མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་ཡོད་མཁན་ཚོས་རང་ལུས་མེར་བསྲེགས་གནང་བར་རྩ་བ་ནས་མོས་མཐུན་མེད།

བོད་ཀྱི་དུས་བབ།
༢༠༡༧/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགུལ་ག་རེ་སྤེལ་ན་རང་དབང་ཆ་ཚང་ཡོད་སྟབས་སོ་སོའི་ལུས་སྲོག་དེ་རྩ་ཆེན་པོ་ཡིན་པ་ངོས་ཟིན་པའི་ཐོག་ནས་མུ་མཐུད་འཚོ་གནས་བྱས་ཏེ་མི་ཚེ་ཧྲིལ་བོར་རྩ་དོན་ཆེད་སྐུ་ངལ་བསྐྱོན་ཏེ་ལས་འགུལ་སྤེལ་ཏེ་བཞུགས་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་རང་ལུས་མེ་བསྲེགས་གཏོང་གནང་མཁན་ཚོར་ང་ཚོས་རྩ་བ་ནས་མོས་མཐུན་མེད། ཅེས་གསུངས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༥།༣༠ སྟེང་། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་དྷ་སའི་གླིང་སྐོར་ལམ་ནས་རང་ལུས་མེར་བསྲེགས་གནང་མཁན་པ་སངས་དོན་འགྲུབ་ལགས་ཀྱི་སྐུ་ཕུང་བདེ་ལེགས་སྨན་ཁང་འཁྲིས་ཀྱི་ཕུང་བོ་འཇོག་ཁང་ནས་ལྷ་རྒྱལ་རིར་གདན་འདྲེན་ཞུས་ཏེ། གཞུང་མང་གཉིས་ཀྱིས་ཁ་ཏགས་སྒྲོན་པ་དང་མཆོད་འབུལ་སྨོན་ལམ་ཞུས་རྗེས། དྷ་སྟེང་བོད་ཁྱིམ་དུ་འགྲོ་སའི་ལམ་འགྲམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་སོང་།

ཞོགས་པ་ལྷ་རྒྱལ་རིའི་མཆོད་འབུལ་སྨོན་ལམ་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག འདས་པོ་པ་སངས་དོན་འགྲུབ་ལགས་ཀྱི་སྤུན་མཆེད་བློ་བཟང་ཡར་འཕེལ་ལགས་དང་བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

མཆོད་འབུལ་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དེ་རིང་བཀའ་ཤག་འདིར་བཅར་བའི་དགོས་དོན་དེ་ད་ལྟ་རང་ལུས་མེར་བསྲེགས་གནང་མཁན་ཁོང་ཉིད་ལ་མཚོན་ན་བོད་པ་ཞིག་ཡིན་པ་དང་ནང་པ་ཞིག་ཡིན་པའི་ཆ་ནས་མཆོད་འབུལ་སྨོན་ལམ་དང་གདུང་སེམས་ཉམས་སྐྱེད་ཞུ་ཆེད་དུ་ཡོང་བ་ཡིན། བཀའ་ཤག་གིས་གསལ་བོ་དང་དོ་ནན་པོས་སྔོན་མ་ནས་བཤད་ཡོད་ལ་ད་ལྟའང་ཤོད་ཀྱི་ཡོད། བོད་ནང་ནས་རང་ལུས་མེར་བསྲེགས་གནང་མཁན་ཚོ་ཡིན་ནའང་ད་ནས་བཟུང་རང་ལུས་མེར་བསྲེགས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། རང་ལུས་མེར་བསྲེགས་གནང་མཁན་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་འདས་གྲོངས་སུ་སོང་བ་ཡིན་ན་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད། དེ་བཞིན། བོད་ནང་གི་བོད་མི་ཚོས་རེ་འདོད་འགྲུབ་ཆེད་ང་ཚོ་ཡིན་ན་ཡང་འབད་བརྩོན་ཞུ་རྒྱུ་ཡིན། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགུལ་ག་རེ་སྤེལ་ན་རང་དབང་ཆ་ཚང་ཡོད་སྟབས། སོ་སོའི་ལུས་སྲོག་དེ་རྩ་ཆེན་པོར་ངོས་ཟིན་པའི་ཐོག་ནས་མུ་མཐུད་འཚོ་གནས་བྱས་ཏེ་མི་ཚེ་ཧྲིལ་བོ་རྩ་དོན་ཆེད་དུ་སྐུ་ངལ་བསྐྱོན་ཏེ་ལས་འགུལ་སྤེལ་ཏེ་བཞུགས་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་ང་ཚོས་རྩ་བ་ནས་མོས་མཐུན་མེད་ལ། དེ་ལྟར་མ་གནང་རོགས་ཞེས་དེ་སྔར་ཞུས་ཡོད་ལ་དེ་རིང་བསྐྱར་དུ་ནན་ཏན་གྱིས་ཞུ་བཞིན་ཡོད།

རང་ལུས་མེར་བསྲེགས་གནང་མཁན་གྱི་ཕ་མ་ཚོ་ཡིན་ན་ཡང་རང་གི་བུ་ཕྲུག་གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཟིན་པར་འགྱོད་པ་མེད་ན་ཡང་གཞོན་སྐྱེས་ཚོས་སོ་སོའི་གནང་ཐུབ་པ་དེ་ཤེས་ཡོན་ཐོག་ལ་དོ་སྣང་དང་། ཤེས་ཡོན་མཐར་ཕྱིན་པ་གནང་སྟེ་སོ་སོར་བོད་དོན་ཆེད་སེམས་ཤུགས་དང་ལྷག་བསམ་ཡོད་པ་དེ་ཤེས་འཇོན་གཉིས་ལྡན་གྱི་ཐོག་ནས་རྩ་དོན་ཆེད་དུ་སྐུ་ལས་སྐྱོན་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་ལྟར། ཕ་མ་ཚོས་གསུངས་བ་དང་དེ་སྔོན་བཀའ་ཤག་གིས་གསུངས་བ་གཅིག་པ་ཆགས་ཡོད་སྟབས། དམིགས་བསལ་གཞོན་སྐྱེས་ཚོས་དོ་སྣང་གནང་རོགས།

དེ་སྔོན་ནས་བཀའ་ཤག་ནང་བཀའ་བསྡུར་རིམ་པར་བྱུང་སྟེ་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོར་ངོས་ལེན་མེད་ཅེས་ཞུས་ཡོད་ཀྱང་། མེར་བསྲེགས་གནང་སྟེ་འདས་གྲོངས་སུ་སོང་བ་ཡིན་ན་ང་ཚོ་བོད་པ་ཞིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་ཞུ་ཡི་ཡོད། ཡིན་ན་ཡང་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ཚོར་བཀའ་ཤག་མི་བཅར་བ་དང་། དེ་བཞིན། བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ངོས་སོགས་སུ་མ་གཏོང་རོགས་ཞེས་འབོད་སྐུལ་ཡོང་གི་འདུག ང་ཚོའི་ངོས་ནས་དེ་ལྟར་བྱ་རྒྱུ་ཐག་གཅོད་བྱས་མེད་ཀྱང་རིམ་པས་དེ་ལྟར་ཡོང་དགོས་པ་ཞིག་མཐོང་གི་འདུག དེ་མིན་རང་ལུས་མེར་བསྲེགས་གནང་ཡོང་ན། བཀའ་ཤག་བཅར་ཏེ་ང་ཚོའི་ངོས་ནས་མེར་བསྲེགས་མ་གཏོང་རོགས་ཞེས་བཤད་ན་གོ་ནོར་ཐེབས་ཡོང་གི་མེད་འགྲོ་བསམ་གྱི་འདུག ཅེས་སོགས་གསུངས་སོང་།

གསར་འགོད་པས། ད་ལོའི་ལོ་འདིར་མཚོན་ན་བཀའ་ཤག་ངོས་ནས་ལས་འགུལ་གྱི་ལོ་ཞེས་གཏན་འབེབས་གནང་ཡོད་པ་དང་། བཀའ་ཤག་གི་ངོས་ནས་རང་ལུས་མེར་བསྲེགས་མ་གཏོང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར། བཀའ་ཤག་གི་ངོས་ནས་རང་ལུས་མེར་བསྲེགས་མ་ཡིན་པའི་ལས་འགུལ་གྱི་ཐབས་ལམ་གཞན་དེ་འདྲ་ལམ་སྟོན་ཡོད་མེད་དྲིས་པར། སྲིད་སྐྱོང་མཆོག་གིས། གཙོ་བོ་གཅིག་རང་ལུས་མེར་བསྲེགས་གནང་མཁན་ཚོ་གཞོན་སྐྱེས་ཡིན་སྟབས། ཤེས་ཡོན་ཐོག་ལ་དོ་སྣང་དང་དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་མིན་པའི་ཆབ་སྲིད་ཐད་ནས་ལས་ཀ་གནང་རྒྱུ་མང་པོ་ཡོད་པ་རེད། དཔེར་ན།   ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བཅར་རྒྱུ་དང་། དེ་བཞིན། བོད་པ་ས་ཆ་གང་དུ་ཡོད་ན་ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་རྒྱལ་ཁབ་དེའི་གཞུང་གི་ནང་འཛུལ་ཐུབ་པ་དགོས་པ། གཞུང་གང་ཞིག་ཡིན་ན་དེའི་ཕྱི་སྲིད་ལས་ཁུངས་དང་སྲིད་བློན་ལས་ཁུངས་སོགས་སུ་བཅར་ཏེ་གཞུང་དེའི་ནུས་པ་ཚུར་ལེན་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན། སློབ་གྲྭ་ཁག་ནང་ཡོད་པའི་གཞོན་སྐྱེས་ཚོས་ལོ་རེ་དང་ཟླ་རེར་བོད་དོན་སྐོར་ལ་ལས་འགུལ་སྤེལ་བ་དང་། རྒྱ་གར་མཁས་དབང་གདན་འདྲེན་ཞུས་ནས་བོད་དོན་སྐོར་ལ་གཏམ་བཤདང་སྤེལ་རྒྱུ། གལ་སྲིད་རང་ཉིད་རྩོམ་ཡག་པོ་འབྲི་ཤེས་མཁན་ཞིག་ཡིན་ན། སློབ་གྲྭ་ཁག་གི་ཚགས་པར་དང་དུས་དེབ་ངོས་སུ་རྩོམ་ཡིག་བྲིས་ན་ཡག་པོ་ཡོད་པ་རེད། དེ་བཞིན། བཀའ་ཤག་གི་ངོས་ནས་བོད་ཀྱི་དུས་སྟོན་ཞེས་པ་ཞིག་ཡོད་པ་ལྟར། དེ་འདྲའི་ནང་བོད་དོན་ཁྱབ་བསྒྲགས་བྱས་ན་འགྲིག་གི་ཡོད་པ་རེད། ཅེས་གསུངས་སོང་།

གསལ་བསྒྲགས་ནང་དུ། རྒྱལ་གཅེས་དཔའ་བོ་པ་སངས་དོན་འགྲུབ་ལགས་ནི། ཕ་ཡུལ་གཙང་རྒྱང་རྩེ་ནས་ཡིན་ཞིང་། བོད་ནང་དུ་བཞུགས་སྐབས་ཁོང་གིས་ཤིང་ཚོན་གཏོང་བའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ༡༩༩༡ ཟླ་ ༡༠ ཚེས་ ༡༩ ཉིན་བོད་ནས་རྒྱ་གར་དྷ་རམ་ས་ལར་འབྱོར་འདུག དེ་ནས་སིམ་ལར་ཡོད་པའི་ཁོང་གི་སྤུན་མཆེད་བློ་བཟང་ཡར་འཕེལ་གྱི་ནང་དུ་ཟླ་བ་ཁ་ཤས་རིང་བཞུགས་ཡོད་པ་དང་། ༡༩༩༡ ནས་ ༡༩༩༥ བར་སུ་ཇ་བོད་ཁྱིམ་དུ་འཛིན་རིམ་བཅུ་བ་སློབ་མཐར་ཕྱིན་འདུག དེའི་རྗེས་ས་ལེ་གྷུ་ར་ (Saligura) ནང་ཡོད་པའི་དགོན་པ་ཞིག་ཏུ་ཕྱག་ལས་གནང་འདུག དེ་ནས་ཚོང་ཙག་ཙིག་བརྒྱབས་ཏེ་འཚོ་བ་བསྐྱེལ་ཡོད་པ་དང་། ༢༠༡༢ ཟླ་ ༧ ཚེས་ ༡༡ ཉིན་ཁོང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཛུལ་ཞུགས་གནང་སྟེ་ཤིང་ཚོན་སྡེ་ཚན་དུ་ཕྱག་ལས་གནང་འདུག ནོར་གླིང་དུ་བཞུགས་ཡུན་རིང་ཁོང་གིས་ཀ་ཀོར་མེད་པར་ལས་ཀར་ཧུར་བརྩོན་བྱས་ཡོད་པ་མ་ཟད། རྒྱུན་དུ་སྐད་ཆ་ཉུང་ཉུང་དང་རྙོག་གླེང་རིགས་གཏན་ནས་མེད་མཁན་ཞིག་ཡིན་པ་དང་། ༢༠༡༧ ཟླ་ ༧ ཚེས་ ༢༩ གཟའ་སྤེན་པའི་ཉིན་རྒྱབ་ཁོང་གིས་ནོར་གླིང་ནས་ལས་དགོངས་ཞུས་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ ཡས་མས་སུ་ཁོང་གིས་དྷ་རམ་ས་ལའི་ཕྱི་སྐོར་ལམ་དུ་ “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ནས་སྐུ་བཤེགས་ཡོད་པ་རེད། ཅེས་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. Abharu Jigwang says:
    ལོ་ 9 སྔོན།

    ས༄༅། རང་སྲོག་དོན་མེད་མ་བཅད་བོད་པ་ཚོ། སུ་ཡི་ཧ་ོམེད་པར་རང་ལུས་ཤོར།
    རསྤྱི་སྒེར་སུ་ལའང་ཕན་མེད་ཁུ་སིམ་འོག་།རང་ལུས་མེ་ལ་བསྲེགས་པ་ཡིད་རེ་སྐྱོ།
    དགེ་སྐྱོན་ངེས་པར་ཤེ་དགོས་བོད་པ་ཚོ།
    ར རང་་སྲོག་ངེས་པར་བློས་ཞིག་གཏོང་འདོད་ན་།྆རྒྱ་དམར་པོའི་གཞུང་ཚབ་སྒོ་འགྲམ་དུ།
    རང་སྲོག་བློ་གཏོང་བྱེད་ན་ཕྲན་ཙམ་ཕན།

    Reply
  2. བསྟན་འཛིན་རྟ་མགྲིན། says:
    ལོ་ 9 སྔོན།

    ལོ་དྲུག་རྒྱ་གྲགས་བོད་གྲགས།
    གཡོ་རྫུན་རྐྱང་པས་བསྒྲགས་སོང་།
    ལོ་དྲུག་རྒྱ་བོད་འབྲེལ་མོལ།
    མིང་ཙམ་གོ་རྒྱུར་བསྐལ་སོང་།

    རང་དོན་སྒྲུབ་པའི་གཡོ་ཁྲམ།
    རིགས་པ་བརྒྱ་ཕྲག་བསླབ་པས།
    བོད་དོན་རང་སྲོག་བློས་བཏང་།
    སྲིད་སྐྱོང་བློ་ངོར་ཤོང་དཀའ།

    ད་དུང་བཟློས་གར་ལོ་གཉིས།
    འཁྲབ་ཀྱིན་འཁྲབ་ཀྱིན་ངང་ལ།
    ལྔ་དང་ལྔ་བཅུ་ལྔ་བརྒྱ།
    བོད་དོན་ཆུ་ལ་བསྐྱུར་སོང་།

    Reply
  3. ལྷ་བུ། says:
    ལོ་ 9 སྔོན།

    གོང་དུ་དཔལ་ལྡན་སྲིད་སྐྱོང་ལགས་ཀྱིས་གསུང་བ་འདི་ལ་ཐུགས་བསམ་བཞེས་དགོས་པ་ཞིག་ལ་གསུང་སྟངས་དེའི་ཐོག་ལ་བསམ་ཚུལ་ཞིག་འདུག་གང་ཡིན་ཟེར་ན་སྦྱིར་བོད་ནང་ནས་རང་དབང་མེད་ཙང་ལས་འགུལ་སྤེལ་དགོས་ན་རང་བསྲེག་གནང་བ་ལས་ཐབ་ལམ་མེད་པ་དང་ཕྱི་སྡོད་བོད་རིགས་རྣམས་ལ་རང་དབང་བརྒྱ་ཆ་བརྒྱ་ཡོད་ཙང་རང་བསྲེག་གནང་ནས་ལས་འགུལ་སྤེལ་བ་ཡིན་ན་དབུས་བོད་མི་རིགས་སྒྲིག་འཛུགས་ལ་ངོས་ལེན་རྩ་བ་ནས་མེད་གསུང་བ་དེ་དག་དག་ཞིག་སྡད་ཡོད་ན་བསམ་བཞིན་ཡོད་གང་ཡིན་ཟེར་ན། མི་སུ་ཞིག་ཡིན་ན་རང་ལུས་འདི་ལས་ལྷག་པའི་གལ་ཆེན་ཞིག་མེད་པ་ཚང་མའི་ཧ་གོ་གི་རེད་མ་ཟད་དུད་འགྲོ་ཡིན་རུང་རང་ལུས་གལ་དང་རང་གི་ཚ་སྲོག་ལག་ཆེན་རྩི་གི་རེད། ཡིན་ན་ཡང་རང་ཉིད་ཀྱི་མི་འདིའི་ལས་མ་ད་ལ་ཐུགས་བསམ་བློ་རེ་བཏང་ནས་མི་རིགས་འདིའི་རིགས་གཞུང་དང་སྐད་ཡིག་གང་ལ་ལྟས་རུང་ཧ་ཀྱང་གི་ཉེན་ཁའི་གནས་སུ་ལྷུང་ཡོད་པར་ངོས་འཛིན་གནང་ནས་འདི་སྐྱོབ་ཐབས་ལ་འདི་ལས་ལྷག་མེད་པར་མ་ཟད་གཞན་གྱིས་རང་འདི་ལྟར་ངོས་འཛིན་གནང་གི་རེད་འདོད་ནས་བློས་གཏོང་གནང་པ་རེད། དེ་འདྲ་གནང་བ་དེ་ཡང་དབུས་བོད་མིའི་དངོས་ནས་མཆོད་འབུལ་གནང་གི་མིན་པ་དང་འདིའི་ཐོག་བཀའ་བློན་རྣམ་པ་སོགས་ཕྱིན་ཆད་ཕེབས་དགོས་མིན་སོགས་གླེང་བ་འདི་ཧ་ཀྱང་གི་བློ་ཕམ་སྐྱེ་བ་ཞིག་རེད་འདོད་ཡོད། གཞན་རང་སྲིག་མ་གནང་རོགས་གཞན་ལས་འགུལ་ག་རེ་གནང་ན་འགྲིག་མ་རེད་གསུང་བ་འདི་དག་དག་རེད།

    Reply
  4. བློ་བསལ་ says:
    ལོ་ 9 སྔོན།

    བོད་མི་རིགས་རྩ་དོན་ཆེད་བློས་གཏོང་གནང་བ་ཧ་ལས་པའི་བླབས་ཆེན་རེད་ལ་གུས་ཞབས་ཡོད། གཅེས་པའི་ལུས་སྲོག་ལས་ལྷག་ཅིག་བློས་གཏོང་གནང་ཡ་ཡོད་མ་རེད། འོན་ཀྱང་ཡུལ་དུས་རང་བཞིན་གང་ལ་བླབས་ཆེན་གྱི་བློས་གཏོང་དེ་ཐུགས་བསམས་མ་བཞེས་པར་རྩ་ཤིང་དང་སློབ་ཁང་སོགས་ཀྱི་ནང་དུ་མེ་བསྲེགས་གནང་ན་དེ་ཙམ་གྱིས་ཆབ་སྒྲགས་འགྲོ་ཐུབ་ཀྱིན་མེད་པ་མ་ཟད་བྱེད་སྟངས་ཀྱི་རྣམས་པར་མ་ཤེས་པའི་སྣང་ཚུལ་འདུག། མདོ་དོན་མེར་སྲེག་མ་གནང་རོག་ཞུ།

    Reply
  5. ལྷ་བུ། says:
    ལོ་ 9 སྔོན།

    གོང་དུ་སྲིད་སྐྱོང་ལགས་ཀྱིས་གསུང་བ་འདི་ལ་ཐུགས་བསམ་བཞེས་ན་གནས་ལུགས་དང་རྒྱུ་མཚུན་མེད་པ་ཞིག་མ་རེད་འདོད། གང་ཡིན་ཟེར་ན་བོད་ཕྱི་ནང་གཉིས་ལས་རང་བསྲེག་གནང་གི་ཡོད་པ་འདི་བོད་མི་རིགས་ཀྱི་རྩ་དོན་ཆེད་ཡིན་པ་བརྗོད་མ་དགོས་པ་རེད། ཡིན་ན་ཡང་མི་རིགས་འདིའི་རྩ་དོན་ཆེད་རང་ཉིད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་དུས་ནམ་ཡིན་རུང་གུས་ཞབས་ཡོད་ལ་ཡི་རིངས་ཡོད་འོན་ཀྱང་བོད་ནང་ལ་མཚོན་ན་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ཡུལ་གོམ་སོགས་གང་ལ་ལྟས་ན་ཛ་དྲག་གི་གནས་སྟངས་ཞིག་ལ་སོང་བོད་མི་རེ་རེ་ནས་རང་ནུས་གང་ཡོད་ཀྱིས་ལས་འགུལ་མི་སྤེལ་ཐབས་མེད་སོང་ཙང་། འཛམ་གླིང་ཐོག་ནུས་པ་ཞིག་ཐོན་ཐུབ་ལ་འབད་བརྩོན་བྱས་ན་རང་ཉིད་བློས་གཏོང་གནང་རྒྱུ་ལས་ཐབས་གཞན་མེད་པ་རེད་དེ་འདྲ་སོང་བར་འདི་ལྟར་མེ་བསྲེག་གི་ཡོད་པ་རེད། ཕྱི་ལོག་ན་ཡོད་པའི་བོད་པ་ཚོའི་འདི་འདྲ་རང་སྲེག་མ་གནང་བར་རང་ཉིད་བློས་གཏོང་ཐུབ་པ་ལྟ་བུས་ལྷག་བསམ་དང་ནུས་པ་ནང་བཞིན་མི་རིགས་ཀྱི་ཆེད་དུ་སྐུ་འཚོ་བཞུགས་གནང་ནས་བོད་དོན་ལས་འགུལ་འདྲ་མིན་གནང་ཐུབ་ན་ངེས་པར་ནུས་པ་ཞིག་ཐོན་ཐུབ་པ་རེད། དེ་འདྲ་མ་གནང་བར་འདི་ལྟར་རང་ཉིད་བློས་གཏོང་གནང་པ་འདི་ཕངས་སེམས་ཤོར་བ་ཞིག་མ་ཡིན་ནམ་གང་ལྟར་མི་རིགས་འདིའི་ཆེད་དུ་བློས་གནང་བ་ལ་ཡི་རིངས་དང་གུས་ཞབས་ཡོད།

    Reply
  6. feelsojang says:
    ལོ་ 9 སྔོན།

    བཀའ་མོལ་གནང་སྟངས་ཏོག་ཙམ་སྒྲིག་མེད་ཀི།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    རང་ལུས་མེར་བསྲེགས་དང་འབྲེལ་བའི་ཐོག་གང་ཟག་སྒེར་གྱི་བསམ་ཚུལ་ཞིག་འདོད་བྱུང་ད་ལྟ་བར་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་གཏོང་མཁན་མི་བརྒྱ་དང་ལྔ་བཅུ་ནང་སླེབས་འདུག་པ་འདི་དག་གི་ཆེད་ང་ཚོའི་མཆོད་འབུལ་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད་ན་ཡང་འབྱུང་འགྱུར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་མི་ཡོང་ཆེད་སྲི་གནོན་རྒྱ་ཆེ་ཙམ་ཞིག་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་ནས་ཐུགས་འགན་བཞེས་ཏེ་ཆོས་རྒྱུད་སོ་སོའི་བླ་ཆེན་རྣམ་པས་དབུ་འཁྲིད་འོག་རང་རང་ཆོས་བརྒྱུད་ཀྱིས་ཆོ་ག་ཉམས་ལེན་ཐོག་ནས་དར་སྲི་དང་ཆུང་སྲི་རྒན་སྲི་གཞོན་སྲི་བཅས་ལ་སྲི་གནོན་ཟབ་ནན་གནང་དགོས་པའི་འབོད་བསྐུལ་འདི་བཞིན་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་སྙན་ལམ་དུ་གསན་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese