ཐའེ་ལན་ཌའི་སྲིད་བློན་ཟུར་པ་ལྕམ་ཡེན་ལཱག་གིས་གཞུང་དངུལ་གྱི་ཁེ་ལས་གཉེར་ཏེ་རྒྱལ་ཁབ་དང་མི་མང་གི་གྱོང་གུད་སྣང་མེད་བཏང་བའི་ནག་ཉེས་འོག་ལོ་ལྔ་ཡི་ཁྲིམས་ཐག་བཅད་པ་གསལ་བསྒྲགས་བྱས་འདུག
ཁ་སང་ཐའེ་ལན་ཌའི་ཆེས་མཐོའི་ཁྲིམས་ཁང་གིས་ཡུལ་དེའི་སྲིད་བློན་ཟུར་པ་ལྕམ་ཡེན་ལཱག་ (Yingluck) གིས་ཕྱི་ལོ་ ༢༠༡༤ ལོའི་སྲིད་བློན་ལས་གནས་ཁུར་སྐབས། ཐའེ་ལན་ཊིའི་གཞུང་དངུལ་ཨ་སྒོར་ཐེར་འབུམ་མང་པོ་བཏང་ནས་འབྲས་ཕྱིར་འཚོང་གི་ཁེ་ལས་གཉེར་ཏེ་རྒྱལ་ཁབ་དང་ཞིང་པ་མང་ཚོགས་ཀྱི་གྱོང་གུད་སྣང་མེད་བཏང་བའི་ནག་ཉེས་འོག ལོ་ལྔ་ཡི་ཁྲིམས་ཐག་བཅད་པ་གསལ་བསྒྲགས་བྱས་ཡོད་འདུག
ཁྲིམས་ར་ཚོགས་སྐབས་མོ་རང་ཁྲིམས་ཁང་དུ་བཅར་མེད་ཀྱང་། མོའི་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོ་ཁྲིམས་རར་འཛོམས་ཏེ་གནད་དོན་དེ་དྲང་བདེན་གྱིས་ཐག་གཅོད་པའི་རེ་བ་བྱས་ཡོད་འདུག
ཐའེ་ལན་ཌའི་སྲིད་བློན་ལས་ཐོག་ཕ་རཱ་ཡུ་ཐཱ་ (Prayuth) ཡིས་ཐའེ་ལན་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་དང་། ཨ་རབ་དང་ཐའེ་ལན་ཌིའི་ཕྱི་འབྲེལ་མི་སྣ་བརྒྱུད་ནས་ཌུ་བྷེ་ (Dubai) གྲོང་ཁྱེར་ནང་ལྕམ་ཡེན་ལཱག་དངོས་སུ་འཛིན་བཟུང་བཀག་བསྐྱིལ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་སྐོར་བརྗོད་འདུག
ཉེ་སྔོན་གྱི་ཁྲིམས་བཤེར་སྐབས་སུ། ལྕམ་ཡེན་ལཱག་གིས་མོ་རང་ལ་ནག་ཉེས་ཅི་ཡང་མེད་པས། རྟག་པར་ས་གནས་ཡར་མར་ལ་བྲོས་བྱོལ་བྱེད་དགོས་དོན་མེད་པ་དང་། གཞུང་དངུལ་གྱི་ཁེ་ལས་གཉེར་བའི་རྩོད་གླེང་དེ་ནི་མོ་ལ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་ཐའེ་ལན་ཊིའི་ཆེས་མཐོའི་ཁྲིམས་ཁང་གིས་ལྕམ་ཡེན་ལཱག་དངོས་སུ་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་ཀྱང་། སྐབས་དེར་མོ་ཐའེ་ལན་ཌི་ནས་ཨ་རབ་གྲོང་ཁྱེར་ཌུ་བྷེ་ (Dubai) ནང་ཡོད་པའི་མོ་རང་གི་ཕུ་བོ་ཐཱག་སེན་ (Thaksin) གྱི་སར་བྲོས་བྱོལ་དུ་ཕྱིན་ཡོད་འདུག
ཕྱི་ལོ་ ༢༠༡༡ ལོར་ལྕམ་ཡེན་ལཱག་ཐའེ་ལན་ཊིའི་སྲིད་བློན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་སྟེ་འདས་པའི་ལོ་ངོ་ ༦༠ ནང་ཐའེ་ལན་ཊིའི་བུད་མེད་སྲིད་བློན་ཐོག་མ་དེ་ཆགས་ཡོད་ནའང་། ཕྱི་ལོ་༢༠༡༤ ལོར་མོས་སྲིད་བློན་གྱི་དབང་ཆ་ལོག་པར་སྤྱད་དེ་མོ་རང་གི་ནང་མི་དང་སྲིད་དོན་ཚོགས་པའི་ཁེ་ཕན་ཆེད། མོའི་གཉེན་ཉེ་ཐཱ་ཝེལ་ (Thawil) ཟེར་བ་ཞིག་ཐའེ་ལན་ཌིའི་བདེ་འཇགས་ལྷན་ཁང་གི་མགོ་གཙོར་བསྐོ་བཞག་བྱས་ཏེ་སྲིད་དོན་དཀའ་རྙོག་ཆེན་པོ་བཟོས་པའི་ཉེས་དོན་འོག ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༣ ཉིན་ཐའེ་ལན་ཌི་དམག་གཞུང་གིས་མོ་སྲིད་བློན་ནས་གནས་དབྱུང་བཏང་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།