མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱི་འཐུས་རྣམ་པས་དབུ་འཁྲིད་དེ་བོད་མིའི་རྡོག་རྩ་གཅིག་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས།

བོད་ཀྱི་དུས་བབ།
༢༠༡༩/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དེ་སྔ་ག་རེ་བྱུང་ཡོད་ན་འདས་པའི་ལོ་རྒྱུས་ཡིན་པས་ད་ནས་བཟུང་སྟེ་སྤྱི་ཚོགས་ནང་མ་འགྲིག་པ་དང་མ་འཐུས་པ་ག་རེ་ཡོད་པ་ཡིན་ནའང་སྤྱི་འཐུས་གྲོས་ཚོགས་ནས་མགོ་བཙུགས་ཏེ་འགྲིག་མཐུན་བཟོ་དགོས་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་ཚོགས་དུས་ཐོག་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སྐུ་སྒེར་ནས་འགྲོ་སོང་བཏང་སྟེ། ཡུ་རོབ་བོད་ཀྱི་ཞི་བདེའི་གྲོས་མོལ་ཞེས་པའི་ཡུ་རོབ་རྒྱལ་ཁབ་ཁག་ ༣༠ ནང་བོད་དོན་ཞུ་གཏུག་དང་སྐོར་སྐྱོད་གནང་བཞིན་ཡོད་སྟབས། ཚོགས་དུས་ཧྲིལ་པོར་དགོངས་པ་ཞུ་དགོས་བྱུང་ཡོད་པ་མ་གཏོགས་སྤྱི་འཐུས་གཞན་རྣམས་ཚང་འཛོམས་གནང་འདུག་ལ།  ད་ལན་གྱི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ཁྱོན་བསྡོམས་ཤོག་གྲངས་ ༢༥༠༨ ཕུལ་ཡོད་འདུག

ཚོགས་དུས་དབུ་འཛུགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་འདས་པའི་ལོ་གཅིག་ནང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱག་ལས་ཅི་གནང་སྐོར་མདོར་བསྡུས་ཤིག་ངོ་སྤྲོད་གནང་སྐབས། ད་ལོར་གྲོས་ཚོགས་ཚོགས་དུས་བདུན་པ་གྲོལ་བ་ནས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་དེ་ཚོགས་ཐུབ་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༡༩༩༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞེས་པ་བཏོན་གནང་ཡོད་པ་དང་། ཁྲིམས་འཆར་དེའི་ཆེད་དངོས་ཤུགས་བརྒྱུད་གསུམ་གང་དུ་ཡང་ཕྱག་ལས་གནང་མཁན་ཚང་མར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ལོ་གཉིས་དང་ཕྱེད་ཀའི་ནང་སྤྱི་འཐུས་རྣམ་པའི་ས་ཁུལ་སྐོར་སྐྱོད་གཉིས་བྱུང་ཡོད་པ་དང་། ད་ལྟའི་ཆར་ས་ཁུལ་རེ་གཉིས་མ་གཏོགས་མང་ཆེ་བའི་ནང་སྐོར་སྐྱོད་ཟིན་ཡོད་པ།  ལོ་དུས་འདིའི་ནང་ཨ་རིའི་གྲོས་ཚོགས་འཐུས་མི་དང་འཇར་མན་གྲོས་ཚོགས་འཐུས་མི། རྒྱ་གར་གྱི་གྲོགས་པོ་དང་སྐུ་མགྲོན་མང་པོ་ཞིག་སྣེ་ལེན་ཞུ་ཐུབ་པའི་གོ་སྐབས་བྱུང་ཡོད་སྐོར་དང་། གྲོས་ཚོགས་སྔོན་མ་གྲོལ་བ་ནས་ད་བར་སྤྱི་འཐུས་རྒྱུན་ལས་རྣམ་ལྷན་འཛོམས་ཐེངས་ ༣༡ ཙམ་གནང་ཡོད་པ་དང་། དེ་དག་གཙོ་བོ་བར་བརྒལ་བཀའ་འཁྲོལ་དང་གནད་དོན་མང་པོ་ཞིག་གི་ཐད་ཐག་གཅོད་གནང་ཐུབ་པ་བྱུང་ཡོད་པ་དང་། ལོ་འདིའི་ནང་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་དོན་ཞུ་གཏུག་ཆེད་ཐེངས་གཅིག་ཚང་མ་འགྲོ་ཚར་ཡོད་པ་དང་། བོད་དོན་ཞུ་གཏུག་ཐེངས་གཉིས་པ་དེ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད་ལ། ད་ལྟ་ཡུ་རོབ་ཀྱི་ས་ཁུལ་ཁག་ཅིག་དང་ཨོ་སི་ཊོ་ལི་ཡ་མ་གཏོགས་གཞན་ལྷག་མེད་སྐོར། དེ་བཞིན་སྤྱི་འཐུས་རྣམ་པས་མང་ཚོགས་ཁྲོད་དམངས་གཙོའི་གོ་རྟོགས་སྤེལ་ཆེད། ལོ་སྔོན་མ་ནས་ས་གནས་འཐུས་མི་ཚོར་ཟབ་སྦྱོང་འབུལ་བཞིན་ཡོད་པ་ལྟར། བོད་མི་འདུས་སྡོད་ཀྱི་མི་འབོར་མང་གྲས་ས་ཁུལ་ཁག་གི་འཐུས་མི་དང་རང་བདེན་ཚོགས་ཆུང་ལ་ཟབ་སྦྱོང་འབུལ་རྒྱུ་བྱུང་ཡོད་སྐོར་སོགས་གསུངས་སོང་།

སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་འཁྲིད་དེ་བོད་མིའི་རྡོག་རྩ་གཅིག་སྒྲིལ་ལ་ཤུགས་སྣོན་དགོས་སྐོར་ཚོགས་གཙོ་མཆོག་གིས། འདིར་ཡོད་པའི་སྤྱི་འཐུས་རྣམ་པ་མི་མང་གིས་འོས་འདེམས་བྱས་པའི་སྐུ་ཚབ་རྐྱང་རྐྱང་ཡིན་པ་དང་། འཛིན་སྐྱོང་བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་སྤྱི་འཐུས་གྲོས་ཚོགས་ལ་ལོ་འཁོར་ལས་བསྡོམས་ཕུལ་དགོས་པ་བཞིན། སྤྱི་འཐུས་གྲོས་ཚོགས་ཀྱིས་འགན་འཁུར་བའི་ཐོག་ནས་རྒྱ་ཆེའི་མི་མང་ལ་ལས་བསྡོམས་སྙན་ཞུ་འབུལ་དགོས་ཡོད་པ་རེད། སྤྱི་འཐུས་རྣམ་པས་མི་མང་གི་མངོན་འདོད་ཇི་བཞིན་ལས་དོན་ག་རེ་སྒྲུབ་དགོས་མིན་ཐད་བསམ་བློ་གཏོང་དགོས་པ་གནད་འགག་ཆགས་ཡོད་པ་དང་། སྐབས་རེར་མི་མང་ནང་འགྲིག་མ་འགྲིག་དང་རྩོད་རྙོག་རིགས་མགོ་འཛུགས་ས་གྲོས་ཚོགས་ནང་ཡོང་བཞིན་ཡོད་པས་དེ་རིགས་ཧ་ཅང་བློ་ཕམ་དགོས་པའི་གནས་སྟངས་ཤིག་རེད། དེ་སྔ་ག་རེ་བྱུང་ཡོད་ན་འདས་པའི་ལོ་རྒྱུས་རེད། ད་ནས་བཟུང་སྟེ་སྤྱི་ཚོགས་ནང་མ་འགྲིག་པ་དང་མ་འཐུས་པ་ག་རེ་ཡོད་པ་ཡིན་ནའང་། མཐུན་པ་དང་འགྲིག་པ་བཟོ་བའི་མགོ་དེ་སྤྱི་འཐུས་གྲོས་ཚོགས་ནས་འཛུགས་དགོས་པ་དང་། དུས་རྒྱུན་དུ་བསམ་བློའི་ནང་འཛིན་དགོས་རྒྱུ་ཞིག་དེ་ནི། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ང་ལ་གྲོགས་པོ་ཞིག་གི་འདུ་ཤེས་ཏོག་ཙམ་ཡོད་པ་ཡིན་ན་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ནམ་ཡང་མ་བྱེད་ཅེས་གསུངས་ཡོད་པས། ག་དུས་ཡིན་ནའང་སོ་སོའི་བློ་ལ་དེ་འདྲ་འཆར་གྱི་ཡོད་ན་བཀའ་སློབ་དེ་དག་སེམས་ལ་དྲན་དགོས་པ་གལ་ཆེན་པོ་རེད། དོན་དམ་སྙིང་བོ་གྲོས་ཚོགས་བརྒྱད་པ་འདི་ཚོགས་ཡུན་རིང་རྩ་བའི་བླ་མ་རྣམས་ཐུགས་དགྱེས་པ་དང་། རྒྱ་ཆེའི་མི་མང་བློ་བདེ་བོ་ཡོང་ཐུབ་པ་ཞིག་དགོས་པ་དེ་ང་ཚོ་ཚང་མའི་ལས་འགན་ཆགས་ཡོད་པ་རེད། སྤྱིར་ན་མི་སྒེར་བ་སོ་སོར་མཚོན་ན། བསམ་ཚུལ་མི་མཐུན་པ་ཡོང་གི་རེད་ལ་དེ་ཡོང་དགོས་པ་ཞིག་ཀྱང་ཡིན་པ་དང་། བསམ་ཚུལ་དེ་དག་བེད་སྤྱོད་ལོག་པར་མི་གཏོང་རྒྱུ་གལ་ཆེན་ཡིན་པ་མ་ཟད། སྤྱི་འཐུས་རྣམ་ཕྱི་ལ་བུད་པ་ནས་རང་གི་ཐག་ཉེ་ཚོར་རྡོག་རྩ་ཆིག་སྒྲིལ་ཡོང་བའི་གོ་སྐོན་སློབ་གསོ་སྐྱོན་དགོས་པ་དང་། མདོར་རྩ་རྩ་དོན་ལ་ཐུག་དུས་སྤྱི་ཚོགས་ལྷིང་འཇགས་དང་ཆིག་སྒྲིལ་ཡོང་དགོས་པ་ལས། དུམ་བུ་མང་པོ་ཞིག་ལ་གྱེས་སོང་ཚེ་རྩ་དོན་རྩོད་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་སྐོར་གསུངས་སོང་།

ཚོགས་དུས་ཀྱི་ཉིན་དང་པོའི་སྔ་དྲོར་འཆར་ཅན་གྱི་ལས་རིམ་ལྟར། བོད་མི་མང་རྙིང་མའི་སྤྱི་འཐུས་ཟུར་པ་ཐུབ་བསྟན་ཉི་མ་ལགས་དང་། བདེ་སྲུང་བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག མདོ་སྟོད་སྤྱི་འཐུས་ཟུར་པ་དཀོན་མཆོག་ནོར་བུ་ལགས། དབུས་གཙང་སྤྱི་འཐུས་ཟུར་པ་པདྨ་ཚེ་དབང་ལགས་གཙོ་བོར་གྱུར་བའི་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་རི་ཅཌ་ལུའུ་གར་ལགས་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཤི་ལ་ཌིག་ཤིག་ལགས། རྒྱ་གར་གྱི་མ་རྡི་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྦ་བུ་ལཱ་གྷོར་མཆོག  རྒྱ་གར་གྱི་བྷི་ཧར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རམ་ཅན་ཊྲ་པ་ཝན་ལགས།  རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་རམ་ཇེཌ་མ་ལ་ནི་མཆོག་བཅས་སྐུ་ཚེའི་འཕེན་པ་རྫོགས་པར་གཞུང་འབྲེལ་རྗེས་དྲན་དང་། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཁག་དགུ་སྤྱི་མོས་གཏན་འབེབ་གནང་སོང་།

དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་ནས་དགོངས་ཚུལ་གསུངས་སྐབས། རྒྱ་ནག་གཞུང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཐག་གཅོད་བྱེད་པའི་དབང་ཆ་གང་ཡང་མེད་པ་ནན་བརྗོད་གནང་སོང་བ་དང་།  དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་བོད་མི་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་བཞིན་པའི་གནས་སྟངས་རིགས་མྱུར་དུ་མཚམས་འཇོག་དགོས་པ། བོད་རྒྱ་ཞི་མོལ་ཐད་ཡང་དག་པའི་ངོས་ལེན་གནང་དགོས་པ། ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་གནད་དོན་དེ་བོད་དོན་བདེན་མཐའ་གསལ་རྒྱུར་འབྲེལ་བ་ཤུགས་ཆེན་ཡོད་པས།བོད་མི་ཚོས་ཕྱོགས་ཡོངས་ནས་གྲ་སྒྲིག་དོ་ནན་དགོས་པ་དང་། རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ་དང་། བཙན་བྱོལ་གྱི་གསར་ཁང་ཁག་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་རྫུན་མ་རིགས་ལ་གདོང་ལེན་དང་༧སྐུའི་ཡང་སྲིད་སྐོར་གྱི་གནས་ཚུལ་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ། བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་དྲ་ཐོག་ནས་ཁ་ནང་ལ་སྐོར་ནས་འདུག་ཚོད་མ་ཡིན་པར་རྒྱ་ནག་གཞུང་ཕྱོགས་ལ་འཐབ་རྩོད་དགོས་པ་དང་། བཀའ་བློན་དང་སྤྱི་འཐུས་རྣམ་པ་ས་ཆ་གང་དུ་ཕེབས་པ་ཡིན་ནའང་བོད་མི་ཚོའི་རྡོག་རྩ་ཆིག་སྒྲིལ་ལ་འགན་འཁུར་ནས་བོད་དོན་འཐབ་རྩོད་ཐད་མཉམ་རུབ་དགོས་པ། འཐབ་རྩོད་ཀྱི་གནད་དོན་ཐོག་རྒྱུ་མཚན་དང་དྲང་བདེན་དགོས་པ་དང་། དེ་ལས་གལ་ཆེ་བ་འཐབ་རྩོད་ཁྲོད་ཚོར་བ་དགོས་པ་དང་ཚོར་བ་མེད་ན་རང་བཞིན་གྱིས་འཐབ་རྩོད་ཀྱི་སེམས་ཁམས་དང་སྙིང་སྟོབས་བརླག་བཞིན་ཡོད་པ། རྒྱ་ནག་གཞུང་གིས་བོད་སྐྱོད་ལས་བྱེད་ཟེར་བ་མང་པོ་ཞིག་བོད་ནང་བཏང་ནས་བོད་མི་ཚོར་རོགས་པ་བྱེད་མཁན་ཡིན་ཟེར་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་ཐབས་ལ་འབད་བཞིན་པ་སོགས་ལ་དོ་སྣང་དང་གཟབ་ནན་མ་བྱས་ན་གནད་དོན་དེ་ཛ་དྲག་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

བགྲོ་གླེང་སྐབས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ནས་སྲིད་སྐྱོང་མཆོག་ནས་རྟག་ཏུ་བོད་རྒྱ་འབྲེལ་མོལ་ཆེད་ས་གནས་གང་དང་དུས་ཚོད་ནམ་ཞིག་ལ་ཤོག་ལབ་ནའང་གྲ་སྒྲིག་ཨང་གསར་ཡོད་སྐོར་གསུང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ནས་ད་ལྟ་བར་དམིགས་བསལ་སྐུ་ཚབ་བསྐོས་མེད་པ་དང་། བོད་རྒྱ་འབྲེལ་མོལ་གྱི་ཁོར་ཡུག་སྐྲུན་ཀྱི་མེད་པ་སོགས་ཀྱིས་ད་བར་བོད་རྒྱ་འབྲེལ་མོལ་བྱུང་མེད་པ་དང་། འབྱུང་འགྱུར་གྱི་ལོ་ངོ་གཉིས་ཙམ་གྱི་ནང་ད་ལྟའི་བཀའ་ཤག་དང་ལྷག་པར་སྲིད་སྐྱོང་མཆོག་ནས་འབྲེལ་མོལ་བརྒྱུད་བོད་ལ་ཏན་ཏན་ལོག་ཐུབ་མིན་དོགས་འདྲི་གནང་བ་དེར་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༧ ཉིན་གྱི་ལྔ་དང་ལྔ་བཅུའི་ཆབ་སྲིད་ཚོགས་འདིའི་སྟེང་༧གོང་ས་མཆོག་ནས་སྐུ་ཚབ་བསྐོ་དགོས་མིན་ཐད་སྲིད་སྐྱོང་དང་སྐད་ཆ་བྱུང་སོང་ན་ཡང་ངོས་ཀྱིས་མ་བསྐོས་གསུངས་པ་ཡིན་ཞེས་གསུངས་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་ཐད་སྐུ་ཚབ་མེད་པའི་ཐོག་ནས་༧གོང་ས་མཆོག་གིས་ཐུགས་སྣང་གནང་གི་ཡོད་པ་རེད་ལ། ༧གོང་ས་མཆོག་གིས་ཐུགས་སྣང་གནང་བ་ནས་འཐུས་ཤོར་ནམ་ཡང་འགྲོ་བ་ཡོད་པ་མ་རེད། ཁ་ཤས་ཀྱིས་༧གོང་ས་མཆོག་ལ་ཡར་སྤྲོད་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དེ་སྔོན་རྒྱ་ནག་ལ་འགྲོ་མཁན་ཚོ་༧གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་ཕེབས་ཡོད་པ་ལས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བྱས་ཏེ་ཕེབས་མེད་པ་དང་། ལས་དོན་དེའི་ཐད་སུ་གང་ལ་འགན་མེད་པར་དགའ་ལྡན་ཕོ་བྲང་གི་ཚེ་རྒྱམ་ལགས་རང་གི་ཐོག་ནས་འགན་འཁུར་བསྡད་ཡོད་པ་དང་། ཚེ་རྒྱམ་ལགས་ནས་ལས་དོན་ཧུར་ཐག་གིས་གནང་སྟེ་སྔར་ལས་ལྷག་མིན་ན་ཡང་སྔར་ནང་བཞིན་གནང་གི་ཡོད་སྐོར་དང་། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་ལོ་ ༢༠༠༡ ནས་ ༢༠༠༦ དང་ ༢༠༡༡ བར་ཡོད་པ་ཚང་མ་སྔར་བཞིན་དང་། ལོ་རེར་ཐེངས་རེར་འཛོམས་ནས་བོད་རྒྱ་འབྲེལ་མོལ་གྱི་བཀའ་བསྡུར་གནང་གི་ཡོད་སྐོར་གསུངས་སོང་།

ཉིན་རྒྱབ་ནས་ཆོས་རིགས་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་ཁག་འགྲོ་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག ཀླུ་མགོན་ཐར།

མཆན། 5

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 3 སྔོན།

    སྤྱི་འཐུས་ཚོའི་མི་མང་འགོ་འཁྲིད་ནས་རྡོག་རྩ་གཅིག་སྒྲིལ་བཟོ་ཐུབ་མིན་མི་ཤེས་སྟེ་
    སྤྱི་འཐུས་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གནང་ནས་མི་མང་མདུན་གྲོས་ཚོགས་ལས་
    རིམ་ཚགས་ཚུད་པོ་དང་བཅའ་སྒྲིག་དང་མཐུན་པའི་བཟང་སྤྱོད་ལ་འགན་འཁུར་
    ནས་གྲོས་ཚོགས་ལས་རིམ་ལ་མི་མང་གིས་དགའ་བསུ་དང་རྗེས་སུ་ཡིད་རངས་མངོན་
    པར་བསྟོད་ཐུབ་པ་བྱུང་ན་དེ་ལས་ལྷག་པའི་མི་མང་རྡོག་རྩ་གཅིག་སྒྲིལ་དགོས་པ་མཐོང་
    གི་མི་འདུག།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 3 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ནས་བཅའ་ཁྲིམས་ལ་སྲུང་སྐྱོབས་
    བྱ་རྒྱུ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་
    ཡིན་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་
    འཁུར་ནས་ཁྲིམས་བཟོའི་ལས་དོན་ལ་འཐུད་ཤོར་མེད་པར་ཐོག་མའི་དམ་བཅའ་ལས་
    མ་འགལ་བ་གནང་དགོས་པ་ནི་ཉེ་ལམ་ཚོགས་ལ་ཉེ་བའི་བཅའ་ཁྲིམས་དོན་ཚན་ལྔ་བཅུ་
    ང་དགུ་དེ་བཞིན་ཛ་དྲག་གི་གནད་དོན་ཐོག་དམིགས་གསལ་ཚོགས་ཆེན་འདུ་བསྐོང་བྱ་
    རྒྱུའི་དོན་ཚན་ཞིག་ཡིན་ན་ལྔ་དང་ལྔ་བཅུའི་འཆར་སྣང་དེ་ཛ་དྲག་ལ་ངོས་འཛིན་གནང་
    དགོས་ཀྱི་ཡོད་པ་ཡིན་ནམ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་བོད་མི་རིགས་བར་གྱི་
    འབྲེལ་བ་དེ་འདས་པའི་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་ལོ་རྒྱུས་ནང་གསལ་ཡོད་ན་
    དེ་ལས་ལྷག་པའི་མི་མང་ལ་ཁ་སྐོར་ནས་ལོ་རྒྱུས་གསར་བཟོ་ག་རེ་གནང་རྒྱུ་ཡོད་པ་ཡིན་
    ནམ་དངོས་འབྲེལ་བྱས་ན་རིང་མིན་ཚོགས་ལ་ཉེ་བའི་ཚོགས་ཆེན་དེ་འཛིན་སྐྱོང་གི་དམིགས་བསལ་ཚོགས་
    ཆེན་ལས་བཅའ་ཁྲིམས་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང།

    Reply
  3. dipsel lhamo says:
    ལོ་ 3 སྔོན།

    ངས་བལྟས་ན། སྲིད་སྐྱོང་གི་ཐ་སྙད་དེ་དོན་དང་མཐུན་པ་ཞིག་དགོས་ཀྱི་ཡོད་ན། བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཀྱི་ལམ་དེ་རང་ཉིད་ཀྱིས་སྐབས་དུས་དང་བསྟུན་པའི་སྲིད་བྱུས་ཀྱི་རྣམ་འགྱུར་རང་བཞིན་དང་། འཆར་གཞི། ཆབ་སྲིད་རིག་པའི་རྣམ་དཔྱོད་ཀྱི་ཐོག་ནས་ལམ་བུ་འདི་ནས་བགྲོད་ཐབས་ཤིག་མི་འདུག་ན་འགྲོ་ལམ་གཞན་ཞིག་བརྒྱུད་ནས་འགྲོ་ཐབས་ཤིག་འཚོལ་བའི་ཐབས་བརྒྱ་བྱུས་སྟོང་གི་སྲིད་བྱུས་ཀྱི་ནུས་པ་རྩལ་དུ་སྟོན་ཏེ་སྡུག་ཡུས་ཤོད་མི་དགོས་པ་དང་གཞན་ཁག་གཡོག་མི་དགོས་པའི་ཁྱད་ནུས་དང་འཇོན་ཐང་སོགས་སྲིད་སྐྱོང་ལ་ལྡན་དགོས་པ་ཞིག་མ་ཡིན་ནམ། ང་ཚོས་ཀྱང་དང་ཐོག་ནས་སྲིད་སྐྱོང་གིས་ཆབ་སྲིད་རིག་པ་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་ཀྱི་རིག་གནས་ཀྱི་བ་དན་གུང་ལ་འཕྱར་ཏེ་བོད་རྒྱ་འབྲེལ་མོལ་དང་ཞི་མོལ་བརྒྱུད་དེ་བོད་དོན་ཞི་མཐུན་སྒྲིག་འཇགས་ཀྱི་བགྲོད་ལམ་གསར་གཏོད་ཅིག་གནང་བའི་རེ་བ་བྱས་མོད། ད་ཆ་རིག་གནས་གཅིག་པུས་འདང་གི་མེད་པའི་ཐུགས་སྣང་དང་བསམ་མྱོང་ཞིག་འཁྲུངས་མེད་དམ་སྙམ་པའི་འཆར་སྣང་ཞིག་བྱུང་ངོ་།

    Reply
  4. jimme baharu@yahoo. says:
    ལོ་ 3 སྔོན།

    ༄༅། སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་དོན་དང་ལྡན་པ་ཞིག་གནང་སོང་ཐུགས་རྗེ་ཆེ།
    སྤྱི་འཐུས་ཁ་ཤས་ནས་ག་དུས་ཡིན་ཡང་དགོངས་འཆར་བསྐྱར་ཟློས་ཡང་ཟློས་གནང་ནས་ཕན་མེད་དོན་
    འབྲས་སྨིན་པ་ཅི་ཡང་མི་འདུག་། ཚང་མས་གསལ་པོ་མཁྱེན་གྱི་ཡོད་ཀྱང་མ་མཁྱེན་མདོག་མདོག་ཤ་སྟག་བྱས་
    ཏེ་སྲིད་ཀྱོང་ལ་བོད་རྒྱ་གཉིས་དབར་ཞི་མོལ་བྱེད་ཀྱི་ཡོད་དང་མེད་སོགས་དྲི་བ་བཏང་པ་ཆོ་ཡོད་པ་ཞིག་མ་མཐོང།
    ཞི་གྲོས་བྱེད་ས་དེ་རྒྱ་དམར་རེད། ཕར་ཕྱོགས་ནས་ཡ་ལན་མེད་པར་ཞི་གྲོས་སུ་ལ་བྱེད་དགོས་པ་ཡིན།
    སྲིད་སྐྱོང་ནས་བོད་རྒྱ་འབྲེལ་བྱེད་པར་དུས་རྟག་རུ་འདྲ་སྒྲིག་ཨང་སོར་ཡོད་ཅེས་གསུངས་དང་གསུང་མུས་རེད།
    སྤྱི་འཐུས་རེ་གཉིས་ནས་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་དངོས་ཐོག་བོད་རྒྱ་འབྲེལ་མོལ་གནང་རྒྱུའི་
    ཐབས་ལམ་གསར་པ་འདི་འདྲ་འདུག་ཅེས་བསྟེན་ནས་སྲིད་སྐྱོང་དང་མཉམ་དུ་བཀའ་མོལ་གནང་དགོས་པ་ཡིན། ཐབས་ལམ་གསར་གང་ཡང་མེད་པར་ག་དུས་ཡིན་ཡང་སྲིད་སྐྱོང་ལ་དྲིབ་གཅིག་རང་བཏང་ནས་བསྡད་ན་
    སྟོང་བཤད་རང་རེད།
    སྲིད་སྐྱོང་དང་བཀའ་ཤགས་ནས་དངོས་གནས་ཕྱག་ལས་ཡག་པོ་གནང་སོང་བཀའ་དྲིན་ཆེ་། ཐུགས་རྗེ་ཆེ་ཞུ་གི་ཡོད།
    བོད་རྒྱལ་ལོ།

    Reply
  5. གཉན་པོ་ནག་ཀློང་། says:
    ལོ་ 3 སྔོན།

    སྐད་ཆ་དྲང་མོ་བཤད་ན་མྱི་མི་དགའ། དབྱུག་པ་འཕྱར་ན་ཁྱི་མི་དགའ་ལབ་སྲོལ་ཡོད་རེད། འདི་བདེན་པ་རེད། ཁྱེད་ཚོས་སྣེ་ཁྲིད་ནས་བོད་མིའི་རྡོག་རྩ་གཅིག་སྒྲིལ་ལ་ཤུགས་སྣོན་བརྒྱག་མི་དགོས། འདི་ངའི་རེ་བ་ཡིན། ཁྱེད་ཚོས་སྣེ་ཁྲིད་ནས་བོད་མིའི་རྡོག་རྩ་གཅིག་སྒྲིལ་གཏོར་ཀི་མ་འདུག འདི་ཡང་ངའི་རེ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist