ཚེ་རིང་ཤཱཀྱ་ཡིས་བརྩམས།
བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།
བོད་ཀྱི་ནང་ཆོས་རྒྱལ་ཁབ་ལྷག་མ་གཅིག་པུ་དེ་ནི་གནས་སྟངས་ཁག་པོ་ཞིག་གི་ནང་ལྷུང་ནས་ཡོད་ཅིང་། རྒྱ་ནག་དང་ཡུན་རིང་གི་ས་མཚམས་རྩོད་རྙོག་དག་གི་སྐོར་གྲོས་མོལ་བྱ་འདོད་ཡོད་ཀྱང་རྒྱ་གར་གྱི་ལྟ་རྟོག་ནན་པོར་འཛེམ་དགོས་ཀྱི་ཡོད་པ་རེད།
ཧི་མ་ལ་ཡའི་རྒྱལ་ཁབ་ཆུང་ཆུང་འབྲུག་ནི་འཛམ་གླིང་ནང་བདེ་སྐྱིད་ཆེ་ཤོས་ཀྱི་ས་ཆ་ཞིག་ལ་ངོས་འཛིན་སྲོལ་ཡོད་ཀྱང་། ད་ལྟ་ཨེ་ཤ་ཡའི་རྒྱལ་ཁབ་སྟོབས་ཆེན་གཉིས་ཀྱི་དཀྱིལ་ལ་ཚུད་ནས་ཡོད། འབྲུག་དང་རྒྱ་ནག་འབྲེལ་མཚམས་དེར་ཡོད་པའི་རི་སྟེང་གི་ས་བཙན་ས་ཞིག་ལ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་ཕན་ཚུན་གདོང་ཐུག་བྱེད་ལ་ཉེ།
ཕྱོགས་གཉིས་པོས་ཕར་ཚུར་གོ་བརྡ་འཕེན་ཤུགས་ཆེ་རུ་དང་མྱུར་དུ་འགྲོ་བཞིན་པའི་སྒང་ཡིན་ཏེ། རྒྱ་ནག་ནས་རྒྱ་གར་ལ་ ༡༩༦༢ ལོའི་བསླབ་བྱ་དེ་དྲན་སྐུལ་བྱས་ཤིང་། རྒྱ་གར་ངོས་ནས་ཀྱང་ལོ་ངོ་ ༥༥ གོང་གི་ས་མཚམས་དམག་འཁྲུག་ཐུང་ངུ་དེར་ཕམ་པའི་རྒྱ་གར་དེ་ནི་ད་ལྟ་ཐོད་བརྒལ་ཕྱིན་ཟིན་ཞེས་ཕས་རྒོལ་བྱེད་ཀྱི་ཡོད། སྐབས་བབ་ཀྱི་གནས་སྟངས་ནི་ཚད་བརྒལ་རྒྱལ་ཞེན་རིང་ལུགས་པའི་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ནག་གིས་རྒྱ་གར་མཐའ་ནས་བསྐོར་ཚུལ་དང་། རྒྱ་གར་ལ་བཤམ་སྲིད་པའི་གཡོ་བྱུས་སྐོར་འགྲེལ་བརྗོད་བྱས་པ་ལས་ཤེས་ཐུབ། ཡིན་ཡིན་ནའང་ཧི་མ་ལ་ཡའི་རྒྱལ་ཁབ་ཆུང་ཆུང་དེ་དང་། དེ་མིན་མཐའ་མཚམས་ས་ཁུལ་གྱི་བློ་མ་བདེ་ས་ནི་རྒྱ་ནག་མ་ཡིན་པར་རྒྱ་གར་ཡིན།
