སང་ཉིན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་མ་ན་ལི་ཁུལ་དུ་ཆོས་འབྲེལ་ཆེད་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུགསང་ཞོགས་ཆུ་ཚོད་ ༨ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས། ཧི་མ་ཅལ་མངའ་སྡེའི་མ་ན་ལི་ཁུལ་དུ་ཆོས་འབྲེལ་ཆེད་ཕེབས་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ཁུལ་དེར་དུས་ཡུན་ག་ཚོད་ཅིག་རིང་བཞུགས་རྒྱུ་ཡིན་པ་སོགས་ཀྱི་མཛད་འཆར་ཁག་ཁ་གསལ་མི་འདུག
སྤྱིར་བཏང་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཕེབས་འཆར་གནང་ཡོད་ཀྱང་། སྐབས་དེར་མ་ན་ལི་ཁུལ་དེར་ཆར་བ་ཤུགས་ཆེན་བབས་ཏེ་ཆུ་ལོག་བྱུང་བ་སོགས་ཀྱིས་མཛད་འཆར་ཕྱིར་འགྱངས་གནང་དགོས་བྱུང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཙམ་གྱི་ནང་ཕེབས་གཏན་འཁེལ་ཡོད་ཀྱང་། སྐུའི་འཕྲོད་བཞེས་ཀྱི་དབང་གིས་ཡང་མཛད་འཆར་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད།
ཕྱི་ལོ་ ༢༠༡༠ ཟླ་༨ པའི་ནང་མ་ན་ལི་དང་ཇིལ་སི་པི་ས་གནས་སུ་ཆོས་འབྲེལ་བཀའ་དྲིན་བསྐྱངས་ཡོད་པ་དང་། ཕེབས་ལམ་དུ་ཀུ་ལུའུ་ས་གནས་སུ་ཡོད་པའི་དྭགས་པོ་བཤད་སྒྲུབ་གླིང་གི་དྭགས་པོ་དགོན་པ་དང་། པ་ཏི་ཀུལ་བོད་ཁྱིམ་ལས་རིགས་སློབ་གྲྭར་ཆིབས་བསྒྱུར་བསྐྱངས་ཏེ། དགེ་ལས་སློབ་ཕྲུག་རྣམས་ལ་ད་ལྟའི་དུས་འདིར་ང་ཚོ་བོད་མི་རྣམས་ས་ཆ་གང་སར་ཁ་འཐོར་དུ་གནས་ཡོད་པ་རེད། ཡིན་ནའང་། ང་ཚོ་བོད་པ་ཡིན་པ་དེ་མ་ཤི་བར་དུ་འགྱུར་བ་འགྲོ་རྒྱུ་ཁྱོན་ནས་ཡོད་པ་མ་རེད། སོ་སོའི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་པོ་ཆགས་བསྡད་ཡོད་སྟབས། མ་འོངས་པར་ཁྱེད་རང་ཚོའི་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརླག་པའི་ཐོག་ནས་བོད་མི་རིགས་ཀྱི་རིག་གཞུང་ལ་བདག་པོ་རྒྱག་ཐུབ་པ་ཡིན་ན། བོད་པའི་རྣམ་པ་ཚང་གི་ཡོད། སོ་སོའི་ཤ་ཁྲག་རུས་གསུམ་བོད་པ་ཡིན་ཡང་བོད་སྐད་དང་བོད་ཡིག་མི་ཤེས་པར་མ་ཟད། རང་གི་རིག་གཞུང་ལ་དོ་སྣང་མེད་པའི་ངང་བསྡད་ན། བོད་པ་ཕྱེད་ཀ་ལྟ་བུ་ཞིག་རེད་ཅེས་སོགས་བཀའ་སློབ་བསྩལ་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།
འབྲེལ་ཡོད་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་ཚོ། ༧གོང་ས་མཆོག་སྐུ་ངལ་གནང་འཇུག་རོགས། ཧི་མ་ཅལ་ཁུལ་གྱི་ཕེབས་ལམ་ཀྱག་ཀྱོག་མང་པོས་སྐུ་ཐང་ཆད་ངེས་རེད།