སོག་པོ་གཞུང་གིས་དྲ་ཐོག་ནས་དངུལ་རྐུ་འཕྲོག་བྱེད་མཁན་གྱི་རྒྱ་མི་ ༨༠༠ འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་འདུག དེ་རིང་རོ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སོག་ཉེན་རྟོག་ཁང་གིས་ཉེ་བའི་ཟླ་ ༢ རིང་རྩད་ཞིབ་བྱས་པ་བརྒྱུད། སོག་ཡུལ་དུ་དྲ་ལམ་ནས་མགོ་སྐོར་སྣ་ཚོགས་བཏང་སྟེ་དངུལ་རྐུ་འཕྲོག་བྱེད་མཁན་རྒྱ་མི་ ༨༠༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་མི་དེ་ཚོ་དུས་ཡུན་ཟླ་གཅིག་རིང་སོག་ཡུལ་དུ་ཡོང་མཁན་རྐྱང་རྐྱང་ཡིན་འདུག
སོག་པོའི་རྒྱལ་ས་(Ulaanbaatar)གྲོང་ཁྱེར་ཉེན་རྟོག་ཁང་གིས། ང་ཚོས་རྒྱ་མི་ ༨༠༠ འཛིན་བཟུང་བྱས་པ་བརྒྱུད་གློག་ཀླད་དང་ཁ་པར་གྱི་བྱང་བུ་སོགས་བརྒྱ་ཕྲག་ལག་ཏུ་སོན་ཡོད་པས། དྲ་ལམ་ནས་ཁྲིམས་འགལ་རྒྱན་འཇོག་དང་གློག་ཀླད་འཇབ་རྒོལ་སོགས་བྱས་ཏེ་དངུལ་འབོར་ཆེན་རྐུ་འཕྲོག་བྱེད་བཞིན་ཡོད་པའི་ནག་ཉེས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། འཛིན་བཟུང་བྱས་པའི་རྒྱ་རིགས་དེ་ཚོ་ཉིན་གྲངས་ ༣༠ རིང་སོག་པོའི་ནང་མཐོང་མཆན་ཞུས་ནས་ཡོང་བ་ཤ་སྟག་ཡིན་འདུག
སོག་པོའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྷེ་རལ་རྡོ་རྗེ་པ་ལམ་(Gerel Dorjpalam)ལགས་ཀྱིས། སོག་པོའི་ཉེན་རྟོག་པས་འདས་པའི་ཟླ་ ༢ རིང་རྩད་ཞིབ་བྱས་ཏེ་རྒྱ་རིགས་དེ་ཚོ་འཛིན་བཟུང་བྱེད་ཐུབ་ཡོད་པ་དང་། ད་ལྟ་ང་ཚོས་གནད་དོན་འདི་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན། ཞེས་བརྗོད་ཡོད་པ་རེད། སོག་པོའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། རྒྱ་ནག་དང་སོག་པོའི་བར་གུ་ཡངས་ཀྱི་ཁྲིམས་དང་མཉམ་ལས་བདེ་འཇགས་སྲུང་སྐྱོབ་སོགས་ཡོད་པས། ཐེངས་འདིའི་གནད་དོན་ཐོག་ཕྱོགས་གཉིས་ནས་འཆམ་མཐུན་ངང་མཉམ་ལས་བྱ་རྒྱུ་ཡིན། ཞེས་སོག་པོའི་ཉེན་རྟོག་པར་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
དེང་སང་རྒྱ་རིགས་ཚོ་འཛམ་གླིང་གི་ཡུལ་ལུང་གང་སར་སོང་ནས་རྐུ་འཕྲོག་བཅོམ་གསུམ་དང་སྨད་འཚོང་ནག་ཚོང་། ཁོར་ཡུག་བཙོག་བཟོ། ཟིང་སློང་འཁྲུག་རྩོད་སོགས་ཀྱི་བྱ་སྤྱོད་རིགས་སྤེལ་བའི་གནས་ཚུལ་རྒྱུན་མ་ཆད་པར་ཡོང་གི་ཡོད་པ་དང་། ཟླ་གཅིག་གི་སྔོན་དུ་ཧྥི་ལི་ཕིན་ནང་ཡིག་ཆ་གང་ཡང་མེད་པའི་རྒྱ་རིགས་ ༣༢༤ འཛིན་བཟུང་བྱས་ཏེ་འདྲི་རྩད་བྱས་རྗེས། ཁོ་ཚོས་ཡུལ་དེའི་ནང་དྲ་ལམ་བརྒྱུད་དངུལ་རྐུ་འཁྱེར་བྱེད་བཞིན་ཡོད་པ་ཡོངས་བསྒྲགས་བྱས་འདུག་པ་དང་། དེ་བཞིན། འདི་ལོའི་ལོ་མགོར་བལ་ཡུལ་ནང་རྒྱ་མི་ ༥ ཡིས་བལ་སྒོར་ས་ཡ་མང་པོ་རྐུ་འཁྱེར་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་རེད།
བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། སོག་པོའི་ནང་འདི་ལོའི་ཕྱི་ཟླ་ ༩ བར་ཡུལ་སྐོར་བ་ཁྱོན་མི་གྲངས་ ༤༨༠༠༠༠ ཡོང་ཡོད་པ་དང་། དེའི་ཁྲོད་ཀྱི་བརྒྱ་ཆ་ ༡༠།༧ རྒྱ་མི་ཆགས་ཡོད་འདུག སོག་པོ་དང་རྒྱ་ནག་ནི་ཁྱིམ་མཚེས་ཡིན་པ་དང་འདས་པའི་ལོ་རྒྱུས་ནང་ཚོང་འབྲེལ་ཆེ་བའི་རྒྱལ་ཁབ་གཉིས་ཀྱང་ཆགས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།