རྒྱ་གར་གསར་ལམ་ཁག་གིས་དེ་ནི་རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་རྩོད་རྙོག་ཅིག་ཡིན་ཚུལ་དང་རྒྱ་གར་བྱང་ཤར་ལ་སྙོབ་པའི་ལུང་གཤོངས་དོག་པོ་དེར་”བྱ་དེའི་མཇིང་པ་”ཞེས་རྗོད་ཀྱི་ཡོད། རྒྱ་ནག་གི་དམག་དོན་དམིགས་ཡུལ་ལ་གཞིགས་ཏེ། ལུང་གཤོངས་དེ་ནི་རལ་གྲི་ཞིག་རྒྱ་གར་ལ་བཙིར་གནོན་བྱེད་པར་ངོས་འཛིན་བྱེད་བཞིན་ཡོད། དོན་དངོས་ཐོག གནས་ཚུལ་འདིར་ས་མཚམས་རྩོད་རྙོག་སྐོར་ལ་འབྲེལ་བ་དེ་ཙམ་ཆེན་པོ་མེད་པ་དང་། རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཞེས་པར་དེ་བས་ཀྱང་འབྲེལ་བ་མེད་པ་ཞིག་རེད། རྩོད་རྙོག་འབྱུང་བཞིན་པའི་ས་ཆ་དེ་ནི་བོད་དང་འབྲུག་གི་མཚམས་ལ་འཁེལ་ཡོད་པ་དང་། ལོ་རྒྱུས་ཐོག་ས་ཁྲ་འབྲི་བཀོད་ཀྱིས་དབྱེ་མཚམས་ཁྱོན་ནས་བཅད་མ་མྱོང་བ་རེད།
རྒྱ་ནག་གིས་བོད་ལ་དབང་བསྒྱུར་མ་བྱས་གོང་མཐོ་སྒང་གི་འབྲོག་པ་རྣམས་རང་དབང་གིས་ས་ཆ་འདི་དག་ཐོག་འགྲུལ་བཞུད་བྱེད་ཀྱི་ཡོད། ༡༩༥༠ ཙམ་ནས་རྒྱ་ནག་གིས་ས་མཚམས་གནད་དོན་ཕལ་ཆེ་བར་གྲོས་མོལ་དང་ཐག་གཅོད་བྱས་ཟིན་ཡོད་ཀྱང་། འབྲུག་དང་གྲོས་མོལ་གྱི་མཇུག་ཡེ་ནས་བསྒྲིལ་མ་ཐུབ་པ་རེད། དེ་ནི་རྒྱ་གར་ནས་འབྲུག་གི་དོད་དུ་གྲོས་མོལ་བྱ་རྒྱུའི་དབང་ཚད་ལྡན་པའི་ཨུ་ཚུགས་མཐར་བསྐྱལ་བྱས་པ་དང་རྒྱ་ནག་ནས་དེར་མོས་མཐུན་མ་བྱས་པས་རེད། རྒྱ་ནག་འབྲུག་དང་ཐད་ཀར་གྲོས་མོལ་བྱ་འདོད་ཡོད་པ་དང་། གང་མཚམས་ཤིག་ནས་རྒྱ་གར་གྱིས་ཕྱིར་འགྲོས་བྱ་དགོས་ཐུག་པ་རེད།
༡༩༨༤ ནས་འབྲུག་དང་རྒྱ་ནག་དབར་གྲོས་མོལ་ཐེངས་ ༢༤ བྱུང་བ་དང་གྲོས་མོལ་གྱི་ནང་དོན་དག་གསང་བ་བྱས་ནས་བཞག་ཡོད་པ་རེད། ཕྱོགས་གཉིས་པོས་འབྲེལ་ལམ་སྐབས་རྒྱུན་ལྡན་གྱི་སྐད་ཆ་རྙིང་པ་དག་བསྐྱར་ཟློས་བྱས་ཀྱང་། གྲོས་མོལ་གྱི་གྲུབ་འབྲས་དང་ཚར་རྒྱུ་མེད་པའི་རང་བཞིན་ལ་བལྟས་ན་རྒྱལ་ཁབ་གཉིས་པོའི་དབར་མི་མཐུན་པའི་ཆ་ཆེན་པོ་ཡོད་པ་གསལ་པོ་རེད།
