མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ལུགས་སློབ་མ་ད་དུང་བཅའ་ཁྲིམས་ལྟ་ཞིབ་དགོས་པ་མིན་ནམ།

བོད་ཀྱི་དུས་བབ།
༢༠༡༩/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

                                                                                             ཚངས་པའི་བུ།

དེ་ཡང་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་གྱི་སྡེ་ཚན་ནང་༢༠༡༩།༤།༣ཉིན་ཁྲིམས་ལུགས་སློབ་མ་རྫ་ཆུ་ཉི་འོད་ཀྱིས་སྤེལ་བའི་དཔྱད་རྩོམ་བཀླགས་པའི་རྗེས། ཁྱོད་ཀྱི་དཔྱད་རྩོམ་ནང་དུ། “བཅའ་ཁྲིམས་རིན་པོ་ཆེའི་རིན་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ”ཞེས་གསལ་བ་ལྟར། བཅའ་ཁྲིམས་ཀྱིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ཉམས་མེད་གནས་རྒྱུ་དང་། དེ་བཞིན་ལག་བསྟར་ཐུབ་པ་བྱ་རྒྱུ་ནི་བོད་མིའི་སྒྲིག་འཛུགས་སྲ་བརྟན་གནས་རྒྱུའི་ཆ་རྐྱེན་མེད་ན་མེད་ཐབས་མེད་པ་དེ་ཡིན་པས་དེ་རྣམས་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ།

དེ་བཞིན་རྩོམ་ཡིག་ནང“དེའི་འགན་འཁྲི་བཀུར་འོས་ཁྲིམས་ཞིབ་ཁང་ཁོ་ན་ལ་ཡོད་པ་ཡིན་ཞེས་དང་། རྒྱ་གར་དུ་ཁྲིམས་ཀྱི་ཞིབ་བཤེར་judicial review (འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་ལ་ཁྲིམས་ཁང་ནས་ཞིབ་བཤེར་བྱེད་པའི་དབང་ཚད།) ཟེར་བ་རྩ་ཁྲིམས་ཀྱི་གཞི་རྩའི་ཐོབ་ཐང་གི་ཁོངས་སུ་ཚུད་ཡོད་པས་ཁྲིམས་ལུགས་དབང་འཛིན་ནི་རྩ་ཁྲིམས་ཀྱི་ལྟ་སྲུང་བའམ་གཞི་རྩའི་ཐོབ་ཐང་གི་ལྟ་སྲུང་བ་ཞིག་ཏུ་བརྩིས་ཡོད་ཅིང་དབང་ཚད་ཧ་ཅང་མཐོན་པོ་སྤྲད་ཡོད།” ཅེས་པ་དང་ཕྱོགས་མཚུངས། རང་རེའི་བཅའ་ཁྲིམས་ཀྱི་དོན་ཚན་ ༦༦ པ་ནང་གསེས་ ༡ པོའི་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཞེས་དང་། དོན་ཚན་ ༥ པའི་ནང་གསེས་ ༡ པོའི་ནང་། ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ་དང་། ནང་གསེས་ ༢ པར། གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ། ཞེས་པའི་དགོངས་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་བཅའ་ཁྲིམས་ལྟ་སྲུང་བར་བསྐོས་ཡོད་ཅིང་། ཡང་བཅའ་ཁྲིམས་ལེའུ་གཉིས་པ་གཞི་རྩའི་ཐོབ་ཐང་དང་ལས་འགན་ཞེས་པའི་དོན་ཚན་ ༡༤ པར། གོང་འཁོད་དོན་ཚན་ཁག་ནང་གསལ་གྱི་ཐོབ་ཐང་དང་། ལས་འགན་ཁག་ལ་གནོད་འགལ་བྱུང་ཚེ་དོན་ཚན་ ༡༢ པ་ནང་གསལ་ཁྲིམས་ལུགས་ཀྱིས་བཀག་པ་ཕུད། དེ་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཁྲིམས་ཞིབ་ཁང་འོག་མ་ཁག་ལ་སྐབས་བསྟུན་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད་ཅིང་། ཁྲིམས་ཞིབ་ཁང་དེ་དག་ལ་གོང་འཁོད་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་བཀོད་འདོམས་བྱ་རྒྱུའི་དབང་ཆ་ཡོད། ཅེས་པའི་དགོངས་དོན་བཙན་བྱོལ་བོད་མིའི་གཞི་རྩའི་ཐོབ་ཐང་ལྟ་སྲུང་བྱེད་མཁན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། དེའི་ཡན་ལག་འོག་མ་ཁག་ཡིན། དེས་ན་རྒྱ་གར་གྱི་རྩ་ཁྲིམས་དང་འདྲ་བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་གཞི་རྩའི་ཐོབ་ཐང་གི་ལྟ་སྲུང་བ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན།

སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༤ པར་བཀའ་བློན་གྱི་འོས་བསྡུ་བགྱིས་ཏེ་སྤྱི་འཐུས་ངོ་ཡོད་ ༤༣ ཡོད་པ་ནས་ ༢༡ གི་འོས་ཤོག་ཐོབ་པར་མང་མོས་བརྩིས་ཏེ་བཀའ་བློན་དུ་འདེམས་ཐོན་བྱུང་བར་ངོས་འཛིན་བྱས་པ་དེ། བཅའ་ཁྲིམས་དོན་ཚན་ ༢༢ ནང་། འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང་། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་“སྤྱི་མོས་སམ་མང་མོས་”ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་གཞག་བྱ་རྒྱུ། ཞེས་པ་དང་ཕྱོགས་འགལ་ཕྱིན་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྐབས་འདིའི་བཀའ་བློན་གྱི་འོས་འདེམས་དེ་བཅའ་ཁྲིམས་དོན་ཚན་ ༢༢ དང་མི་མཚུངས་པའམ་འགལ་བ་ཞིག་ཏུ་བརྩིས་ཏེ། བཀའ་བློན་གྱི་འོས་གཞི་དེ་འོས་ཐོན་བྱུང་མེད་པར་ངོས་འཛིན་དང་། དེ་ལ་བཅའ་ཁྲིམས་དོན་ཚན་ ༢༥ དགོངས་དོན་ལས་འཁུར་དང་གསང་རྒྱའི་དམ་བཅའ་ལེན་ཐབས་མེད་པའི་ལངས་ཕྱོགས་བཟུང་འདུག་པ་དེ་ནི། བཅའ་ཁྲིམས་སྲུང་སྐྱོབ་འབའ་ཞིག་གི་ཆེད་དུ་ཡིན་ཚུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ ༢༠༡༩།༤།༤ ཉིན་གནད་དོན་འདིའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་ནས་ཤེས་ཐུབ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལུང་འདྲེན་གནང་མི་འདུག་ཀྱང་། “བཅའ་ཁྲིམས་དོན་ཚན་ ༤༨ སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་ཞེས་པའི་ནང་། བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་དམིགས་ཀྱིས་བསལ་བའི་དོན་གནད་རྣམས་ཕུད། དེ་མིན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ། འོས་ཤོག་འདྲ་མཉམ་བྱུང་སྐབས་ངོ་ཡོད་ཚོགས་གཙོས་ཕྱོགས་གང་མོས་སུ་འོས་འཕེན་གྱིས་ཐག་གཅོད་བྱེད་འཐུས།” ཞེས་པ་ཞིག་འདུག་པས། དམིགས་ཀྱིས་བསལ་བའི་དོན་གནད་ཅེས་པ་ནི། དོན་ཚན་ ༢༢ ནང་གསལ་བཀའ་བློན་གྱི་འོས་འདེམས་གསང་བའི་ཐོག་བྱེད་དགོས་པ་དང་། དོན་ཚན་ ༢༩ ནང་གསལ་སྲིད་སྐྱོང་དང་བཀའ་ཤག་འཕོ་འགྱུར་གཏོང་རྒྱུའི་ངོ་ཡོད་གསུམ་ཆ་གཉིས་ཡན་དགོས་པའི་ཆ་རྐྱེན་དང་། དོན་ཚན་ ༥༦ པ་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་དང་འབྲེལ་བའི་དགོས་མཁོའི་ཆ་རྐྱེན་གསུམ་ཆ་གཉིས་དང་བཞི་ཆ་གསུམ་ཞེས་པ། དོན་ཚན་ ༥༧ ནང་གསལ་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བའི་ཆ་རྐྱེན་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་དགོས་པ། དོན་ཚན་ ༦༣ པའི་ནང་གསེས་ ༤ པ་ནང་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་བའི་ཆ་རྐྱེན་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་དགོས་པ། དོན་ཚན་ ༡༡༡ ནང་གསལ་བཅའ་ཁྲིམས་བསྐྱར་བཅོས་སྐབས་ཀྱི་ཆ་རྐྱེན་གསུམ་ཆ་གཉིས་དང་བཞི་ཆ་གསུམ་བཅས་ཚད་གཞི་མཐོ་བའི་མང་མོས་དགོས་པའི་ལས་རིམ་དེ་དག་ལ་གོ་དགོས་ཤིང་། དེ་དག་མ་ཡིན་པའི་སྤྱི་འཐུས་ལྷན་ཚོགས་ནང་གི་ཐག་གཅོད་ཚང་མ་མང་མོས་ཙམ་པོ་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པར་མ་ཟད། མང་གཙོའི་རིང་ལུགས་ནང་དུ་ཐག་གཅོད་ཅི་ཡང་རུང་ཚང་མ་སྤྱི་མོས་སམ་མང་མོས་སྒོ་ནས་བྱེད་དགོས་པ་ནི་གཞི་རིམ་གྱི་ལྟ་གྲུབ་ཡིན། འོས་ཤོག་འདྲ་མཉམ་བྱུང་སྐབས་ངོ་ཡོད་ཚོགས་གཙོས་ཕྱོགས་གང་མོས་སུ་འོས་འཕེན་གྱིས་ཐག་གཅོད་བྱེད་འཐུས་ཞེས་པ་ནི། དོན་ཚན་ ༢༢ མ་ཡིན་པའི་འོས་བསྡུའི་ལས་རིམ་གཞན་ལ་བེད་སྤྱོད་ཆོག་པའི་ཚོགས་གཙོའི་འགན་དབང་ཞིག་ཡིན།

