— བླ་ནག་པ་ཡེ་ཤེས་བཟང་བོ་ལགས་དང་འདྲིས་པའི་ལོ་ཟླའི་ཕྱིར་དྲན་དང་ཁོང་གི་བཀའ་དྲིན་རྗེས་དྲན།
བློ་བཟང་ཉི་མ།
ལོ་ངོ་ཉི་ཤུ་ལྷག་གི་ཡར་སྔོན་ཏེ། སྤྱི་ལོ་༡༩༩༢ལོར་སྔོན་བསགས་ཀྱི་བསོད་ནམས་བཟང་བོས་མཚམས་སྦྱར་ཏེ་བདག་ལ་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ནས་རབ་ཏུ་བྱུང་བའི་སྐལ་བ་ཐོབ། དེའི་དུས་ནས་བཟུང་ཨ་ཁུ་བཟང་བོ་ཞེས་པའི་མིང་འདི་ལ་འདྲིས་པར་གྱུར་ཅིང་། ངའི་མི་ཚེ་ཡི་ཁ་ཕྱོགས་ཀྱང་མིང་འདིས་བདག་གི་བགོ་སྐལ་དུ་གྲུབ་པའི་སྟོན་པའི་རྣམ་སྤྲུལ་སྒྱུ་མའི་སྐུ་རུ་བྱོན་པ་གང་གིས་ཡང་དག་པར་གསལ་བར་བྱས།འདང་འགྱུར་བ་མེད་པའི་དགེ་འདུན་གྱི་གྲོགས།
ངའི་རྒན་ལགས་དང་ཁྱེད་གཉིས་ཚོ་བ་གཅིག་གི་ཉེ་འབྲེལ་ཡིན་པ་མ་ཟད་ཤག་མཚེས་ཀྱང་ཡིན། འོན་ཀྱང་ཁྱོད་ཐོག་མར་ངོ་ཤེས་སྐབས་ནི། ང་དགོན་པར་སླེབས་ནས་གཟའ་འཁོར་འགའ་འགོར་རྗེས་ཀྱི་དབྱར་གཞུང་གི་མཚན་མོ་ཞིག་ཡིན། ཁྱེད་ཀྱི་སྤུན་ཆུང་ཡེ་ཤེས་རྒྱ་མཚོ་སྟེ། ཨ་ཁུ་ཀླུ་སྨྱོན་ཡེ་ཤེས་དང་ངེད་གཉིས་ཀྱིས་ངའི་རྒན་ལགས་ལ་གནང་བ་ཞུས་རྗེས་ཁྱེད་ཀྱི་ཤག་ཏུ་ཡོང་། ཁྱེད་སྡོད་སའི་ཚ་ཐབ་སྟེང་དུ་ཅོག་ཙེ་གཉིས་མཐུད་དེ་དཀྱིལ་ནས་ཕྱོགས་གཉིས་སུ་བཅད་ཡོད་ཀྱང་ཅོག་ཙེ་དང་ཁ་ཤིང་གི་བར་ན་མི་ཞིག་དཀྱིལ་ཀྲུང་བྱས་ནས་བསྡད་ཆོག་པའི་བར་སྟོང་ཞིག་ལས་མེད་ལ། དེ་ནི་ཚ་ཐབ་སྟེང་ནས་ཕར་ཚུར་ལ་འགྲོ་བའི་ལམ་ལྟ་བུ་རེད། སྔས་མགོའི་ཐད་དུ་འཕྲེད་དུ་རྩིག་གྱང་ལ་བརྐོས་པའི་དཔེ་ཁྲི་དེ་དང་ཅོག་ཙེ། ད་དུང་སྔས་མགོའི་ཕྱོགས་སུ་དཔེ་ཆ་མང་པོ་གོ་རིམ་མེད་པར་བརྩེགས་ནས་བཞག་ཡོད་པའི་དབུས་སུ་ཁྱེད་ཀྱིས་སློག་ཐུལ་ཞིག་མནབས་ནས་བཞུགས་འདུག དེ་ནི་ང་ཐོག་མར་ཁྱེད་ཀྱི་ཤག་ཏུ་ཡོང་སྐབས་ཀྱི་མཐོང་སྣང་རེད། མཚན་མོ་དེར་ཨ་ཁུ་ཡེ་ཤེས་དང་ངེད་གཉིས་ཅོག་ཙེའི་གཡོན་ཕྱོགས་ཏེ་ཁྱེད་ཀྱི་ལྡོག་ཕྱོགས་སུ་ཉལ། ངས་ཨ་ཁུ་ཡེ་ཤེས་ལ་སྒྲུང་བཤད་དུ་བཅུག་ནས་ཉན། ཁྱེད་ཀྱིས་མཚམས་མཚམས་སུ་བསམ་བཞིན་ཀུ་རེ་དང་རྩེད་མཚར་འདྲ་མིན་བརྩེས་ཡོང་། ངའི་སེམས་སུ་ཁྱེད་གཉིས་ངའི་རྒན་ལགས་དང་ཁོང་གི་སྤུན་ཆུང་གཉིས་དང་འདྲ་བར་དགེ་སློབ་ཡིན་པར་བསམས་ཡོད། མཚན་མོ་དེར་དགེ་སློབ་དང་མི་འདྲ་བར་བར་ཐག་མེད་པའི་གྲོགས་མཆོག་ཅིག་དང་མཚུངས་པ་འདི་ཅི་ཡིན་སྙམ་ནས་ཡ་མཚར་སྐྱེས་བྱུང་། ཁྱེད་ལ་སྐབས་དེའི་དུས་ནས་གློ་གཅོང་གི་ནད་བྱུང་འདུག་པས་ཚོགས་ལ་དགོངས་པ་ཞུས་ནས་ཤག་ཏུ་རྒྱུན་འདུག་བྱས་འདུག སྐབས་དེར་ཨ་ཁུ་ཡེ་ཤེས་དང་ཁྱེད་སྤུན་གཉིས་ལ་དགོན་པ་ན་སྐད་གྲགས་ཧ་ཅང་ཆེ་ཞིང་། མི་སྣ་ངོ་མཚར་ཅན་ཏུ་གྱུར་འདུག་ལ། གྲྭ་བ་ཚོའི་ངག་ན་ཁྱེད་གཉིས་ཀྱིས་མཚམས་མཚམས་ལ་མཚན་གང་བོར་རིག་གཞུང་ག་གེ་མོའི་གནད་དོན་གང་རུང་ལ་རྩོད་པ་བྱེད་པ་དང་། ཁྱེད་གཉིས་ཀྱི་རྩོམ་རྩལ་སུ་བཟང་སོགས་ཀྱི་གཏམ་གླེང་རྒྱུན་པར་གོ་རྒྱུ་ཡོད།
