློབ་གྲྭའི་ནང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ལྷག་བསམ་རྣམ་དག་གིས་སྒྲུབ་མཁན་དང་། ཝཱཎ་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་མི་དང་། ཚོགས་པའི་ལས་གཞི་བྱེད་སྒོ་ཁག་ལ་དུས་རྟག་ཏུ་མཉམ་ཞུགས་གནང་མཁན་ཞིག་ཀྱང་ཡིན། ཁོང་ནི་རྒྱུན་གཏན་ནས་བོད་དོན་དང་བོད་ཀྱི་སྐད་ཡིག་གི་གནས་བབ་ལ་སེམས་ཁུར་ཡོད་མཁན་དང་། བོད་དང་བོད་མི་རིགས་ཀྱི་ལས་དབང་ལ་བསམ་བློ་གཏོང་མཁན་ཞིག་ཡིན། ནམ་རྒྱུན་ཁོང་གིས་ཨ་མར་རང་ཉིད་བོད་ཀྱི་ཆེད་བློས་གཏོང་བྱེད་རྒྱུ་ཡིན་པ་བརྗོད་སྐབས་ཨ་མས་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་མངགས་བྱ་གནང་གི་ཡོད་པ་གསུངས།

རྒྱལ་གཅེས་པ་ཁོང་ནི་ད་བར་བོད་ཕྱི་ནང་གཉིས་སུ་རང་ལུས་མཆོད་འབུལ་གྱི་བློས་གཏོང་གནང་མཁན་ལས་གྲངས་བརྒྱ་དང་ལྔ་ཅུ་ང་དགུ་པ་དང་། བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་དགུ་པ་དེ་ཆགས་ཡོད་(ཁ་གྲངས་འདི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཐོག་ཏུ་གསལ་)། བོད་མིའི་རང་ལུས་མེར་བསྲེགས་ཀྱི་མཚན་གཞུང་ཁ་གྲངས་དེ་སྔོན་གཞུང་འབྲེལ་དྲ་ཚིགས་ཁག་ཏུ་ཆེད་བཀོད་བྱས་ནས་ཡོད་ཀྱང་། དེང་སྐབས་དྲ་ཐོག་ནས་རང་ལུས་མེར་བསྲེགས་ཀྱི་མཚན་གཞུང་སོགས་གནས་ཚུལ་ཞིབ་གསལ་ཞིག་དཔྱད་ཞིབ་དང་དབྱེ་ཞིབ་ཆེད་བླངས་ཆོག་ཆོག་ཅིག་མེད།

དེས་ན་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདིའི་རླབས་དང་ཤུགས་ཇི་ཙམ་ཞིག་ཏུ་འགྱུར་མིན། རྒྱལ་སྤྱིའི་ཕྱོགས་ནས་བྱས་མ་སོང་དང་བྱེད་ཀྱི་མི་འདུག་ཅེས་མཛུབ་མོ་བཙུགས་མཚམས་བཞག་ནས། རང་ཅག་བོད་མིའི་སྤྱི་ཚོགས་ཁྲོད་འགན་ཡོད་ཚོས་དོན་དམ་གྱིས་འགན་ཞིག་འཁུར་དགོས་པ་དང་། བསམ་ཡོད་ཚོས་ཞིབ་ཚགས་ཀྱིས་བསམ་བློ་ཞིག་གཏོང་དགོས་ཤིང་། ལས་དབང་གི་ཐག་པ་གཅིག་གིས་བཅིངས་བའི་བོད་གངས་ཅན་པ་ཡིན་ནོ་ཅོག་ནས་རྒྱང་ལྟ་དང་ཟུར་ལྟ། གཡས་བསྐྱུར་གཡོན་གཡུག། འདི་ཡིན་དེ་མིན་གྱི་ངང་ཚུལ་འདི་སྤངས་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཡོད་ཚད་བློས་གཏོང་ཕོད་ཅིང་། སྙིང་སྟོབས་ཀྱི་ཕྱུག་པའི་མི་དག་གཅིག་རྗེས་གཉིས་མཐུད་དུ་འདི་ལྟར་མི་ཕེབས་པའི་ཕྱིར་དང་། རང་ལུས་མེར་བསྲེག་གི་ལས་འགུལ་འདིའི་ཐོག་དམིགས་བསལ་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཞིག་བསྐོང་འཚོགས་བྱེད་དགོས་པ་མཐོང་།། །།

 

མཆན།

༡ བསྟན་འཛིན་ཆོས་དབྱིངས་ཀྱིས་རང་ལུས་མེར་བསྲེགས་མ་གནང་གོང་གྲོགས་པོར་བཞག་པའི་ཞལ་ཆེམས་ཀྱི་བརྗོད་ཚིག།

བསྟན་འཛིན་ཆོས་དབྱིངས་ཀྱི་རང་ལུས་མེར་བསྲེགས་དང་འབྲེལ་བའི་གནས་ཚུལ་བཀོད་པའི་གསར་འགྱུར་གྱི་དྲག་ཐག་ཁག་ནི།

༡། དབྱིན་སྐད་དྲ་ཚིགས་ཕ་ཡུལ།

http://www.phayul.com/news/article.aspx?id=39289&article=Tibetan+teen+self+immolates+in+CUTS%2c+Varanasi%2c+for+Tibet

༢། བོད་ཀྱི་བང་ཆེན།

http://bangchen.net/ཝར་ན་མཐོ་སློབ་ཀྱི་བོད། /

༣། བོད་ཀྱི་དུས་བབ།

ཝ་ར་ཎ་སིའི་སློབ་ཕྲུག་ཅིག་གིས་རང་ལུས་མེར་བསྲེགས་གནང་འདུག

༤། ཨ་རིའི་བོད་སྐད་རླུང་འཕྲིན་ཁང།

https://www.voatibetan.com/a/3944604.html

༥། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང།

http://www.rfa.org/tibetan/sargyur/tenzin-choeying-self-immolation-07142017150215.ht

༦། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང།

བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཡོད་པ་གསུངས་འདུག

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༨ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 1

  1. བསྟན་འཛིན says:
    ལོ་ 9 སྔོན།

    དཔའ་བོ་ཁོང་གི་བྱས་རྗེས་ལ་སྙིང་ནས་གུས་བརྩི་ཞུ། དེང་དུས་སྤྱི་ཚོགས་དྭ་ལམ་སྟབས་བདེ་སོང་ཙང་གནས་ཚུལ་བདེན་རྫུན་ལ་མི་དཔྱད་པ་མཐོང་མ་ཐག་དང་གོ་མ་ཐག་ཁྱབ་སྤེལ་གཏོང་བཞིན་པ་ནི་དངོས་ཡོད་རེད། གཅིག་བྱས་ན་མི་སོ་སོས་གནས་ཚུལ་ཤེས་སྔ་བ་ཡོད་ཚུལ་དང་། དོ་སྣང་ཡོད་ཚུལ། ཡང་ན་གནས་ཚུལ་ལ་རྒྱུས་ལོན་ཡོད་མདོག་གིས་མི་ལ་སྟོན་ཕྱིར་ཁྱབ་བསྒྲགས་ཡིན་ཅིག་བྱེད་དགོས་པའི་སེམས་ཀྱི་རྔམས་དྲག་དང་། དེར་ངན་གོམས་ཀྱི་གཤིས་ཀ་དེ་ཉིན་རེར་ཇེ་མང་དུ་འགྲོ་གི་ཡོད་པ་གསལ་པོ་རེད། འོན་ཀྱང་ང་ཚོ་བོད་པའི་གཤིས་ཀ་ལ་གནས་ཚུལ་གང་ཡིན་ཡང་དེ་མགོ་ནས་མཇུག་བར་ཤེས་པ་དང་ཡིད་ཆེས་གདེང་ཚོད་ཡོད་པ་ནི་ཉུང་ཉུང་རེད། མ་ཟད་གནས་ཚུལ་སྡུག་ག་དང་གནོད་འཚེ་རིགས་ལམ་སེང་ཕར་ཚུར་གཏོང་རེས་དང་། དེ་དང་འབྲེལ་བའི་སྐོར་གཅིག་བཤད་བརྒྱ་བཤད་ཀྱི་གནས་སྟངས་ཆགས་ཀྱི་ཡོད་པ་ཚང་མས་ཤེས་གསལ་རེད། སོང་ཙང་དགྲ་བོ་རང་ཉིད་འགྲོ་མི་དགོས་པ་ཕར་ཕྱོགས་སུ་ཕུང་དཀྲུགས་ནང་གཤིགས་དང་འབྲེལ་བའི་གནས་ཚུལ་སྤེལ་ཐེངས་རེར་མེ་སྒྱོགས་འདྲ་བའི་རྨ་ཁ་ཆེ་བ་བཟོ་སླ་བའི་གནས་སྟངས་ཆགས་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་བོད་པ་ཚོས་ད་དུང་ཤེས་ཡོན་རིག་གནས་ལ་གོམས་སྟོབས་མེད་པ་དང་། གནས་ཚུལ་ག་འདྲ་ཞིག་ལ་རྒྱུས་མངའ་ལོན་པའི་གདེང་སྤོབས་མེད་པ། གཞན་ལ་ཡིད་ཆེས་བྱས་ཤག་གིས་ཁེངས་རློམ་དེས་ནམ་ཞིག་རང་གཞན་གཉིས་ཀ་ཕུང་མི་དགོས་པ་ཆགས་ག་ལ་སྲིད། ངས་དཔའ་བོ་ཁོང་གི་ནང་མི་གྲོགས་པོ་ཡོངས་ལ་སེམས་གསོའི་ཚུལ་དུ་མྱ་ངན་ཞུ་རྒྱུ་དང་། དཔའ་བོ་ཁོང་གི་མངོན་འདོད་འགྲུབ་ནས་ཁོང་གང་མགྱོགས་ཚ་སྡུག་གི་མནར་གཅོད་ལས་ཐར་ནས་ལུས་ཁམས་གསོ་ཞིང་སྔར་བས་ལྷག་པ་ཤེས་ཡོན་ལ་སྦྱང་བརྩོན་དང་། སྤྱི་ཚོགས་དང་རྒྱལ་ཁབ་ཆེད་མུ་མཐུད་ཞབས་འདེགས་ཆེས་ལྷག་པ་འགྲུབ་རྒྱུའི་སྨོན་ལམ་ཞུ་ད་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese