ཨོ་གླིང་ལྷོ་བརྒྱུད་ཝེལ་གསར་པའི་མངའ་སྡེ་གཅིག་པུའི་ནང་ཁྱོན་མེ་ཆེ་ཆུང་ ༥༧ ལྷག་དང་གཞན་ཁུན་སི་ལན་ཌི་མངའ་སྡེའི་ནང་ཁྱོན་མེ་ཆེ་ཆུང་ ༥༠ ལྷག་འབར་བཞིན་ཡོད་འདུགརྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བདུན་གཅིག་གོང་ཙམ་ནས་ཨོ་གླིང་ཤར་བརྒྱུད་ཀྱི་ནགས་ཚལ་དང་རྩྭ་ལྡུམ་མང་བའི་ཁུལ་དུ་མེ་སྐྱོན་ཤོར་མགོ་བཙུགས་ཡོད་པ་དང་། ཉིན་ཤས་ནས་རླུང་འཚུབ་དྲག་པོ་གཡུགས་པའི་རྐྱེན་གྱིས་ཡུལ་དེའི་ཤར་ཕྱོགས་མངའ་སྡེ་ཡོངས་སུ་མེ་སྐྱོན་ཤུགས་ཆེན་ཁྱབ་པར་བརྟེན། དེ་རིང་ཞོགས་པར་ཨོ་གླིང་གཞུང་གིས་ལྷོ་བརྒྱུད་ཝེལ་སི་གསར་པའི་མངའ་སྡེའི་དྲོད་ཚད་ ༣༧ ལ་འཕར་བའི་སྔོན་བརྡ་དང་འབྲེལ། ཛ་དྲག་ཆེ་བའི་ཉེན་བརྡ་བཏང་སྟེ་མངའ་སྡེའི་མི་མང་རྣམས་ཀྱིས་ཉེན་གཡོལ་བྱ་དགོས་སྐོར་ཡོངས་བསྒྲགས་གནང་ཡོད་པ་མ་ཟད། མངའ་སྡེའི་མེ་འགོག་ལས་ཁུངས་ཀྱིས་མེ་འགོག་མི་སྣ་ ༣༠༠༠ ལྷག་ཆེད་གཏོང་གིས་ས་ཁྱོན་ཧེག་ཊར་འབུམ་ ༡ ལ་ཁྱབ་པའི་མེ་སྐྱོན་ས་ཁུལ་འགར་མེ་འགོག་གི་ལས་དོན་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག
ཁ་སང་ལྷོ་བརྒྱུད་ཝེལ་སི་གསར་པ་ (New South Wales) དང་ཁུན་སི་ལན་ཌི་ (Queensland) མངའ་སྡེ་གཉིས་ཀྱིས་ཛ་དྲག་མྱུར་སྐྱོབ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། མངའ་སྡེའི་སློབ་གྲྭ་ ༦༠༠ ལྷག་སྒོ་བརྒྱབ་ཡོད་པ་དང་། མེ་འགོག་ཉེན་སྲུང་མི་སྣས་རྒྱང་ཐག་སྤྱི་ལེ་ ༡༠༠༠ ལྷག་ལ་མཆེད་པའི་མེ་སྐྱོན་འགོག་ཐབས་བྱེད་ཀྱིན་ཡོད་འདུག་ལ། ད་བར་མེ་སྐྱོན་དེའི་རྐྱེན་པས་མི་ ༣ རྐྱེན་འདས་དང་། ཁང་ཁྱིམ་ ༢༠༠ ལྷག་ལ་གནོད་སྐྱོན། མི་གྲངས་སྟོང་ཕྲག་མང་པོ་གནས་སྤོ་དགོས་བྱུང་ཡོད་འདུག་ལ། དེ་བཞིན་སིཌ་ནི་ (Sydney) གྲོང་ཁྱེར་གྱི་མེ་སྐྱོན་ཚད་རིམ་ཡང་ཆེས་ཛ་དྲག་ (Catstrophic) ཏུ་བསླེབས་ཡོད་ཅིང་། གྲོང་ཁྱེར་དང་ཁུལ་གཞན་ནང་དུའང་མེ་སྐྱོན་ཚད་རིམ་ཉེན་ཁ་ཆེན་པོར་བསླེབས་པ་དང་བསྟུན། མི་མང་གིས་ཕྱི་རོལ་དུ་མེ་གཏོང་བ་དང་། མེ་སྐྱོན་གྱི་རྐྱེན་དུ་འགྱུར་སྲིད་པའི་བྱ་འགུལ་རིགས་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
ལོ་ལྟར་ཨོ་གླིང་ནང་མེ་སྐྱོན་དུས་ཚིགས་(Bushfire season)བསླེབས་པ་དང་བསྟུན་མེ་སྐྱོན་མང་པོ་ཡོང་གི་ཡོད་ཀྱང་། ད་ཐེངས་ཀྱི་མེ་སྐྱོན་དེ་ཚོད་དཔག་ལས་བརྒལ་ཞིང་སྟངས་འཛིན་བྱེད་མི་ཐུབ་པའི་ཚད་ལ་བསླེབས་ཏེ། ཨོ་གླིང་གི་ཕྱི་ལོ་ ༢༠༠༩ ལོའི་མེ་སྐྱོན་དོན་རྐྱེན་རྗེས་ཀྱི་ཉེན་ཁ་ཆེ་ཤོས་སུ་གྱུར་ཡོད་འདུག ད་ལྟའི་ཆར་ལྷོ་བརྒྱུད་ཝེལ་གསར་པའི་མངའ་སྡེ་གཅིག་པུའི་ནང་ཁྱོན་མེ་ཆེ་ཆུང་ ༥༧ ལྷག་འབར་བཞིན་ཡོད་པ་དང་། གཞན་ཡང་ཁུན་སི་ལན་ཌི་མངའ་སྡེའི་ནང་ཁྱོན་མེ་ཆེ་ཆུང་ ༥༠ ལྷག་འབར་བཞིན་ཡོད་འདུག ད་ལན་མེ་སྐྱོན་ཆེ་དྲགས་པའི་རྐྱེན་གྱིས་ཨོ་གླིང་གི་ལྷོ་ཕྱོགས་སུ་ཡོད་པའི་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་ནམ་མཁའ་ཡང་དུད་སྨུག་གིས་ཁེངས་ཡོད་པ་མ་ཟད། འཁོར་སྐར་གྱིས་བླངས་པའི་གོ་ལའི་པར་རིས་ཁྲོད་དུའང་ཨོ་གླིང་ཁུལ་དུ་དུ་བ་འཕྱུར་བཞིན་པ་མཐོང་རྒྱུ་འདུགཨོ་གླིང་གཞུང་ནས་ཀྱང་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོ་དེ་ཨོ་གླིང་གི་ཟིན་ཐོའི་ཁྲོད་ཀྱི་ཚ་དྲོད་ཆེ་ཤོས་ཀྱི་ལོ་གསུམ་པ་དང་བཞི་པ་དེ་ཡིན་ལ། འདས་ལོའི་དབྱར་དུས་དེ་ཨོ་གླིང་གི་ལོ་རྒྱུས་ནང་གི་ཚ་དྲོད་ཆེ་ཤོས་དེ་ཡིན་སྐོར་བསྒྲགས་ཡོད་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་དུ་ཡང་འདས་ལོར་ཨོ་གླིང་གིས་ནག་རྫས་འབར་རླངས་ (CO2) ཚོད་འཛིན་བྱས་ཐུབ་མེད་སྐོར་བཀོད་ཡོད་པ་སོགས། ཚན་རིག་པ་སོགས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ཨོ་གླིང་གི་མེ་སྐྱོན་དོན་རྐྱེན་ཀྱི་དུས་ཡུན་ཇེ་རིང་དང་ཉེན་ཚབས་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་འདུག
ཨོ་གླིང་གི་གནམ་གཤིས་ནི་སའི་གོ་ལ་ཕྱེད་བྱང་མའི་གནམ་གཤིས་དང་གོ་ལྡོག་ཏུ་གྱུར་ཡོད་པ་ལྟར། ལོ་རེའི་ཕྱི་ཟླ་ ༡༢ ནས་ ༢ བར་དབྱར་དུས་དང་། ཕྱི་ཟླ་ ༣ ནས་ ༥ པ་བར་སྟོན་དུས། ཕྱི་ཟླ་ ༦ པ་ནས་ ༨ བར་དགུན་དུས། ཕྱི་ཟླ་ ༩ པ་ནས་ ༡༡ བར་དཔྱིད་དུས་སུ་ཁེལ་གྱི་ཡོད་སྟབས། ད་ལྟའི་དུས་ལ་ཡུལ་དེའི་མངའ་ཁུལ་མང་པོར་ཚ་བ་དེ་ཙམ་གྱིས་ཆེན་པོ་མེད་ཀྱང་། ནེའུ་ཁཱ་སི་ཊིལ་(Newcastle)་དང་ཌར་ཝིན་(Darwin)། གྲོང་ཁྱེར་སིཌ་ནི་(Sydney)སོགས་སུ་ཚ་བ་ཧ་ཅང་ཆེན་པོ་ཡོད་འདུག་ལ། ནེའུ་ཁའ་སི་ཊིལ་དང་སིཌ་ནེ་ནང་བོད་མི་མང་པོ་གནས་སྡོད་བྱེད་བཞིན་ཡོད་པ་རེད།
ཨོ་གླིང་དང་ཨ་རིའི་ཁ་ལེ་ཧྥོར་ནེ་ཡའི་ནང་མེ་སྐྱོན་ཚབས་ཆེན་འབྱུང་བཞིན་པའི་དུས་སྐབས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨི་ཊ་ལེའི་ (Italy) གཞུང་གིས་འཆར་ལོའི་སློབ་སྐབས་ནས་བཟུང་ཨི་ཊ་ལེ་རྒྱལ་ཡོངས་ཀྱི་གཞུང་འཛིན་སློབ་གྲྭ་ཁག་གིས་ཉུང་མཐར་བདུན་ཕྲག་རེའི་ནང་ཆུ་ཚོད་གཅིག་རིང་ཕྲུ་གུ་ཚོར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སློབ་ཚན་འཁྲིད་དགོས་པ་མ་ཟད། ས་ཁམས་རིག་པ་དང་རྩིས་རིག དངོས་ཁམས་རིག་པའི་སློབ་ཚན་དག་ཀྱང་ཡུན་གནས་ཐུབ་པའི་ཡར་རྒྱས་ཀྱི་ལྟ་ཕྱོགས་ངོས་ནས་འཁྲིད་དགོས་པའི་སྒྲིག་ཁྲིམས་བཟོས་ཡོད་འདུག
ཨི་ཊ་ལེ་ཡི་ཤེས་རིག་བློན་ཆེན་ལོ་རན་ཛོ་ཧྥིའོ་རཱ་མོན་ཏི་(Lorenzo Fioramonti)ལགས་ཀྱིས། ཨི་ཊ་ལེའི་ཤེས་རིག་ལྷན་ཁང་གིས་ཡུན་གནས་ཐུབ་པའི་ཡར་རྒྱས་དང་གནམ་གཤིས་གཉིས་ཤེས་ཡོན་ལམ་སྲོལ་གྱི་གཙོ་སྙིང་དུ་བཞག་ཡོད། ཅེས་དང་། ངས་ཨི་ཊ་ལེའི་ཤེས་ཡོན་ལམ་སྲོལ་དེ་ཉིད་ཁོག་ཡུག་དང་སྤྱི་ཚོགས་གཉིས་འཛིན་ཁང་དུ་སྦྱོང་བའི་གནད་དོན་ཡོད་ཚད་ཀྱི་གཙོ་སྙིང་དུ་འཇོག་པའི་འཛམ་གླིང་གི་ཤེས་ཡོན་ལམ་སྲོལ་ཐོག་མ་དེ་བཟོ་འདོད་ཡོད། ཅེས་བརྗོད་འདུག་པ་དང་། དེ་སྔོན་ཁོང་གིས་མཁའ་འགྲུལ་དང་། འགྱིག་ཤོག མངར་ཟས་རིགས་ལ་ཁྲལ་སྤར་དགོས་པའི་དགོངས་ཚུལ་བཏོན་པ་དེར་མཁྲེགས་འཛིན་ཅན་གྱི་ཁ་གཏད་སྲིད་དོན་ཚོགས་པས་ངོ་རྒོལ་དྲག་པོ་བྱས་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།