ཡུན་རིང་མ་འགོར་བར་ང་རྒྱུན་པར་ཇ་སྐབས་སུ་སླེབ་དུས་ཁྱེད་ཀྱི་གྲྭ་ཤག་ལ་མེ་བསླང་དུ་འགྲོ་རྒྱུར་གོམས། སྐབས་དེར་ཁྱེད་ཀྱིས་ང་ཕྲུ་གུ་ཆུང་ཆུང་ཞིག་གི་ཚད་ཏུ་བཞག་སྟེ། རྩེད་མཚར་མང་པོ་བཤད་མྱོང་ལ། ཐེངས་ཤིག་ངས་ཁྱེད་ཀྱི་རྩེད་མཚར་མ་བཟོད་པར་སྤོ་རྒྱག་བྱས་ཏེ་མེ་ལྕོག་གིས་ཁྱེད་ཀྱི་ཤག་སྒོ་ལ་ཤུགས་ཀྱིས་བཞུས་ཏེ་བྲོས་ནས་འགྲོ་ཞོར་ཕྱི་མིག་བལྟ་དུས་ཁྱེད་ཉི་འོད་རྣོན་པོའི་འོག་ན་འོད་ཀྲིག་གེར་ལྷུག་ལྷུག་དགོད་ཀྱིན་པ་ད་ལྟའང་ངའི་དྲན་པའི་ངོས་སུ་གསལ་ལེར་སྣང་།
ཨ་ཁུ་ཡེ་ཤེས་ཕྱི་རྒྱལ་དུ་སོང་རྗེས། ངས་ཁྱེད་ཀྱི་ངག་ནས་སྒྲུང་གཏམ་འདྲ་མི་འདྲ་ལ་ཉན་འགོ་བརྩམས། རོང་སྡེ་ཞིག་ནས་གློ་བུར་ཏུ་ཆ་མེད་རྒྱུས་མེད་ཀྱི་འབྲོག་དགོན་དེར་ཡོང་བའི་ང་། དགོན་པའི་ནང་ན་མི་ངོ་ཤེས་པ་གཅིག་ཀྱང་མེད་པས་ཡིན་ནམ། ཅི་ཡིན་འདི་ཡིན་མེད་པར་ཁྱེད་ཀྱི་ཤག་གི་རྒྱུན་མགྲོན་དུ་གྱུར། ང་ལ་དོན་རྐྱེན་ངན་པའམ་མ་ཉེས་ཁ་གཡོགས་འདྲ་ཐེབས་ན་ལམ་སེང་ཁྱེད་ཀྱི་ཤག་ཏུ་སོང་སྟེ་མིག་མཆི་མས་གང་བཞིན་ཁྱེད་ལ་སྡུག་གཏམ་ལོང་བ་གང་ཞུས་རྗེས། ཚ་ཐབ་ཀྱི་ཕྱོགས་གཅིག་གི་གྲུ་ཟུར་ཏུ་ཁ་སྦུབ་ཏུ་གཉིད་འགྲོ་ལ། ཁྱེད་ཀྱིས་ང་གཉིད་ལས་མ་སད་བར་ཏུ་ཁུ་སིམ་མེར་བཞག་ཅིང་། ནམ་རྒྱུན་ཁྱེད་ཉིད་བཞུགས་སའི་སྒེའུ་ཁུང་གི་འགྲམ་སྟེ། ང་གཉིད་ཡོད་པའི་ལྡོག་ཕྱོགས་ཀྱི་ཚ་ཐབ་སྟེང་ན་དཔེ་གཟིགས་གནང་གིན་ཡོད།
ཉིན་ཞིག་ལ་ཞལ་ཟས་གཡོ་སྐོལ་བྱེད་མཁན་མེད་པར་ནད་ཀྱིས་མནར་བཞིན་པའི་ཁྱེད་གཅིག་བུ་རང་ཤག་ན་སྡོད་དུས། ངས་ངེད་ཚང་གི་གྲྭ་ཤག་ནས་ཤ་ཚོད་བཙོས་མ་ཐག་པ་ལྐོག་ཏུ་ཁྱེར་ནས་ཁྱེད་ལ་དྲངས། ཁྱེད་ཀྱིས་ང་ལ་རྗེས་ནས་དེ་འདྲ་མ་བྱེད་ཅེས་ཡང་ཡང་གདམས་མྱོང་། ངའི་ཤག་གི་དགེ་རྒན་གྱིས་སྒེའུ་ཁུང་ནས་མཐོང་བ་འདྲ་སྟེ་དེའི་སྐོར་མཁྱེན་རྟོགས་བྱུང་རྗེས། ཕྱིས་སུ་ཤ་ཚོད་ཟ་ཐེངས་འགའ་ཞིག་ཏུ་ང་ལ་སོང་ནས་ཨ་ཁུ་བཟང་བོ་ཚོད་མ་བཟའ་རུ་ཤོག་ཅེས་བོས་ཟེར་ནས་འབོད་དུ་བཏང་བྱུང་།
ཡང་རྩྭ་སྐྱ་རླུང་གིས་གང་སར་བསྐྱོད་པའི་སྟོན་འཇུག་གི་ཕྱི་དྲོ་ཞིག་ལ། ཁྱེད་དང་ང་། ད་དུང་རྣམ་རྒྱལ་ཟེར་བའི་གྲོགས་པོ་ཞིག་དང་ང་ཚོ་དགོན་པའི་འདབས་ཀྱི་ཟམ་པ་དེར་ཁ་གཏད་ནས་ཡོད་པའི་གད་ཁའི་ས་ཕུག་གི་རྒྱ་མིའི་ཚོང་ཁང་དེར་སོང་ནས་སྐོམ་ཆུ་འགའ་དང་ཐུག་སྐམ་འགའ་ཉོས་རྗེས་ཕྱིར་ཡོང་ནས་རྣམ་རྒྱལ་གྱི་གྲྭ་ཤག་ནས་ཁ་བརྡ་བྱས་ནས་འདུག་རྩིས་བྱས། འོན་ཀྱང་ཕྱིར་ཡོང་ཁར་ཁ་བརྡ་བྱེད་ཀྱིན་བྱེད་ཀྱིན་རྣམ་རྒྱལ་རླུང་ལངས་ཏེ་སྐོམ་ཆུ་སོགས་ལག་པས་རྡོ་འཕེན་འཕེན་བྱས་ཏེ་ཞོལ་གྱི་གྲམ་གཞུང་དུ་འཕངས་སོང་། ང་ལེན་ཏུ་འགྲོ་རྩིས་བྱེད་སྐབས་རྣམ་རྒྱལ་གྱིས་ཁྱེར་ཡོང་ཡང་ཁོར་མི་དགོས་ཞེས་མནའ་རྒན་ཞིག་བསྐྱལ་རྗེས་གོམ་འགྲོས་མགྱོགས་པོས་བུད་སོང་བས། ཁྱེད་ཀྱིས་རྣམ་རྒྱལ་ཞེས་འབོད་ཀྱིན་སློག་ཐུལ་དེ་གོན་མ་དྲུད་ཀྱིས་རླུང་ནང་དེར་རྣམ་རྒྱལ་གྱི་རྗེས་བསྙེགས། འོན་ཀྱང་རྣམ་རྒྱལ་གྱིས་ཁ་ཡ་མ་བྱས་པས། ངེད་གཉིས་མཉམ་དུ་ངེད་ཚང་གི་ཤག་ཏུ་སོང་ནས་ངས་ཞོག་ཁོག་གི་ཟས་ཤིག་ལས་ཏེ་ཟོས་ནས་འདུག་དགོས་བྱུང་སོང་།
ཉིན་ཞིག་ང་ཞོགས་ཚོགས་གྲོལ་ནས་ཤག་ཏུ་སླེབས་ཏེ་ཞོགས་ཇ་སྐོལ་དུས། ཁྱེད་ཀྱི་སྤུན་ཆུང་བ་སྐལ་ལྡན་རྒྱ་མཚོ་འཚབ་འཚུབ་ངང་ངེད་ཚང་ལ་ཡོང་སྟེ་ཁྱོད་ཨ་ཁུ་བཟང་བོས་འབོད་ཀྱིན་ཡོད་ཀི་ཟེར་ནས་བོས་བྱུང་། ང་ཁྱེད་ཀྱི་ཤག་ལ་ཐོན་སྐབས་གོན་པ་གྲལ་དག་གྱོན་པའི་མི་སྐྱའི་ཕོ་གསར་ཕར་བལྟས་ཚོད་ཀྱིས་ལས་བྱེད་པ་རེད་སྙམ་པ་འགའ་སླེབས་འདུག ལྕགས་ཐབ་ཀྱི་སྟེང་ལ་བཙོས་མ་ཐག་པའི་ཤ་ཚོན་སྲེག་མ་སླ་ང་གང་ཁ་ཕྱེས་ནས་བཞག་འདུག་པར་བལྟས་ན་ཞོགས་ཟས་ཞིམ་པོ་ཞིག་ཟ་བརྩིས་ཡོད་ཀྱང་སྟབས་མ་འགྲིག་པ་འདྲ། ཁྱེད་ཀྱིས་ང་ལ་སྐད་ཆ་གནད་འགག་ཅན་ཅི་ཡང་བཤད་མ་སོང་། དེ་ནི་ཁྱེད་ཀྱིས་ཕྱིར་ཡོང་མེད་ན་ཐང་བསམས་ནས་ངོ་ཐུག་པ་ཙམ་རེད། མི་དེ་ཚོས་ཁྱོད་ཁྲིད་ནས་རླངས་འཁོར་ཞིག་ཏུ་བསྡད་དེ་བུད་སོང་། ཉིན་གསུམ་གྱི་རྗེས་སུ་ཁྱེད་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་གཅིག་བུ་ཕྱིར་སླེབས་སོང་ལ། དཀར་མོ་གཡང་འཁྱིལ་གྱི་རྨ་ཆུའི་ཟམ་ཁ་ནས་སྐལ་ལྡན་རྒྱ་མཚོ་དང་ངེད་གཉིས་ལ་སྒོ་ང་བཙོས་མ་འགའ་ཉོས་ནས་ཡོང་འདུག དེ་ནི་ངས་མི་ཚེ་འདིར་སྒོ་ང་ཟོས་པ་ཐོག་མ་ཡིན། ཁྱེད་ཀྱིས་ང་ལ་དེའི་སྔ་ཕྱིའི་བརྒྱུད་རིམ་དང་། ཐོག་མའི་སྐྲག་སྣང་། ཡོང་ཁའི་ཐེ་ཚོམ། ལམ་སྐབས་ཀྱི་དགའ་སྣང་སོགས་གཅིག་ཀྱང་མ་ལུས་པར་གསུངས་བྱུང་ལ། མ་གཞི་མི་དེ་ཚོ་«གཞིས་སྡོད་བོད་མིའི་རེ་དོན་ཉག་གཅིག་»ཅེས་པའི་རྩོམ་ཡིག་དེའི་ཆེད་དུ་ཡོང་ནས་ཁྱེད་ཁྲིད་དེ་འདྲི་གཅོད་བྱས་པ་ཡིན་མོད། ཁྱེད་ཀྱི་གསུང་གནས་ལུགས་དང་མཐུན་པས་ཁྲིམས་དང་འགལ་མེད་པ་དང་། ཁྱེད་ཀྱི་སྐུ་ལུས་ལ་ནད་ཚབས་ཆེན་སྣ་མང་བྱུང་ཡོད་པས་སྲོག་ལ་ཉེན་ཁ་ཆེ་བ་བཅས་ཀྱི་དབང་གིས་ཁོ་ཚོ་སྐྲག་ནས་ཕྱིར་མངགས་པ་རེད་འདུག
ཡང་ཉིན་ཞིག་ཁྱེད་ཀྱིས་ངའི་ཕུ་བོ་རྒན་པ་ཁྲིད་ནས་དགོན་པའི་མདུན་རིའི་ཕྱོགས་སུ་སོང་ནས་ཁ་བརྡ་མང་པོ་ཞིག་བྱས་རྗེས་ཕྱིར་སླེབས་སོང་། ཕྱིས་སུ་ངས་ཤེས་པ་ལྟར་ན་ཉིན་དེར་ཁྱེད་ཀྱིས་ངའི་ཕུ་བོ་ལ་ང་སྙིང་ཁམས་བདེ་བོ་མི་འདུག་པས་སྨན་ཁང་ཞིག་ལ་བསྟན་ན་བཟང་ཞེས་བརྗོད་འདུག དེ་ནི་ང་མི་སྤོ་ཐུང་ཞིག་ཡིན་པའི་རྐྱེན་གྱིས་རེད་ལ། ལྷག་པར་ཁྱེད་ཀྱི་མདུན་ནས་སྤོ་ལངས་སླ་བ་དང་ཁྱེད་ང་ལ་འདང་ཆེས་དྲགས་པས་རེད། མི་ཚང་མས་ཁྱེད་ཀྱང་སྤོ་ཐུང་ཞིག་ཡིན་ཞེས་ནམ་རྒྱུན་བརྗོད་ཀྱིན་ཡོད་ལ། ངས་ཀྱང་ཅི་ཡིན་འདི་ཡིན་མེད་པར་ཁྱེད་སྤོ་ཐུང་ཞིག་རེད་བསམས་ཡོད། འོན་ཀྱང་ཞིབ་འདང་ཞིག་བརྒྱབ་ན་ཁྱེད་ངའི་སྟེང་ལ་དངོས་ནས་སྤོ་ལངས་པ་ཞིག་ཡིད་ལ་དྲན་རྒྱུ་མི་འདུག
ད་དུང་ངེད་གཉིས་མཉམ་དུ་ཁ་རོག་གེར་གློག་བརྙན་བལྟ་རུ་ཡང་ཐེངས་གང་མང་ཞིག་ལ་འགྲོ་མྱོང་ཞིང་། ད་དུང་འཚོ་བའི་ཆ་རྐྱེན་ཞན་པས། སྨན་ཁབ་འཁྱེར་ནས་གྲོང་ཆོག་ལ་སོང་ཞིང་། ཉིན་དཀར་འདོན་པ་བཏོན་རྗེས། ཉལ་ཁར་ཡོན་བདག་ཚང་ནས་ཁྱེད་ལ་གློ་གཅོང་ནད་ཀྱི་སྨན་ཁབ་ཡང་བརྒྱབ་མྱོང་།
ཁྱེད་ཀྱིས་ད་དུང་ཆུང་དུས་ཀླུ་ཚང་དགོན་དུ་«ཆུ་ངོགས་གཏམ་རྒྱུད་»ཀྱི་སྒྲུང་གཏམ་བཀླགས་རྗེས་གྲྭ་བ་འགའ་ལ་དེའི་ནང་གི་མི་སྣའི་མིང་བཏགས་པ། ཆོས་གྲོགས་གསུམ་དང་ཁྱེད་ཚོ་མཉམ་དུ་ལྷ་སར་ཇི་ལྟར་བྲོས་ཤིང་། ཡར་འགྲོ་དུས་མར་མང་པོ་འཁྱེར་བའི་རྒན་པོ་ཞིག་ལ་རོགས་བྱས་ཏེ་མཉམ་དུ་སོང་བ་དང་། ལམ་བར་ཏུ་རྒན་པོ་དེས་མར་རྡོག་ཆེན་པོ་ཞིག་ཁྱོད་ཚོའི་ལག་ཏུ་བཞག་ནས་ཁ་འཐོར་བའི་སྐབས་སུ། རོགས་པ་ཞིག་གིས་ང་ཚོས་མར་འཕངས་ནས་འགྲོ་ཞེས་བརྗོད་ཀྱང་ཁྱེད་ཀྱིས་ཨུ་ཚུགས་བྱས་ཏེ་བསྒུགས་བསྒུགས་མཐར་རྒན་པོ་སླེབས་པ་དང་། རྒན་པོར་མར་རག་པས་ཧ་ཅང་དགའ་བ། ཕྱིར་ཡོང་བའི་ལམ་བར་ཏུ་སྒོར་ཚར་ནས་མི་ཚང་ཞིག་ལ་གནས་ཚང་གཡར་ཞིང་། དེར་རྒྱ་མི་མགྲོན་པོ་ཞིག་ཡོང་བ་དེས་ཁྱེད་ཚོར་ལམ་གླར་འདང་བའི་སྒོར་གཡར་བས་གཞི་ནས་ཕ་ཡུལ་ལ་བསླེབས་ཤིང་། ཁྱེད་ཀྱིས་ཕ་ཡུལ་ལ་སླེབས་མ་ཐག་ཕ་རྒན་ལ་བཤད་ནས་ལམ་སེང་རང་སྐལ་གྱི་སྒོར་ཕྱིར་བསྐུར་བ་སོགས་ཐེངས་གཅིག་མིན་པར་ཡང་དང་བསྐྱར་ཏུ་གསུངས་མྱོང་།
འོན་ཀྱང་ང་དགོན་པར་སླེབས་ནས་ལོ་ངོ་གཉིས་ཙམ་རྗེས་ཀྱི་ལོ་གསར་ཚེས་གཅིག་གི་དགོང་མོ་དེར། སྔར་ལོ་དང་འདྲ་བར་གྲྭ་གཞོན་ཚང་མ་གྲྭ་ཤག་ག་གེ་མོ་ཞིག་ན་གློག་བརྙན་སྟོན་གྱིན་འདུག་ཟེར་ནས་དེར་འགྲོ་བཞིན་འདུག ང་ཁྱེད་ཀྱི་ཤག་ལ་ཁྱེད་འབོད་དུ་ཡོང་། ཁྱེད་ཚ་ཐབ་ཀྱི་སྟེང་ན་ལོ་གསར་གྱི་སྡེར་ཁའི་འགྲམ་དུ་དཔེ་ཆ་སྣ་རིང་ཞིག་ཁ་ཕྱེས་ནས་བཞུགས་ཏེ་དཔེ་གཟུགས་གནང་གིན་འདུག་ལ། ཁྱེད་ཀྱིས་ང་ནི་ད་དེར་འགྲོ་རྒྱུར་མི་འཛའ་ཀི། ཁྱོད་རང་ཉིད་སོང་ཟེར། དེ་ནས་བཟུང་ཁྱེད་མི་སྔར་དང་མི་འདྲ་བ་ཞིག་ཏུ་གྱུར་ནས་མ་རབས་པྲ་ཚགས་ཀྱི་བྱ་བ་རྦད་དེ་མི་ལས་པ་ཞིག་ཆགས། གློ་བུར་གྱི་འགྱུར་བ་དེ་ངས་ད་ལྟ་ད་དུང་ཡང་བློས་མི་དཔོག་པ་ཞིག་རེད།
ང་ལོ་བཅུ་དགུར་སླེབས་བྱུང་། མཚན་མོ་དེ་ནི་ང་ཁྱེད་ཀྱི་ཤག་ནས་ཞག་སྡོད་བྱས་པ་ཆེས་མཐའ་མ་དེ་ཡིན། ནམ་རྒྱུན་དང་འདྲ་བར་ང་ཡང་ཁྱེད་དང་ཁ་གཏད་ཀྱི་ཚ་ཐབ་སྟེང་དུ་ཉལ། ང་རྟག་པར་ཁྱེད་ཀྱི་ཤག་ལ་ཡོང་གིན་ཡོད་ལ། ཐ་ན་ཤག་ཏུ་ཐུག་པ་བསྐོལ་མཚམས་ནས་ཀྱང་ཁྱེད་ཀྱི་ཤག་ལ་ཡོང་ནས་འདུག་ཙམ་བྱས་རྗེས་ཕྱིར་འགྲོ་བར་ལོབས་པས་ཁྱེད་ཀྱི་ཤག་ནི་ངའི་རང་ཤག་ལྟ་བུར་ཆགས་ཤིང་། ཉལ་ས་འདི་ཡང་ང་རང་ཉིད་ཀྱི་ཉལ་ས་ལྟ་བུར་གྱུར་ཡོད། ཞོགས་པ་དེར་ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་འདུག ཁྱེད་ཀྱི་ཤག་ནས་གྲ་སྒྲིག་བྱས་པའི་ལམ་བྲོ་དེ་ཁུར་ནས་ཁྱེད་ཀྱིས་ང་དགོན་པའི་འདབས་བར་ཏུ་སྐྱེལ་མ་བྱས། ངས་བླ་མའི་གཟིམ་ཁང་དང་། དགོན་པར་ཕྱག་གསུམ་རེ་འཚལ་རྗེས་ཁྱེད་ལ་གྱེས་ཕྱག་ཞུས། སྔ་མོ་ཡིན་པས་དགོན་པའི་བར་སྲང་ན་མི་གཅིག་ཀྱང་རིག་རྒྱུ་མི་འདུག