ཡང་ཁྱོད་ཀྱིས། “གོང་དུ་འཁོད་པའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་གཞིགས་ན་ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་ཐེངས་བདུན་པའི་ལས་ཉིན་བཞི་པར་བཀའ་བློན་དུ་མང་མོས་ཀྱིས་འདེམས་ཐོན་བྱུང་བའི་གང་ཟག་དེའི་་་་་ཞེས་པའི་ཐད། ཁྱེད་ཁྲིམས་ལུགས་རིག་པ་སྨྲ་བ་ཞིག་གིས་ ༢༡ དེ་ ༤༣ གྱི་མང་མོས་སུ་བརྩིས་པ་ཡ་རེ་མཚན། དེ་བཞིན། འོས་བསྡུའི་སྐོར་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་བྱས་པ་དང་། དེའི་ཐད་ཀྱི་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཚད་ལྡན་ཡིན་མིན་དང་སྒྲིག་གཞི་དང་འགལ་མིན་ལ་བསྙད་དེ་ངོས་བཞེས་མ་བྱས་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་པར་སྣང་།” ཞེས་པའི་ཐད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ བཀོད་དེ་ངོས་བཞེས་གནང་མེད་པ་ཞིག་ཏུ་མངོན་པས། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འགལ་བའམ། སྒྲིག་གཞི་ནང་གསལ་ལྟར་གྱི་བྱེད་ཕྱོགས་ཚུལ་བཞིན་ལག་བསྟར་བྱས་ཡོད་མེད་ཐོག་ནས་ངོས་བཞེས་མ་གནང་བ་ཞིག་རེད་མི་འདུག

སྐབས་འདིར་དོན་ཚན་ ༥༨ ནང་གསེས་དང་པོའི་སྐོར་དེ་ཡིན་པས། དེ་བོད་ཡིག་ཐོག་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་འཁོད་ཡོད། དབྱིན་འགྱུར་ནང་།  Any manner of the proceedings of the Tibetan Assembly shall not be called into question by any Tibetan Justice Commissioner under the pretext of any alleged irregularity or discrepancy with the regulations. སྐབས་འདིར་ Regulations ཟེར་བ་དེ་སྤྱི་འཐུས་ལྷན་ཚོགས་རང་གི་སྒྲིག་གཞི་ལ་གོ་དགོས་ཤིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཁྲིམས་སམ་དབྱིན་སྐད་ཐོག་ Law ཟེར་བ་ཁྱོད་ཀྱིས་ཤེས་ངེས་རེད།

ཡང་ཁྱོད་ཀྱིས། “བཅའ་ཁྲིམས་དོན་ཚན་ ༤༦ པའི་ནང་གསེས་དང་པོར་ཚོགས་གཙོ་ཚོགས་གཞོན་འདེམས་པ་མཚོན་པའི་ལས་དོན་ཅི་རིགས་ཀྱི་སྒང་ལ་འོས་བསྡུ་བྱེད་པར་“སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་”(བཅའ་ཁྲིམས་ཨིན་འགྱུར་མའི་ཚིག་དོན་ལ་བལྟས་ན་ལྷག་ཏུ་གསལ) ཞེས་འཁོད་འདུག་པ་ལྟར་ན་་་་་་” ཞེས་པའི་ཐད། དེ་ནི་དོན་ཚན་ ༤༦ མ་ཡིན་པར་ ༤༩ ཡིན་ཅིང་། དེ་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་ཅེས་པའི་དོན་ཚན་དེ་རེད། དེའི་ནང་གསེས་ ༡ པོར། སྤྱི་འཐུས་ལྷན་ཚོགས་དང་། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་ (Total) དང་ངོ་ཡོད་ (Present) ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས། ཞེས་གསལ་ཡོད། གོང་དུ་བརྗོད་པ་ལྟར། འདི་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སོ་སོར་མ་མཐར་སྤྱི་འཐུས་ངོ་ཡོད་ཇི་དགོས་ཀྱི་ཚད་གཞི་སྟོན་པའི་གནད་དོན་ཡིན་ཞིང་། སྐབས་འདིའི་ལྷན་ཚོགས་ནང་སྤྱི་འཐུས་རྩ་འབོར་ ༤༥ ཡོད་སྟབས། དེའི་གསུམ་ཆ་གཉིས་ ༣༠ ཡིན། དེས་ན་གྲོས་ཚོགས་གང་ཡང་རུང་བར་ཉུང་མཐར་སྤྱི་འཐུས་ངོ་ཡོད་དགོས་པའི་གྲངས་ཚད་ནི་ ༣༠ རེད། རྟག་པ་མཐའ་བཟུང་དབང་དུ་བྱས་ཏེ་སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་ ༤༤ ཡོད་པར་རྩིས་ན། དེའི་གསུམ་ཆ་གཉིས་ ༢༩་༣༣ ཡིན་པས། སྐབས་འདིའི་སྐར་ཆའམ་ (་༣༣) དེ་བརྩི་མེད་བཏང་ན་འགྲིག་ཅེས་པའི་གོ་དོན་ཡིན། སྐབས་འདིར་དོ་སྣང་དགོས་པ་ཞིག་ནི། རྩ་འབོར་གསུམ་ཆའམ། ངོ་ཡོད་གསུམ་ཆ་གཉིས། རྩ་འབོར་བཞི་ཆ་གསུམ། ངོ་ཡོད་བཞི་ཆ་གསུམ་བཅས་ཀྱི་སྐར་ཆ་བསལ་ནའང་གྲངས་ཆེན་གང་ཡིན་པ་དེ་མང་མོས་ཀྱི་ཆ་རུ་གནས་ཀྱི་ཡོད། བརྒྱ་ཆ་རྩིས་པའི་སྐབས་སུ་ལྔ་བཅུ་ལས་བརྒལ་ཡོད་ན་མ་མཏོགས། སྐར་ཆ་རྩིས་མེད་བཏང་ཚེ་ལྔ་བཅུ་ལས་ཉུང་བ་ཆགས་ཀྱི་ཡོད།

དོན་ཚན་ ༤༩ པའི་སྐར་ཆ་བརྩི་མ་དགོས་པའི་རིགས་པ་འདི་དོན་ཚན་ ༢༩ དང་ ༥༧ སོགས་ལ་འཁྱེར་ནས་སྐར་ཆ་མེད་པར་བཟོས་ཚེ། དོན་ཚན་སོ་སོའི་གོ་དོན་ཇི་བཞིན་མ་ལོན་པའི་དབང་དུ་འགྲོ་ནས་ཡན་ཞེས་པའི་བཅའ་ཁྲིམས་ཀྱི་ཚིག་དོན་སྟོང་སྐམ་དུ་འགྱུར་རྒྱུ་དང་། སྐབས་དེ་དག་ཏུ་ཡན་ཞེས་པའི་ཚིག་དོན་གྱིས། སྐར་ཆ་ཡོད་པ་དེ་ཉིད་གྲངས་ཆེན་གཅིག་ཏུ་སྒྱུར་དགོས་པ་དང་། སྐར་ཆ་མེད་པའི་སྟེང་དུ་གྲངས་ཆེན་ ༡ གམ་མི་གཅིག་འཕར་མ་སྣོན་དགོས་པའི་གནད་ཡིན།

ཡང་མུ་མཐུད་དེ། “བཅའ་ཁྲིམས་དོན་ཚན་ ༢༢ ལྟར་བཀའ་བློན་དུ་འདེམས་པར་སྤྱི་འཐུས་རྩ་འབོར་གྱི་བརྒྱ་ཆ་ ༥༠ ལས་མི་ཉུང་བ་དགོས་ཚེ། རྩ་འབོར་ ༤༣ ལས་ ༢༡.༥ ཡན་གྱིས་རྒྱབ་སྐྱོར་ཐོབ་དགོས་པ་ཡིན་ཡང་འོས་འཕེན་མཁན་སྤྱི་འཐུས་ཕྱེད་ཀ་(༠.༥) ཞིག་ཡོང་ཐབས་མེད་པ་ཡིན་སྟབས་བཅའ་ཁྲིམས་ཀྱི་བསྟན་དོན་ལྟར་འཕྲོས་ལྷག་སྐར་ཆ་མ་བརྩིས་ཚེ་སྤྱི་འཐུས་གྲངས་ ༢༡ གྱི་རྒྱབ་སྐྱོབ་ངེས་པར་དུ་ཐོབ་དགོས་པ་ཡིན་པས་རྩ་འབོར་ནས་སྤྱི་འཐུས་ ༢༡ གིས་མང་མོས་རྒྱབ་སྐྱོར་གནང་ཞིང་ ༡༨ ཀྱིས་དགག་པ་གནང་བ། འོས་ཤོག་ ༢ སྟོང་པ་དང་ ༡ རྩིས་མེད་དུ་གྱུར་བའི་བཀའ་བློན་གྱི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན་དེ་ཉིད་བཅའ་ཁྲིམས་དང་འགལ་མེད་པར་སྣང་།” ཞེས་པའི་ཐད། ཁྱོད་ཀྱིས་དབྱིན་འགྱུར་ལ་བལྟས་པའི་རྐྱེན་གྱིས་ངོ་ཡོད་དང་རྩ་འབོར་གྱི་གོ་དོན་ཆ་ཚང་འཁྲུག་འདུག  སྐབས་འདིར་ ༤༣ དེ་ངོ་ཡོད་ཡིན།  གོང་དུ་ངས་བཅའ་ཁྲིམས་དོན་ཚན་ ༢༢ ཆ་ཚང་བཀོད་པ་ནས་ཤེས་ངེས་ལྟར། དེའི་ནང་དུ་ ༤༣ གྱི་ ༢༡་༥༠ རྒྱབ་སྐྱོར་ཐོབ་དགོས་ཞེས་དེ་ལྟར་ཁ་གསལ་བཀོད་མེད། དེར་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་“ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ།” ཞེས་གསལ་ཡོད། སྐབས་འདིར་འོས་ཤོག་བརྒྱ་ཆ་ལྔ་བཅུ་ལོན་རྒྱུ་དེ་ཚད་གཞི་རེད།” བརྒྱ་ཆ་ལྔ་བཅུ་རང་གིས་འགྲིག་པར་བརྩིས་པ་དེ་ནི་མང་གཙོའི་ལྟ་གྲུབ་དང་། དོན་ཚན་དེ་རང་དུ་མང་མོས་ཞེས་པའི་ཚིག་དང་། དོན་ཚན་ ༤༨ ནང་དུ་ལས་དོན་ཚང་མ་མང་མོས་ཐོག་ནས་ཐག་གཅོད་བྱེད་དགོས་ཞེས་པ་བཅས་ཀྱི་གོ་དོན་ལ་བརྩིས་མེད་བཏང་བ་ཞིག་ཏུ་འཁུམས། གང་ལྟར་རྒྱ་གར་གྱི་གྲོས་ཚོགས་ནང་། Absolute དང་། Effective དང་། Simple དང་།  Special Majority  བཅས་མང་མོས་རྩིས་ཕྱོགས་ཁག་ཁ་ཤས་ཡོད་པའི་ནང་ནས་འདིར་ Effective Majority གཞིར་བཞག་འགྲོ་དགོས།

ཚོགས་གཙོ་མཆོག་གིས་གསར་འགོད་པར་ལན་འདེབས་གནང་བའི་བརྙན་འཕྲིན་དང་པོའི་ནང་བརྒྱ་ཆ་རྩིས་བསྐོར་གནང་བའི་ཤོག་བུ་ཞིག་བསྟན་ཏེ། མི་ ༤༥ ཡོད་ན་བརྒྱ་ཆ་ལྔ་བཅུ་ ༢༢་༥༠ རེད་ཅེས་དང་། ༤༤ སོགས་བགྲངས་པའི་མཐར་ ༢༤ ཡོད་ན་(བརྒྱ་ཆ་ལྔ་བཅུ་དེ་) ༡༢ རེད་ཅེས་གསུངས་པར་གཞིགས་ན།  ཕལ་ཆེར་རེའུ་མིག་དེའི་ནང་དུ་སྤྱི་འཐུས་ངོ་ཡོད་ ༤༥ ནས་ ༢༤ བར་གྱི་བརྒྱ་ཆ་ལྔ་བཅུ་རྩིས་བསྐོར་བྱས་ཡོད་ཚོད་འདུག  གལ་སྲིད་དེ་ལྟར་ཡོད་ཚེ་བཅའ་ཁྲིམས་དོན་ཚན་ ༤༩ རང་གི་དགོངས་དོན་ཇི་བཞིན་མ་ལོན་པའི་སྐྱེ་བོ་ཞིག་གིས་རེའུ་མིག་དེ་བཟོས་པར་ཁྱབ། གང་ལ་ཟེར་ན། དོན་ཚན་འདིར་སྤྱི་འཐུས་ལྷན་ཚོགས་སུ་ངོ་ཡོད་ཉུང་མཐའ་དགོས་པ་ནི་རྩ་འབོར་གྱི་གསུམ་ཆ་གཉིས་ཏེ་སྤྱི་འཐུས་ ༣༠ ཡིན་པས། སྤྱི་འཐུས་ ༢༩ ནས་ ༢༤ བར་གྱི་སྤྱི་འཐུས་གྲོས་ཚོགས་ཡོང་ཐབས་མེད། གོ་བདེར་བརྗོད་ན། སྤྱི་འཐུས་ ༣༠ ལས་ཉུང་བས་ནམ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་ཐབས་མེད་པས། གཞི་རྩ་བཟུང་ཡུལ་དེ་ཉིད་འཁྲུག་གཞི་ཅན་ཞིག་མིན་ནམ་སྙམ།

ཡང་ཁྱོད་ཀྱིས། “རང་ཅག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་ལྔ་པའི་དོན་ཚན་ ༥༨ པར་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་སྐོར་འཁོད་པའི་ནང་གསེས་དང་པོར་“སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག”ཅེས་གསལ་ཡོད་ཅིང་། ནང་གསེས་གཉིས་པར་“ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདིའི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།” ཅེས་འཁོད་ཡོད་པ་རེད། དེ་བཞིན་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༤༦ པར་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་ངམ་ཁེ་དབང་འཁོད་པའི་ནང་དུ་“སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག”ཅེས་གསལ་ཡོད།” ཅེས་པའི་ནང་དོན་ཚན་༤༦ དང་ ༥༨ སོ་སོའི་ཚིག་འབྲུ་ཡོངས་རྫོགས་གསལ་བ་ལྟར་སྣང་།

དེར་བརྟེན་ཡང་བསྐྱར་དོན་ཚན་དེ་དག་གི་ཚིག་འབྲུ་མ་འགོད་པར་བྱ་རྒྱུ། དོན་ཚན་ ༤༦ དང་ ༥༨ ནང་གསེས་ ༢ པ་གཉིས་ནི་སྤྱི་འཐུས་སྒེར་གྱི་དམིགས་བསལ་ཐོབ་ཐང་ཡིན་ཅིང་། སྤྱི་འཐུས་ཤིག་གིས་སྤྱི་འཐུས་ལྷན་ཚོགས་ནང་བཀའ་མོལ་གནང་སྟངས་ལ་སོགས་པར་བསྙད་དེ་སྤྱི་འཐུས་དེར་གཞན་སུས་ཀྱང་ཁ་མཆུ་འཛུགས་པའམ། ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་ལེན་བྱེད་མི་ཆོག་པར་བསྟན་པ་ཡིན། འོན་ཀྱང་སྤྱི་འཐུས་ཤིག་གིས་གྲོས་ཚོགས་རྭ་བའི་ཕྱི་ལ་ཐོན་ནས་གཞན་ལ་ཉེས་མེད་ཉེས་འཛུགས་དང་དབང་ཤེད་སོགས་གནང་སྟེ་སྐྱེ་བོ་ག་གེ་མོས་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་བྱུང་སྐབས། ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་རྩད་གཅོད་བྱེད་མི་ཆོག་པ་མེད། ཡང་ན་སྤྱི་འཐུས་དེར་དམིགས་བསལ་གྱི་ཐོབ་ཐང་མེད།

དོན་ཚན་ ༥༨ ནང་གསེས་ ༡ པོའི་སྐོར་དེ་གོང་དུ་བརྗོད་ཟིན་པས་དམིགས་བསལ་བསྐྱར་བཤད་མི་དགོས་མོད། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར་བསྐྱར་བརྗོད་བྱས་ན། སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་ལ་སོགས་པའི་ལས་དོན་བྱེད་ཕྱོགས་“སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་ལུགས་སྒྲིག་གཞི་དང་མཐུན་པ་”བྱུང་ཡོད་མེད་དམ། དེ་གཞིར་བཟུང་ཚད་ལྡན་བྱུང་ཡོད་མེད་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པར་གོ་དགོས། དོན་ཚན་འདིར། “སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་”ཞེས་པ་ཙམ་ལས། “བཅའ་ཁྲིམས་དང་མཐུན་མིན་ལ་བསྙད་དེ་”ཞེས་བཀོད་མེད། དེར་བཅའ་ཁྲིམས་ཟིན་བྲིས་པ་རྣམས་ཀྱིས་བཅའ་ཁྲིམས་ལྟ་སྲུང་བྱེད་པོར་སྦས་པའི་སྐུ་དབང་ཞིག་གནང་ཡོད་པར་སྙམ། གང་ལྟར་གོང་དུ་བརྗོད་པ་ལྟར་གྲོས་ཚོགས་ནང་གི་ལས་དོན་ཚད་ལྡན་ (Regularity) དང་། ཐག་གཅོད་བྱེད་ཕྱོགས་ (Procedures) གཉིས་སྟོན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་ལུགས་དང་སྒྲིག་གཞིའི་དོན་ཚན་གང་རུང་གཞི་རྩར་བཟུང་ནས་ཁྲིམས་ཞིབ་རྩད་གཅོད་མི་ཆོག་ཅེས་པའི་གོ་དོན་ཡིན་པ་ལས། བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ་བྱུང་ཡོད་མེད་རྩད་གཅོད་བྱེད་མི་ཆོག་པའི་གོ་དོན་མིན།

གལ་སྲིད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལ་ཁྲིམས་ཞིབ་རྩད་གཅོད་ཅི་ཡང་བྱེད་མི་ཆོག་པའི་དབང་དུ་བཏང་ན། བཅའ་ཁྲིམས་དོན་ཚན་ ༥ པར་ཁྲིམས་ལུགས་སམ། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་དང་འགལ་མིན་རྩོད་གླེང་བྱུང་སྐབས་ཐག་གཅོད་བྱེད་ཐབས་མེད་པར་འགྱུར་རྒྱུ་དང་། ཁྲིམས་ཞིབ་ཁང་གིས་རང་གི་འགན་དབང་སྤྱད་དེ་བཅའ་ཁྲིམས་འགྲེལ་བརྗོད་བྱས་པར་ཁྲིམས་བཟོའི་སྡེ་ཚན་གྱིས་ངོས་ལེན་བརྩི་བཀུར་བྱེད་ཐབས་མེད་པ་མཐོང་ཚེ། བཅའ་ཁྲིམས་བསྐྱར་བཅོས་བྱེད་རྒྱུའི་དབང་ཚད་ཁྲིམས་བཟོའི་སྡེ་ཚན་ལ་ཡོད་པས། རང་གི་དབང་ཚད་བེད་སྤྱོད་བྱས་ཏེ་གང་འོས་བྱེད་ཆོག  འོན་ཀྱང་རྩོད་གླེང་དང་གང་ཟག་གི་འདོད་མོས་བསྟུན་པའི་བཟོ་བཅོས་རིགས་བྱེད་ཀྱིན་བསྡད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཡང་ནམ་ཞིག་སྐྱབས་མེད་མགོན་མེད་དུ་ལུས་ཡོང་། དེ་བཞིན་རང་རེ་ཕྱི་གྱར་བ་ནང་ཁུལ་འདི་མུར་རྩོད་གླེང་གིས་དུས་འདའ་ན་ནམ་ཞིག་གཞིས་ལུས་བོད་མི་ཨ་ཐང་ཆད་ཡོང་།

ཁྱེད་ཀྱིས་བཅའ་ཁྲིམས་ཀྱི་གོ་དོན་ཇི་བཞིན་མ་ལོན་པ་ནི་ཕལ་ཆེར་བཅའ་ཁྲིམས་དབྱིན་འགྱུར་མ་ལ་གཞི་བཅོལ་བའི་རྐྱེན་གྱིས་མིན་ནམ་སྙམ། བཅའ་ཁྲིམས་དོན་ཚན་ ༡༡༥ སྐད་ཡིག་ཚད་འཛིན་ནང་། དབྱིན་ཡིག་དང་། སྐད་ཡིག་གཞན་ཐོག་གཞུང་འབྲེལ་ཕབ་བསྒྱུར་བྱས་པའི་བཅའ་ཁྲིམས་ཀྱི་ཡིག་ཆ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པ་དེ་དག་བསྒྱུར་ཡིག་ཚད་ལྡན་དུ་ཆ་འཇོག་བྱ་རྒྱུ། འོན་ཀྱང་ཚིག་དོན་འགྲེལ་བརྗོད་བྱེད་ཚུལ་ལ་རྩོད་གླེང་བྱུང་ཚེ་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་བྱ་རྒྱུ་ཞེས་པས་བོད་ཡིག་གཙོ་བཟུང་དགོས་པ་འཁོད་ཡོད་སྟབས། དབྱིན་འགྱུར་མ་དང་གཞི་མ་བོད་ཡིག་ཐོག་གནས་པ་གཉིས་མཚུངས་བསྡུར་བྱས་ཚེ་ཕན་ཐོགས་ཆེ་རྒྱུ།

མཐའ་དོན། སྐབས་འདིའི་གནད་དོན་ཐད་གཡས་ཕྱོགས་གཡོན་ཕྱོགས་ཀྱི་སྐད་ཆ་མ་ཉན་པར། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༢༢ དང་ ༤༩ གཉིས་ཀྱི་ཚིག་དོན་གང་ཡིན་ལྟ་ཞིབ་བྱས་པའི་རྗེས་སུ། དོན་ཚན་ ༤༦ དང་ ༤༨ དང་ ༥༨ བཅས་གསུམ་ལ་ལྟོས། དེའི་རྗེས་དོན་ཚན་ ༦༦ དང་ ༥ གཉིས་ལ་བལྟས་ཏེ། རྗེ་བཙུན་བླ་མ་ཙོང་ཁ་པས། ལུང་དང་རིག་པའི་རྗེས་སུ་འབྲང་ནས་དྲང་ངེས་འབྱེད་དགོས་ཚུལ་གསུངས་པ་ལྟར། ཐེངས་འདིར་ལུང་བཅའ་ཁྲིམས་ཀྱི་ཚིག་དོན་དང་། རིག་པ་མང་གཙོའི་ལྟ་གྲུབ་ཀྱི་རིག་པར་བརྟེན་ནས་བསམ་ཤེས་ཐུབ་པ་བྱེད་དགོས།

མཐར་ཁྱོད་ལ་བྱིས་སྒྲུང་ཞིག་བཤད་དེ་མཇུག་བསྡུ་རྒྱུ། གནའ་སྔ་མོ་རྒྱ་གར་གྱི་ལུང་པ་ཞིག་ཏུ་ཕ་བུ་གཉིས་ཡོད་པ་ཉིན་གཅིག་བུས་ཕ་ལ། ཨ་ཕ་ཁ་གྲངས་ ༤༣ གྱི་བརྒྱ་ཆ་ལྔ་བཅུ་གང་རེད་དྲིས་སྐབས། ཕ་ཡིས་ Google ནང་དུ་ལྟོས་གསུངས། བུས་     ༢༡་༥༠ རེད་འདུག་ཟེར་སྐབས། ཕས་ང་ཚོའི་ཁྱིམ་ཚང་གི་ལུགས་སྲོལ་ལ་སྐར་ཆ་འཕྲི་དགོས་པས་ ༢༡་༥༠ ཡི་སྐར་ཆ་རྩིས་མེད་བཏང་བའི་ལྷག་འཕྲོས་ ༢༡ དེ་བརྒྱ་ཆ་ལྔ་བཅུ་རེད་ཅེས་གསུངས། བུས། ཨ་ཁུས་དེ་འདྲ་བྱས་ན་བརྒྱ་ཆ་ལྔ་བཅུ་ལས་ཉུང་བ་ཆགས་ཀྱི་རེད། རྩིས་སྟངས་དེ་འདྲ་མ་རེད། འཛམ་གླིང་ཡོངས་གྲངས་ལྟར་ ༢༡ དེ་ ༡༠༠ ཡིས་གྱུར་པའི་རྗེས་སུ་ ༤༣ ལ་ཆ་བགོས་བྱེད་དགོས་ཟེར་སོང་ལ། Google ནང་དུའང་ལྟོས་ཟེར་སྟབས། ངས་ Google ནང་དེ་ལྟར་བྱས་པས་ ༤༨་༨༤ སླེབས་སོང་ཟེར་བར། ཕ་ཡིས་བུ་ལ། ཨ་ཁུ་དང་འཛམ་གླིང་ནོར་བ་རེད། ང་ཚོའི་ཁྱིམ་ཚང་ནང་དུ་གནའ་སྔ་མོ་ནས་རྩིས་བཞག་པའི་ཡིག་ཆ་དེ་གསར་འགོད་པ་ཚོ་ལ་སྟོན་དང་འགྲིག་གི་རེད། ངའི་རོགས་པར་ཨང་རྩིས་མཁས་དབང་ ༤༢ ཡོད་པ་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་ངེས་རེད། ཡང་བུས་ངའི་རོགས་པ་ཚོས་ལྷག་མ་ ༢༢ དེ་ ༢༡ ལས་མང་བ་རེད་ཟེར་གྱི་འདུག་ཅེས་ཟེར་སྐབས། ཨ་ཕས་འདི་འབྲེལ་བ་མེད། ཁ་བཙུམ། མི་འཛུལ་ཡོང་གི་རེད། མགྱོགས་པོ་ནང་གི་སྒོ་རྒྱོབ། སྒོ་རྒྱོབ་ཅེས་གསུངས་ཏེ་ནང་ལ་བཞུགས་སོ།། །།

དགག་བྱའི་རྩོམ་ཡིག བཀུར་འོས་ཁྲིམས་ཞིབ་ཁང་བཅའ་ཁྲིམས་དང་འགལ་བ་མིན་ནམ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམའ་ says:
    ལོ་ 6 སྔོན།

    ཁྲིམས་ལུགས་རིག་པ་ཚང་མ་འཛོམས་འདུག་ཧཧཧ
    Special majority haha
    དོན་དངོས་མང་མོས་ majority དང་སྤྱི་མོས་ Fullmajority
    བརྒྱ་ཆ་ལྔ་བཅུ་བཤད་སྐབས་བརྒྱ་ཡིས་ཕྱེད་ཀ་ལྔ་བཅུ་ལ་གོ་བ་ལས་ངོ་ཡོད་
    ཀྱི་ཕྱེད་ཀ་ལ་གོ་བ་བླངས་ན་སྤྱི་འཐུས་༢༡་གི་བཀའ་བློན་བསྐོ་ཆོག་གི་ཡོད་ན་
    ང་ཚོའི་མང་གཙོ་དེ་ (Democracy )
    མིན་པ་ ( Proletarain ) གྲལ་རིམ་དམངས་གཙོ་ལ་ཁ་ཕྱོགས་
    པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese