ལྷ་ས་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཡོད་པའི་གྲིབ་གྲོང་རྡལ་གྱི་དམག་སྒར་གྱིས་ས་གནས་བོད་མི་ཚོར་ཉིན་རེར་རྒྱ་སྒོར་ ༨༠ རེ་སྤྲད་ནས་ཞིང་ཁ་འདེབས་ལས་བྱེད་དུ་འཇུག་གི་ཡོད་པས་མི་མང་གི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་འདུགདེ་རིང་ཕྱི་ཟླ་ ༥ ཚེས་ ༦ ཉིན་འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་སྐྱིད་ཆུའི་ཕར་ཕྱོགས་སུ་ཡོད་པའི་གྲིབ་གྲོང་རྡལ་གྱི་བོད་མི་ཚོར། ཉེ་འཁྲིས་སུ་ཡོད་པའི་དམག་སྒར་གྱི་ས་ཞིང་དང་སྔོ་ཚལ་འདེབས་ལས་བྱེད་དུ་བཅུག་སྟེ། ཉིན་རེར་གླ་ཆ་རྒྱ་སྒོར་ ༨༠ ལས་སྤྲོད་ཀྱི་མེད་སྟབས། ཁྱིམ་ཚང་ ༧༠ ཙམ་ཡོད་པའི་གྲོང་རྡལ་དེའི་མི་མང་གི་འཚོ་བར་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་འདུག
འདི་གའི་གསར་འགོད་པར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། གྲོང་རྡལ་དེའི་ནང་ས་གནས་གཞན་ནས་ཡོང་བའི་ཁྱིམ་ཚང་ ༧༠ ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། གྲོང་རྡལ་གྱི་ས་ཆ་ཉེ་འགྲམ་གྱི་དམག་སྒར་ལ་བདག་གི་ཡོད་ལུགས་བརྗོད་དེ། དུད་ཁྱིམ་རེ་ནས་མི་གཅིག་རེ་ཞིང་ཁ་འདེབས་ལས་བྱེད་པར་ངེས་པར་དུ་ཡོང་དགོས་པ་དང་། གལ་ཏེ་མ་ཡོང་ཚེ་ས་ཁང་འཕྲོག་རྒྱུ་ཡིན་པའི་འཇིགས་སྣང་སྐུལ་གྱི་ཡོད་སྟབས། ང་ཚོས་ཞོགས་པའི་ཆུ་ཚོད་ ༧ པ་ནས་མགོ་འཛུགས་བྱས་ཏེ། ཕྱི་དྲོའི་ཆུ་ཚོད་ ༥ པ་བར་དུས་ཡུན་ཆུ་ཚོད་ ༡༠ རིང་ལས་ཀ་བྱེད་ཀྱི་ཡོད་ཀྱང་། ཉིན་རེར་རྒྱ་སྒོར་ ༨༠ ལས་སྤྲོད་ཀྱི་མེད་པས། ཟླ་རེར་ཁྱོན་རྒྱ་སྒོར་ ༢༤༠༠ ལས་མི་འདུག དེས་ཁྱིམ་ཚང་གི་ནང་མི་ཚོར་ཟས་གྲོན་ཡང་མ་འདང་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག གལ་སྲིད་མུ་མཐུད་འདི་ལྟར་གནས་དགོས་བྱུང་ཚེ་འཚོ་བ་འཁྱོལ་ཁག་པོ་འདུག
དེ་སྔོན་གྲོང་མི་ཚོས་ས་གནས་མགོ་འཁྲིད་དང་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་དཀའ་ངལ་ཡོད་སྐོར་སྙན་ཞུ་ཕུལ་ཡོད་ཀྱང་། གོང་རིམ་ནས་བརྡ་ལན་གང་ཡང་སྤྲད་མ་སོང་། ང་ཚོའི་འཚོ་བ་དང་ས་ཁང་ཐད་ལ་ཉིན་རེ་བཞིན་དཀའ་ངལ་ཆེ་རུ་འགྲོ་བཞིན་འདུག ཅེས་དང་། ལྷ་ས་གོང་དཀར་གནམ་ཐང་གི་གཡས་གཡོན་རྣམ་རྒྱལ་ཞོལ་གྲོང་རྡལ་སོགས་སུའང་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།
ཕྱི་ལོ་ ༢༠༠༦ ནས་མལ་གྲོ་གུང་དཀར་རྫོང་བྲག་ལག་དང་། འཕན་པོ། ཆུ་ཤུལ་རྫོང་ས་སྨད་སོགས་ནས་བཙན་གྱིས་བོད་མི་རྨས་གྲོང་རྡལ་དེར་གནས་སྤོར་དུ་བཅུག་ཡོད་པ་དང་། དང་ཐོག་ས་གནས་སྲིད་གཞུང་གིས་ཁོང་ཚོ་ལྷ་ས་གྲོང་ཁྱེར་ནང་འཚོ་སྡོད་བྱེད་སའི་ས་ཆ་སྤྲོད་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། དངོས་སུ་བསླེབས་སྐབས་གྲིབ་གྲོང་རྡལ་གྱི་ས་ཆ་དེར་སྡོད་དུ་བཅུག་ཡོད་པ་དང་། གྲོང་རྡལ་གྱི་ཁང་པ་སོགས་ལ་འགྲོ་སོང་ཆེན་པོ་ཡིན་པ་དང་། གྲོང་མི་མང་ཆེ་བས་རྒྱ་ཡིག་རྒྱ་སྐད་སོགས་ཤེས་ཀྱི་མེད་པའི་རྐྱེན་གྱིས་དཔལ་འབྱོར་གྱི་ཡོང་འབབ་དཀོན་པོ་ཡིན་སྟབས། གྲོང་མི་ཚོས་འཚོ་བ་འཁྱོལ་དཀའ་བའི་གནས་སུ་ལྷུང་ཡོད་འདུག
ལྷ་ས་སོགས་བོད་ཁུལ་གྱི་ས་གནས་གཞན་དུ་ལམ་བཟོར་རྒྱུག་མཁན་དང་ཁང་པ་རྒྱག་མཁན་ཚོར་ཉིན་རེར་གླ་ཆ་རྒྱ་སྒོར་ ༢༠༠ ཙམ་ནས་ ༢༥༠ ཡས་མས་ཡོད་ཀྱང་། གྲིབ་དམག་སྒར་དུ་ལས་ཀ་བྱེད་མཁན་བོད་མི་ཚོར་ཉིན་རེར་རྒྱ་སྒོར་ ༨༠ ལས་སྤྲོད་ཀྱི་མེད་པ་དང་། དམག་སྒར་གྱི་ས་ཞིང་དང་སྔོ་ཚལ་ལ་དྲོད་ཁང་ ༡༧༠ ཡོད་ཅིང་། དྲོད་ཁང་རེ་རེའི་རིང་ཚད་ལ་(Foot) ༢༠ རེ་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།
ལོ་རྒྱུས་ནང་ལ་གཟིགས་དང་། སྡུག་ཙུབ་ཆེ་རུ་འགྲོ་བའི་སྐབས་སྡུག་ཙུབ་གཏོང་མཁན་གྱི་དུས་ཚོད་དེ་རྫོགས་རེན་པའི་བརྡ་གཏང་གི་ཡོད། དངོས་ནས་ཧམ་པ་རེད།
རང་བཙན་རང་བཙན་ཟེར་ནས་སོ་སོའི་ལུང་པ་མི་ལ་ཤོར་ཉན་འདུག་གོ དབུ་མའི་ལམ་གྱི་ཐོག་ནས་བོད་གཞིས་བྱེས་གཉིས་མྱུར་དུ་འཛོམས་ནས་སོ་སོའི་ལུང་པ་སོ་སོས་བདག་པོ་རྒྱག་ཐུབ་པའི་ཐབས་ངེས་པར་དུ་གནང་དགོས།
གཞན་དབང་འོག་ཏུ་བདེ་སྐྱིད་ཚོལ་བ་ནོར།
རང་བཙན་མེད་པའི་གྱོང་གུན་ཤེས་འདོད་ན།
རང་ཡུལ་རང་བདག་རང་བཙན་ལས་ལྷག་མེད།
རང་བཙན་འོག་ཏུ་རང་དབང་ཆ་ཚང་ཡོད།
རང་བཙན་མེད་ན་རང་དབང་ག་ནས་ཡོད།
གཞན་དབང་འོག་ཏུ་རང་དབང་ག་ནས་ཡོད།
རང་བཙན་རང་དབང་རང་ཡུལ་བཅས།
ལུས་སྲོག་ལ་ཐུག་ཀྱང་གློད་མི་ཉན།
ད་ལྟོས་དང་། སོ་སོའི་དམག་མི་ལ་ལྟོ་སྤྲད་ཐུབ་ཀྱི་ཡོད་མ་རེད། ད་དུང་འཛམ་གླིང་ལ་ཨ་སྒོར་དུང་ཕྱུར་མང་པོ་བོད་ལ་ཡར་རྒྱས་བཏང་པས་བཏང་རབ། ? ?