རྒྱ་གར་ངོས་ནས་རྒྱ་ནག་དང་འབྲུག་གཉིས་དབར་འབྲེལ་ལམ་ཐད་ཀར་བཙུགས་པར་མོས་མཐུན་བྱས་པའི་རྐྱེན་གཙོ་བོ་དེ་ནི། འདས་པའི་རྒྱ་ནག་གི་རྒྱལ་ཁབ་ཆུང་བ་ཕ་ཀི་སི་ཐན་དང་བལ་ཡུལ། འབར་མ་སོགས་དང་ས་མཚམས་སྐོར་གྲོས་མོལ་བྱེད་སྟངས་ལ་གཞིག་པ་ཞིག་རེད། རྒྱལ་ཁབ་འདི་དག་ནི་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་མེད་པ་ཤ་སྟག་ཡིན་པ་དང་། འདི་དག་ལ་རྒྱ་ནག་ངོས་ནས་སྲིད་ཇུས་བཟང་པོ་ཞིག་འཛིན་གང་ཐུབ་བྱས་ཤིང་། འདི་དག་གི་དགོས་འདུན་དག་ལ་ཡང་ཉན་འཇོག་བྱས་པ་རེད། ཡིན་ཡང་འབྲུག་ལ་ཆ་མཚོན་ན། རྒྱ་ནག་ངོས་ནས་སྲིད་ཇུས་ཅུང་མཁྲེགས་པོ་ཞིག་བཟུང་ཡོད་པ་དང་། འབྲུག་པའི་ནང་གི་མི་མང་པོས་འདི་ནི་རྒྱ་གར་ལ་ཁག་དཀྲི་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་ནི་ཧི་མ་ལ་ཡའི་སྒང་ལ་གནས་ཡོད་པ་དང་རྨང་གཞིའི་འཛུགས་སྐྲུན་གྱི་ཡར་རྒྱས་ཚད་མཐོ་པོར་སླེབས་ཡོད། དེ་ལྟར་རྒྱ་ནག་ལ་སྟོབས་ཆེ་ཤོས་ཀྱི་གནས་བབ་ཐོབ་པ་རེད། འབྲུག་དང་རྒྱ་ནག་དབར་རྩོད་རྙོག་ཅན་གྱི་ས་ཆ་བདུན་ངོས་འཛིན་བྱས་ཡོད། འདི་དག་ལས་མང་ཆེ་བ་ཞིག་ནི་རྒྱ་ནག་ལ་གལ་གནད་ཆེན་པོ་དེ་ཙམ་ཆགས་ཀྱི་མེད་སྟབས། རྒྱ་ནག་ནས་འབྲུག་ལ་རྩིས་སྤྲོད་བྱ་འདོད་ཡོད། ཡིན་ཡང་འབྲུག་གི་བདག་དབང་རྩོད་སྟངས་དེ་ནི་ལོ་རྒྱུས་རང་བཞིན་ཐོག་དེ་ཙམ་གྱིས་ཁ་གསལ་པོ་མེད་པ་དང་། རྒྱ་ནག་གི་ལག་ཏུ་༧གོང་ས་ཏཱ་ལའི་བླ་མ་རིམ་བྱོན་གྱི་གཞུང་ལ་དབང་བའི་བོད་ཀྱི་ལོ་རྒྱུས་སྟེང་གི་ས་མཚམས་ཡིག་ཆ་མང་པོ་ཞིག་བསྟན་རྒྱུ་ཡོད་ཅིང་། ལོ་རྒྱུས་ཀྱི་དཔང་རྟགས་དེ་དག་གིས་རྩོད་རྙོད་ཅན་གྱི་ས་མཚམས་དག་དེ་སྔའི་བོད་གཞུང་གི་མངའ་ཁོངས་ལ་གཏོགས་པ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད།
༡༩༩༦ ལོར་གྲོས་མོལ་ཐེངས་ ༡༠ པ་དེའི་རྗེས་སུ། རྒྱ་ནག་དང་འབྲུག་གི་དབར་གནད་དོན་ཐག་གཅོད་ཐུབ་པའི་གནས་སྟངས་ཤིག་ལ་བསླེབས་པ་ལྟ་བུར་སྣང་ཡོད་དེ། རྒྱ་ནག་ཕྱོགས་ནས་བྱང་ཕྱོགས་ཀྱི་མཐའ་མཚམས་བདག་དབང་འབྲུག་ལ་ཡོད་པར་ངོས་འཛིན་བྱས་པ་དང་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཆ་དག་གི་བདག་དབང་རྒྱ་ནག་ལ་ཡོད་པར་བྱས་པ་རེད། ཟླ་བ་ ༡༥ རྗེས་སུ་རྒྱལ་ཁབ་གཉིས་པོས་བསྐྱར་དུ་གྲོས་མོལ་ཐེངས་ ༡༡ པའི་མགོ་བཙུགས་སྐབས། གྲོས་མཐུན་ཞིག་ཡོང་བར་ཚང་མས་རེ་བ་ཆེན་པོ་བཅངས་ཡོད་པ་རེད།
ཡིན་ཡང་སྐབས་དེར་རྒྱ་ནག་གི་བསམ་ཡུལ་དུ་མེད་པ་ཞིག་ལ་འབྲུག་ཕྱོགས་ནས་ལྷོ་ཡི་ས་མཚམས་ཀྱི་བདག་དབང་བསྐྱར་རྩོད་བྱས་པ་ཙམ་མ་ཟད། ད་དུང་སྔར་ལས་ལྷག་པའི་ས་ཁོངས་བདག་དབང་རྩོད་ལེན་བྱས་སྟབས། གྲོས་མོལ་དེ་མ་ཐག་མཚམས་འཇོག་བྱེད་དགོས་འཁེལ་པ་རེད། རྒྱ་ནག་ནས་འབྲུག་གི་བདག་དབང་རྩོད་ལེན་གསར་པ་དག་ནི་རྒྱ་གར་གྱི་དོད་དུ་བྱས་པར་ཚོད་དཔག་བྱས་ཏེ། དེ་ནས་བཟུང་འབྲུག་ལ་སྲིད་ཇུས་ཇེ་མཁྲེགས་སུ་བཏང་བ་རེད།
རྒྱ་ནག་གི་ངོས་ནས་གྲོས་མོལ་སྐབས་ཆག་ཡང་དང་མོས་མཐུན་ཡེ་ནས་བྱེད་མི་འདོད་ས་ཞིག་ནི། ལུང་གཤོངས་དོག་པོ་འདི་རེད། འདིར་བོད་མི་ཚོས་གྲོ་མོ་ཞེས་རྗོད་ཀྱི་ཡོད། ༧གོང་ས་ཏཱ་ལའི་བླ་མས་བོད་ལ་སྲིད་དབང་འཛིན་སྐྱོང་སྐབས་སུ་ས་གནས་འདི་ནི་ཕག་རི་རྫོང་གི་ལྟ་རྟོག་འོག་ཡོད་པས་བོད་ཀྱི་ས་ཁོངས་ནང་ཡོད་པ་ཁ་གསལ་རེད། སྐབས་དེར་གྲོ་མོ་སྟོད་སྨད་གཉིས་ལ་བགོས་ཡོད། ༡༩༠༤ ལོའི་དབྱིན་ཇིའི་བཙན་འཛུལ་རྗེས་གྲོ་མོ་དེ་ཡར་རྫོང་གི་གནས་བབ་ཏུ་བཞག་པ་དང་། གྲོ་མོ་རྫོང་གི་དཔོན་པོ་དག་ལྷ་ས་ནས་ཐད་ཀར་བསྐོ་བཞག་བྱས་ཡོད།
ལུང་གཤོངས་དོག་པོ་འདི་ནི་བོད་དང་རྒྱ་གར་གཉིས་ཀྱི་ཚོང་འབྲེལ་ལམ་ཁ་གལ་ཆེན་ཞིག་ཡིན། གྲོ་མོའི་གྲོང་གསེབ་ཆུང་ཆུང་དེ་ནི་བོད་ལ་དངོས་ཟོག་ཕྱིར་འདྲེན་དང་ནང་འདྲེན་བྱེད་སའི་ལྟེ་གནས་ཡིན། ཚོང་ལམ་དེ་ནི་ཧ་ཅང་གི་གལ་གནད་ཅན་ཞིག་ཡིན་ཏེ། ས་གནས་དེའི་མི་མ་འདྲ་བར་བརྟེན་ཏེ་མིང་ཡང་མི་འདྲ་བ་བཞི་བྱུང་ཡོད། རྒྱ་གར་དབྱིན་གཞུང་ལ་ས་ཆ་འདི་ནི་ཆུ་འབི་ལུང་གཤོངས་(Chumbi Valley)ཡིན་པ་དང་། བལ་ཡུལ་གྱི་ནེ་ཝར་ཚོང་པ་དག་ལ་ཤྰེར་ཛིན་མཱ་(SherZingma)དང་། རྒྱ་ནག་གི་མིང་ནི་ཡཱ་ཏུང་(Yatun g)དང་། ད་ལྟ་ཡཱ་དོང་(Yadon)ཞེས་འབྲི་བཞིན་ཡོད་པ་རེད།
རྒྱ་གར་ངོས་ལ་གནོན་པའི་ “རལ་གྲི་ “འདིས་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་དེ་འབྲུག་ཡུལ་དང་ཁ་ཁར་ཕྱེ་ཡོད་པ་རེད། རྩོད་རྙོག་གི་འབྱུང་རྩ་ནི་གྲོ་མོ་རྫོང་མ་ཡིན་པར། དེའི་ཆ་ཤས་འབྲོག་ལམ་ཞེས་བོད་པ་ཚོས་འབྲོག་པའི་ལམ་དང་། རྒྱ་གར་བས་ཊོག་ལམ་(Doklam)ཞེས་འབོད་པ་དེ་ཡིན། འབྲོག་ལམ་ནི་སྤྱི་ལེ་གྲུ་བཞི་མ་ ༦༠༠ ཙམ་དང་། ཆེ་ཆུང་ནི་ཁེ་ན་ཌའི་ཊོ་རན་ཊོ་(Toronto)དང་གཅིག་པ་ཡིན། འདིར་འབྲུག་གི་བདག་དབང་རྩོད་གཞིར་ཁུངས་ལུང་རྩ་བ་ནས་མེད་པ་མ་ཡིན་ཏེ། སྤྱིར་ ༡༩༡༣ ཙམ་བར་ས་ཆ་དེ་བོད་གཞུང་གི་མངའ་འོག་ཏུ་ཡོད་པ་དང་། བོད་ནས་འབྲོག་ལམ་གྱི་མཐའ་མཚམས་ས་ཁུལ་ཞིག་ཨོ་རྒྱན་རྡོ་རྗེ་ཀ་ཛི་ལ་བསྩལ་བ་རེད། ཁོང་ནི་འབྲུག་གི་ཆབ་སྲིད་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། རྒྱ་གར་དབྱིན་གཞུང་དང་བོད་ཀྱི་བར་ལ་འབྲེལ་མཐུད་པའི་ཕྱག་ལས་གནང་མྱོང་ཡོད།
༡༩༡༡ ལོར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཆིན་རྒྱལ་ཁབ་ཀྱི་བཙན་འཛུལ་སྐབས་སུ་ཀ་ལོན་སྦུག་ལ་བྲོས་བྱོལ་དུ་ཕེབས་སྐབས། ཨོ་རྒྱན་རྡོ་རྗེས་གནས་ལེན་གྲ་རྒྱས་ཞུས་ཡོད། ཡིན་ནའང་ས་ཆ་སྤྲད་པ་དེ་འབྲོག་ལམ་ནང་གི་ས་ཁུལ་ཞིག་ཡིན་པ་ལས་སྤྱི་ལེ་གྲུ་བཞི་མ་ ༦༠༠ ཆ་ཚང་སྤྲད་མེད། འབྲུག་གིས་ས་འདིའི་བདག་དབང་རྩོད་ལེན་མཐར་བསྐྱལ་བྱེད་སྟངས་འདི་ནི་རྒྱ་ནག་དང་འབྲུག་པ་མང་པོས་རྒྱ་གར་གྱི་ཤུགས་རྐྱེན་འོག་ཚུད་ནས་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད། རྒྱ་གར་ལ་གཤོངས་དོག་པོ་དེ་འབྲས་ལྗོངས་དང་དེ་མིན་མངའ་སྡེ་གཞན་པ་ཚོའི་བདེ་འཇགས་ལ་གལ་གནད་ཆེ་བ་མངོན་གསལ་རེད།
དེ་ལྟར་རྒྱ་གར་གྱིས་འབྲུག་དང་རྒྱ་ནག་དབར་གྲོས་མཐུན་ཞིག་ཡོང་བར་ཆེད་མངགས་གནོད་སྐྱོན་བྱེད་པ་དང་གཉིས་སུ་མེད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་འབྲུག་དེ་རྒྱ་ནག་གིས་ཧམ་འཛུལ་ལས་སྲུང་སྐྱོབ་བྱ་དགོས་ཞེས་ངར་བསྐྱེད་བྱེད་པ་དེ། རྒྱ་གར་ནང་རྒྱལ་ཞེན་སློང་བར་ཕན་ཐོགས་ཡོད་སྲིད་ཀྱང་འབྲུག་ལ་དེ་ནི་དོན་མེད་སྐད་ཅོར་ཞིག་ལས་མ་མཆིས། འབྲུག་ལ་བྱང་ནས་བཙན་འཛུལ་གྱི་ཉེན་ཁ་མེད་ཀྱང་རྒྱ་གར་གྱི་ཐེ་ཇུས་ཇེ་མང་དུ་འགྲོ་བཞིན་པ་དེས་འབྲུག་གི་རང་དབང་ལ་དོ་ཕོག་གཏང་སྲིད་པ་ཞིག་རེད།
འབྲུག་ནི་དུས་རབས་ ༢༡ ནང་བོད་ཀྱི་ནང་ཆོས་ཉར་བའི་རྒྱལ་ཁབ་རང་དབང་ཅན་གཅིག་པུ་དེ་ཆགས་ཡོད་ཅིང་། འབྲུག་དེ་རྒྱལ་པོའི་ལམ་ལུགས་ནས་དམངས་གཙོའི་རྒྱལ་ཁབ་ཅིག་ལ་འཕོ་འགྱུར་འགྲོ་བའི་བརྒྱུད་རིམ་ཁྲོད། འབྲུག་གི་མགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་རང་དབང་སྲུང་སྐྱོབ་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་པར་འབྲས་བུ་ཡང་ཡག་པོ་བྱུང་ཡོད། འབྲུག་གི་ལོ་རྒྱུས་ལས་བསྟན་དོན་ལྟར་ན། རྒྱ་གར་ངོས་ནས་འབྲུག་ལ་རང་འགན་རང་གིས་འཁུར་དུ་བཅུག་ན། འབྲུག་གིས་དེ་ལྟར་འཐུས་ཚང་བྱེད་ཐུབ་པ་གསལ་པོར་གྱུར་ཡོད།
* ཚེ་རིང་ཤྰཀྱ་ནི་ཁེ་ན་ཌའི་ཞིབ་འཇུག་མཁས་པའི་ཞབས་སྟེགས་ཐོག་བྷིར་ཏི་ཤིས་ཁོ་ལིམ་པི་ཡའི་སློབ་ཆེན་ནང་ཆོས་ལུགས་དང་དེང་རབས་སྤྱི་ཚོགས་སྐོར་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང་། ཁོང་ནི་ ” གངས་ལྗོངས་ཀྱི་འབྲུག ༡༩༤༧ རྗེས་ཀྱི་བོད་ཀྱི་དེང་རབས་ལོ་རྒྱུས། ” (The Dragon in the Land of Snows: A History of Modern Tibet Since 1947) ཞེས་པའི་དཔེ་དེབ་དེའི་རྩོམ་པ་པོ་ཡིན།
རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན། (ཧོང་ཀོང་།) South China Morning Post