ཁྱེད་ཀྱིས་ང་ལ་སེམས་ནས་ངོ་མ་མི་བཟོད་པ་ཞིག་རེད་ཅེས་བརྗོད་བྱུང་། ལོ་ངོ་ཧྲིལ་བོ་ཞིག་ལ་འགྲོ་རྒྱུའི་གྲ་སྒྲིག་བྱས་པ་ཡིན་ནའང་། ཉིན་དེར་ང་ལ་ཧ་ཅང་འགྲོ་མི་འདོད་པའི་སྣང་བ་ཞིག་སྐྱེས་བྱུང་། ལོ་ངོ་བཞི་ལྔ་འདིའི་རིང་ལ་མཉམ་ཟ་མཉམ་འཐུང་དང་། སྐྱིད་སྡུག་མཉམ་རོལ། ཕལ་ཆེར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཡོང་བའི་ཁྱེད་དགོན་པའི་འདབས་སུ་བསྐྱུར་ནས་ང་ལམ་ལ་ཆས། ཁྱེད་དགོན་འདབས་ཀྱི་སྤང་ཐོག་དེར་ཆར་བ་ཟམ་ཟིམ་གྱི་ཁྲོད་དུ་ཆབ་གསང་བྱེད་པའི་ཟོལ་གྱིས་ཡུན་རིང་བོར་བཙོག་ནས་བཞུགས་འདུག་པའི་རྣམ་པ་དེ་ད་ལྟ་ཡང་ངའི་མིག་ལམ་ན་གསལ་ལེར་འདུག ཕྱིས་སུ་ང་ལ་ནམ་རྒྱུན་ཁྱེད་ཀྱིས་ཀླུ་ཚང་དགོན་ནས་ཐར་ཤུལ་དགོན་ལ་ཡོང་ཁར་ཁྱེད་ཀྱི་ལྷམ་ཀླུ་ཚང་དགོན་ནས་ལུས་སོང་། དེར་བལྟས་ན་ང་ཕལ་ཆེར་རྗེས་མ་ཞིག་ལ་ཕྱིར་ཀླུ་ཚང་དགོན་ལ་འགྲོ་རྒྱུ་རེད་ཅེས་གསུངས་པ་བཞིན་ཕྱིར་ཀླུ་ཚང་དགོན་གྱི་ཚོགས་གྲལ་ལ་ཞུགས་འདུག ངས་ཕྱི་རྒྱལ་ན་སློབ་གཉེར་བྱེད་དུས་ཕ་ཡུལ་ཕྱོགས་ནས་འབྱོར་བའི་འཕྲིན་ཡིག་ཐེངས་དང་པོ་དེ་ཡང་ཁྱེད་ཀྱིས་བསྐུར་ཡོང་བ་ཡིན་ལ། ལོ་ངོ་བཅུའི་རྗེས་སུ་ང་ཕྱིར་ཕ་ཡུལ་ལ་ཐོན་དུས། ཐོག་མར་ང་ལ་འཚམས་འདྲིར་ཡོང་མཁན་དེ་ཡང་ཁྱེད་ཡིན། ཚང་མ་འགྱུར་ནས་ངོ་མི་ཤེས་པ་དང་ཆ་རྒྱུས་མེད་པ་ལྟ་བུར་གྱུར་ཅིང་། ཁྱེད་ཀྱི་ཤག་ཀྱང་གར་སོང་ཆ་མེད་དུ་གྱུར་འདུག འོན་ཀྱང་སྔར་བཞིན་གྲོགས་འདང་གིས་ཁེངས་ཡོད་པ་ནི་ཁྱེད་ཀྱི་བརྩེ་སེམས་རེད། ཁྱེད་ཀྱིས་གོས་ཆེན་ཞིག་དང་ཁ་བཏགས་དཀར་པོ་ཞིག་གིས་ངས་རབ་འབྱམས་པའི་དམ་བཅའ་བཞག་ཏེ་ཕྱིར་ཕ་ཡུལ་ལ་ཡོང་བར་རྟེན་འབྲེལ་ཞུས་བྱུང་། ང་ཡང་ཐེངས་ཁ་ཤས་ཤིག་ལ་ཀླུ་ཚང་དགོན་དུ་ཡོང་སྟེ་ཁྱེད་ཀྱི་ཤག་ནས་ཞག་སྡོད་བྱས་ཏེ་ངེད་གཉིས་ཀྱིས་ཧ་ཧ་ཧོ་ཧོའི་ངང་བར་ཁྱད་མེད་པའི་ཁ་བརྡ་གསང་བོ་བྱས་མྱོང་། སྐབས་དེར་གྲྭ་ཕྲུག་ཅིག་ཁྱེད་ཀྱི་ཤག་ཏུ་སླེབས་སོང་ལ་ཁྱེད་ཀྱིས་ང་ལ་ཁོ་ནི་སྔོན་མའི་ཁྱོད་ཀྱི་ཚབ་ཡིན་ཟེར།
ཁྱེད་ཉིད་ཁྲི་ཀའི་སློབ་འབྲིང་ན་ཡོད་དུས་ཀྱང་ཐེངས་འགར་འཛོམས་ཏེ་ཁ་བརྡ་བྱས་མྱོང་ལ། སྐབས་དེ་དག་ཏུ་ངའི་སེམས་སུ་ཁུ་སིམ་མེར་དགའ་སྣང་ཁྱད་པར་བ་ཞིག་སྐྱེས་པ་ནི་ཁྱེད་ལ་ལུས་སེམས་བདེ་བས་ཁེངས་པའི་རྣམ་པ་གསལ་བོར་མངོན་འདུག་པ་དེས་ཡིན། འོན་ཀྱང་ན་ནིང་སྟེ་༢༠༡༩ལོའི་དབྱར་ཁར་མང་རྫོང་བོད་སྨན་ཁང་དུ་ཡུམ་ཆེན་ལ་ནད་གཡོག་ཞུ་བཞིན་པའི་ཁྱེད་དང་འཕྲད་ནས་དུས་ཚོད་གཅིག་ཙམ་གྱི་རིང་ལ་ཁ་བརྡ་བྱས། སྐབས་དེར་བཏང་ལྷོད་མི་རན་པའི་ཁྱེད་ཀྱི་ལུས་ངག་གི་རྣམ་པ་མཐོང་ནས་ངའི་སེམས་ལ་སྐྱོ་སྣང་ཁྱད་པར་བ་ཞིག་བྱུང་ཞིང་། དུས་ཚོད་ཐུང་ཐུང་དེ་བེད་སྤྱད་ནས་ངས་རང་གི་མདོ་སྔགས་ཀྱི་ཉམས་རྟོགས་དང་གོ་རྟོགས་གཙོ་བོ་འགའ་ཁྱེད་ལ་གོ་རིམ་མེད་པར་འཚབ་བེ་འཚབ་བེར་ཁ་བརྡ་བྱས་ཤིང་། སེམས་ནས་ཁྱེད་ཀྱི་ཞབས་བརྟན་དུ་རྒྱུགས་འབུལ་ཞུས་པ་ཙམ་ཡིན། ཉིན་དེར་ཁྱེད་ཀྱིས་དེ་བཟང་གི། དགོན་པ་ཆེ་ས་ནས་ད་ཆོས་ཡོང་དཀའ་མོ་འདུག་ཅེས་ལན་དུ་མར་གསུངས་པ་ཐོས་ནས་ང་ལྷག་ཏུ་སྡུག་བྱུང་། འགྲོ་ཁར་ཁྱེད་ཀྱིས་ལག་པས་ང་སྟོན་བཞིན་སྤུན་ཆུང་སྐལ་ལྡན་རྒྱ་མཚོར་བལྟས་ཏེ། ལྟོས་དང་འདི་བྱུང་འགྱུར་མེད་ཀི། སྔོན་མའི་དེ་དེ་འདྲར་བསྡད་འདུག་ཅེས་རྗོད་ཀྱིན་སྤྲོ་ཉམས་བསྟན། ང་ཚོས་མཉམ་དུ་བོད་སྨན་ཁང་གི་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་དང་མ་ཎི་འཁོར་ལོ་དེ་དག་གི་མདུན་ནས་པར་ཞིག་བརྒྱབ་རྗེས་ཁ་གྱེས། པར་དེ་ནི་ཆེས་མཐའ་མའི་དྲན་ཤིང་ཆགས་སོང་།
ཉིན་དེ་ནས་བཟུང་ངས་ཁ་ཏོན་ནམ་དགེ་བའི་ལས་ཅི་ཞིག་བྱས་ཀྱང་ཁྱེད་ཀྱི་ཞབས་པད་བརྟན་པའི་རྒྱུ་རུ་བསྔོས་པ་ཡིན་ལ། ཉིན་གཅིག་ལ་ཡང་ཆད་མ་མྱོང་། ཐེངས་ཁ་ཤས་ཤིག་ལ་ངས་ཁྱེད་ལ་སྐུ་སྙུང་དྲག་པོ་བྱུང་བའི་རྨི་ལམ་རྨིས་སོང་། རྨི་ལམ་རྨི་ཐེངས་རེར་ངས་སྐྲག་མ་སྔངས་ཀྱིས་སྐད་འཕྲིན་བརྒྱུད་ནས་སྐལ་ལྡན་རྒྱ་མཚོ་ལ་སྐད་ཆ་དྲིས་ཤིང་ཁྱེད་བདེ་མོ་ཡིན་པ་གོ་རྗེས་གཞི་ནས་སེམས་ལྷོད་ལ་བབས། ཟླ་འགའ་འགོར་རྗེས་ཀྱི་ཉིན་དེར་སྐལ་ལྡན་རྒྱ་མཚོས་གློ་བུར་ཏུ་སྐད་འཕྲིན་གྱི་ནང་ནས་ང་ལ་ཨ་ཁུ་བཟང་བོར་གློ་བུར་ཏུ་ཅིག་མ་བདེ་ཐལ། ད་ད་མྱུར་སྐྱོབ་རླངས་འཁོར་གྱིས་འཁྱེར་ནས་ཟི་ལིང་ལ་འགྲོ་བཞིན་ཡོད། བརྒྱད་སྟོང་བ་ཞིག་འདོན་དགོས་པས་ཁྱོད་ཀྱིས་ཀྱང་བརྒྱད་སྟོང་བ་ཞིག་ཐོན་ཟེར། ཟི་ལིང་དུ་སླེབས་ནས་གཤགས་བཅོས་བྱས་རྗེས་སྐལ་ལྡན་རྒྱ་མཚོས་ང་ལ་མྱུར་སྐྱོབ་ཁང་ནས་ཉིན་འགའ་ལ་སྒོར་ཡོང་ནི་མ་རེད། སྒོར་ཡོང་ན་ཁྱེད་ལ་གནས་ཚུལ་བརྗོད་ཆོག་ཅེས་བཤད་བྱུང་བས་ངས་ཁོའི་འཕྲིན་ལ་བསྒུགས་ནས་བསྡད། དེ་ནས་ཉིན་གཅིག་གཉིས་ཙམ་གྱི་རྗེས་ཀྱི་དགོང་མོ་དེར་ང་ཞག་གང་བོར་གཉིད་མ་ཡོང་བར་ཁ་ཏོན་འདོན་བཞིན་ནམ་བསླངས་པ་ཡིན། སྐལ་ལྡན་རྒྱ་མཚོའི་སྐད་འཕྲིན་ལ་གྲགས་འགུལ་མེད་པས། སྐྲག་མ་འདར་གྱིས་ཕར་སྐད་ཆ་དྲིས་དུས་ད་གཟོད་ཁྱེད་ཕེབས་ཚར་བ་གོ། ང་ལ་རང་དབང་མེད་པར་མིག་ཆུ་བཞུར་བྱུང་། ངའི་ཡབ་ཆེན་འདས་དུས་ཀྱང་ང་ལ་མིག་ཆུ་མ་བྱུང་མོད། ད་ཐེངས་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་མིག་ཆུ་བཞུར། ཉིན་འདི་ཚོར་ད་དུང་ཡང་དྲན་མི་ཕོད་པ་ཞིག་རེད། ངས་གཞི་ནས་འཆི་བའི་སྡུག་བསྔལ་ནི་རང་ཉིད་འཆི་བའི་སྡུག་བསྔལ་ཙམ་མ་ཡིན་པར་ཉེ་བའི་གྲོགས་དང་གཅེས་བའི་གཉེན་འདས་བའི་སྡུག་བསྔལ་ཡང་བཟོད་གླགས་བྲལ་བ་ཞིག་ཡིན་པ་ཤེས་བྱུང་ལ། མཚན་སྙན་གྲགས་སོགས་འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་སྙིང་བོ་མེད་པའི་བློ་དྲག་པོ་ཞིག་ཀྱང་རང་ཤུགས་ཀྱིས་སྐྱེས་ནས་སླེབས་ཡོང་།
ཁྱེད། གྲོགས་ཀྱི་དམ་ཚིག་གཙང་མ་རང་གིས་འཁྱེར་ཅིང་། འགྱུར་མེད་ཀྱི་བརྩེ་འདང་ལྷད་མེད་ང་ལ་གནང་ནས་ཕེབས་སོང་།
ཐབས་ལ་མཁས་པའི་དགེ་རྒན་དམ་པ།
ང་ནི་སློབ་འབྲིང་གི་ལོ་རིམ་གཉིས་པ་ནས་ཚུར་དགོན་པར་ཡོང་བ་ཞིག་ཡིན་མོད། སྐད་ཡིག་གི་རྨང་གཞི་ཧ་ཅང་ཞན། རྒྱལ་རབས་དང་ཆོས་འབྱུང་སོགས་ཕར་ཞོག མཐའ་ན་མིང་ཚིག་ཅིག་ལ་ཚིག་དག་མོ་ཞིག་ཀྱང་བསྒྲིགས་མི་ཤེས་ལ། སྒྲུང་ཞིག་བཀླགས་ན་ཡང་གོ་བ་ཡག་པོ་ཞིག་མི་ལོན། ཁྱེད་དང་གཤིབས་ནས་བསྡད་པས། ལོ་ངོ་བཞི་ལྔ་དེའི་རིང་ང་ལ་བོད་ཀྱི་སུམ་རྟགས་དག་གསུམ་སོགས་ཀྱི་རྩ་བ་བརྟན་པོ་ཞིག་ཚུགས་སོང་། དྲང་མོར་བཤད་ན་ཁྱེད་ཀྱིས་དངོས་སུ་དཔེ་ཁྲིད་བྱས་པ་ནི་ཐེངས་ཤིག་ལ་སྐལ་ལྡན་རྒྱ་མཚོ་དང་ངེད་གཉིས་ལ་ཉིན་ཁ་ཤས་ཤིག་ལ་དཔེ་རྒྱན་གྱི་དཔེར་བརྗོད་འཇོག་ཏུ་བཅུག་ནས་ཞུ་དག་བྱས་པ་དེ་ཡིན། སྐབས་དེ་དག་ཏུ་ང་ལ་མཚོན་ན་ཡང་ཁྱེད་ལ་གྲོགས་པོའི་འདུ་ཤེས་ལས་དགེ་རྒན་གྱི་འདུ་ཤེས་ཡོད་མ་མྱོང་། ལོ་ངོ་བཅུའི་རྗེས་སུ་ངས་ད་གཟོད་ཁྱེད་ནི་ང་ལ་མཚོན་ན་བཀའ་དྲིན་ཆེ་བའི་དགེ་རྒན་གལ་ཆེན་ཞིག་ཡིན་པ་རྟོགས།
ཁྱེད་ཀྱིས་ཐོག་མར་ང་ལ་སྒྲུང་སྙན་མོ་གསུངས་ཏེ་སྤྲོ་བ་བསླངས། དབྱར་གཞུང་ཞིག་ལ་ཁྱེད་ཀྱིས་ང་ཁྲིད་དེ་མདུན་རིའི་གསར་བཏབ་ཀྱི་ཤུག་གསེབ་དེར་ཕྱིན་ནས་«རྟ་ནག་ཅང་ཤེས་»ཞེས་པའི་སོག་པོའི་སྒྲུང་རྩོམ་དེ་གསུངས་བྱུང་། ཁྱེད་ཀྱིས་གསུང་གིན་གསུང་གིན་རང་ཉིད་གཏམ་རྒྱུད་ཀྱི་ནང་དུ་འཛུལ་དྲགས་ནས་མིག་ཆུ་བཞུར་བྱུང་བས་ང་ལ་དེ་ལས་ཀྱང་ཡིད་འགུལ་ཐེབས་ནས་གཏམ་རྒྱུད་ལ་མུ་མཐུད་ཉན་འདོད་སྐྱེས་ན་ཡང་། ཁྱེད་ཀྱིས་འཕྲོ་གསུང་མ་སོང་ལ་ཁྱེད་ཀྱིས་ང་ལ་མུ་མཐུད་ཤེས་འདོད་ན་རང་གིས་ཀློགས་ཟེར། ངས་ཇི་ལྟར་ཞུ་བ་བྱས་ཀྱང་ཕན་མ་ཐོགས། དེའི་དགོང་མོར་ང་ཁྱེད་ཚང་ལ་སོང་སྟེ་ཁྱེད་ཀྱིས་གསུངས་པ་བཞིན་སྦུག་གི་ཁང་ཆུང་སྟེ་ཟས་ཁང་ན་དཔེ་ཆ་མང་པོ་སྤུངས་ནས་ཡོད་པའི་ཁྲོད་དུ་རྟ་ནག་ཅང་ཤེས་མུ་འགོད་བྱས་ཡོད་པའི་དུས་དེབ་བརྩེགས་མ་སྤུས་ལེགས་དེ་བཙལ་ཡོང་ནས་སྒྲུང་གཏམ་བཀླགས། འོན་ཀྱང་ངས་ཚིག་མང་པོའི་དོན་མི་གོ་ཞིང་མིང་ཚིག་འགྲེལ་མི་ཤེས་པ་ཧ་ཅང་མང་བས། ཁྱེད་ཀྱི་གམ་ནས་བཀླག་པ་ལས་ཁྱེར་ནས་གཞན་དུ་སོང་ཡང་ཕན་མི་ཐོགས། ངས་ཕལ་ཆེར་ནམ་གང་བོར་མིང་དང་ཚིག་གི་དོན་ཁྱེད་ལ་འདྲི་ཞོར་དང་ཀློག་ཞོར་བྱས་པ་ཡིན་ལ། ཁྱེད་ཀྱིས་ཀྱང་རང་ཉིད་ཀྱིས་དཔེ་བལྟས་བྱེད་ཞོར་ཏུ་ང་ལ་ནང་དོན་བཤད། ཁྱེད་ཀྱིས་ཚོགས་ལ་ནད་དགོངས་ཞུས་ཡོད་པས་དུས་རྒྱུན་དུ་ཕལ་ཆེར་ནམ་གང་བོར་དཔེ་བལྟས་བྱེད་ཅིང་སྔ་མོར་ཡུན་རིང་བོར་གཉིད་ནས་འདུག་པར་གོམས་ཡོད། དེ་བཞིན་རྩོམ་པ་པོ་དོན་གྲུབ་རྒྱལ་དང་སྟག་འབུམ་རྒྱལ། ཚེ་རིང་དོན་གྲུབ། ལྗང་བུ། བཀྲ་ཤིས་ཟླ་བ་སོགས་ཀྱི་སྒྲུང་གཏམ་སྙན་མོ་གང་མང་ཞིག་ངོ་སྤྲོད་བྱས་ཏེ་དེ་བཟང་རབས་དང་དེ་ཡག་རབས། མཚམས་མཚམས་ལ་སྒྲུང་གཏམ་གྱི་ནང་དོན་ངོ་མཚར་ཅན་དུམ་བུ་རེ་བཤད་ནས་ང་ལ་བཀླག་ཏུ་བཅུག་ཅིང་། ངས་ཀྱང་ཁྱེད་ཀྱི་ཚ་ཐབ་ཀྱི་གཡོན་རྒྱུད་བདག་གིར་བཟུང་སྟེ་མིང་དང་ཚིག་གི་དོན་མི་གོ་བ་རྣམས་ཁྱེད་ལ་འདྲི་ཞོར་སྒྲུང་གཏམ་སྣ་ཚོགས་བཀླགས། ད་དུང་
«བྲག་དམར་»དང་«བུ་མོ་མ་ཧ་ཡ་ནའི་སྒྲུང་།» «ཐོག་ཁང་དམར་བོའི་རྨི་ལམ་»གྱི་དེབ་གཅིག «འཛམ་གླིང་བྱིས་སྒྲུང་གྲགས་ཅན་»སོགས་ཀྱང་ཁྱེད་ཀྱིས་མཚམས་སྦྱོར་བྱས་ནས་བཀླགས་ཤིང་། «སྦྲང་ཆར་»དང་«མང་ཚོགས་སྒྱུ་རྩལ།» «ཟླ་ཟེར།» «བོད་ཀྱི་རྩོམ་རིག་སྒྱུ་རྩལ་»སོགས་དུས་དེབ་དང་། «གངས་རྒྱན་ན་ཆུང་ཚགས་པར་»དང་«གངས་རྒྱན་པདྨ»འི་སྟེང་གི་གཏམ་རྒྱུད་དང་སྒྲུང་གཏམ་སོགས་ཀྱང་གཅིག་ཀྱང་མ་ལུས་པར་བཀླགས་ནས་ཚར་བ་ལྟ་བུར་གྱུར། དེ་ལྟར་ཅི་ཡིན་འདི་ཡིན་མེད་པར་ལོ་གཅིག་གཉིས་ཙམ་གྱི་རིང་ལ་དང་ཐོག་དཔེ་ཆ་ཀློག་ཙམ་ཡང་མི་ཤེས་བའི་ང་། ཁྱེད་ཀྱི་སློབ་སྟོན་དང་ཐུགས་ཁུར་འོག་ནས་སྒྲུང་གཏམ་བཀླགས་ན་དོན་ཡོངས་སུ་གོ་ཐུབ་པ་མ་ཟད་སྒྲུང་གཏམ་བཀླགས་པར་དགའ་ཞིང་། སྒྲུང་གཏམ་གསར་བ་རེ་ལག་ཏུ་ཐོན་ན་བཀླགས་ནས་མ་ཚར་བར་ཏུ་མཚམས་མི་འཇོག་པ་ཞིག་ཏུ་གྱུར་སོང་། འོན་ཀྱང་དཔེ་ཆ་དེ་དག་ཚང་མ་ཁྱེད་ཀྱིས་ང་ལ་གཡར་ནས་བཀླག་ཏུ་བཅུག་པ་ལས་ང་ལ་རང་ཉིད་ལ་དབང་བའི་དཔེ་ཆ་ཕྱིས་སུ་ཉོས་པའི་«ཆུ་ངོགས་གཏམ་རྒྱུད་»བོད་འགྱུར་མ་ཆ་ཚང་ཞིག་དང་དུས་དེབ་འགའ་ལས་ཅི་ཡང་མེད། དེ་ལྟར་ང་དཔེ་ཆ་ཀློག་པར་རང་མགོ་ཐོན་པ་ན་ཁྱེད་ཀྱི་མཛུབ་སྟོན་འོག་«རྒྱལ་རབས་གསལ་བའི་མེ་ལོང་»དང་«དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་»གཉིས་ཀྱང་བཀླགས་མྱོང་ཞིང་། ཁྱེད་ཀྱིས་ནམ་རྒྱུན་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ངོ་མཚར་བ་འདྲ་མི་འདྲ། དཔེར་ན། “ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན། སྣ་ནམ་གང་གི་དོན་མི་འཚལ་”ལ་སོགས་པ་ངག་ནས་སྐྱོར་གྱིན་སྐྱོར་གྱིན་སྤོབས་ཉམས་དང་བཅས་གསུངས་ཡོང་། ངས་ཀྱང་ཕྱོགས་གཅིག་ནས་གཏམ་རྒྱུད་དེ་དག་ཤེས་འདོད་དང་། ཕྱོགས་གཞན་ནས་ཁྱེད་ཀྱིས་གསུངས་པ་ནང་བཞིན་དུ་རང་གིས་བཤད་ཨེ་ཐུབ་བསམས་ནས་རྒྱལ་རབས་ཀྱི་དེབ་ཐེར་དེ་དག་ཐེངས་གང་མང་ལ་བཀླགས་པ་ཡིན། ད་དུང་ཁྱེད་ཀྱིས་ཡང་དང་བསྐྱར་ཏུ་ཁྱེད་ཆུང་དུས་ཡབ་ཀྱིས་«གེ་སར་གྱི་སྒྲུང་»སོགས་དཔེ་ཆ་འདྲ་མིན་ཉོས་ཡོང་སྟེ་བཀླག་ཏུ་བཅུག་པས་བོད་ཡིག་གི་རྨང་གཞི་བརྟན་པོ་ཆགས་སོང་། དཔེ་ཀློག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་གསུངས་པས། ད་ལྟ་ཡིན་ན་ཡང་ངའི་སེམས་ལ་དཔེ་ཀློག་གལ་ཆེན་ཡིན་པའི་བསམ་ཚུལ་ཞིག་ངང་ངམ་ཤུགས་སུ་འཁོར་ནས་འདུག
སྙུག་རྩལ་གྱི་སྐོར་ནས་ཡིན་ན་ངས་དྲན་པ་ཞིག་ལ། ཉིན་ཞིག་ཁྱེད་ལ་རྩོམ་ཡིག་འབྲི་སྟངས་ཀྱི་སྐོར་ནས་སྐད་ཆ་དྲིས་པར་ཁྱེད་ཀྱིས་ང་ལ་“ཡེ་ཤེས་རྒྱ་མཚོ་ཆུང་ཆུང་ཡིན་དུས་ཁོས་ཤོག་ལྷེ་འདྲ་མིན་གྱི་སྟེང་ལ་རྩོམ་ཐུང་འདྲ་མིན་བྲིས་ཏེ་ཁྱེར་ནས་ཡོང་སྟེ་ཨ་ཁུ་རི་ཁྲོད་པ་ལ་བསྟན་ནས་རྩོམ་འདི་ཅི་འདྲ་འདུག ངས་ཕར་ཕྱོགས་ཤིག་ཏུ་རྙེད་ནས་ཡོང་བ་ཡིན་ཞེས་འདྲི་བ་རེད། ཁྱོད་ཀྱིས་ཀྱང་རྩོམ་ཐུང་འདྲ་བྲིས་ཏེ་ཡེ་ཤེས་རྒྱ་མཚོར་སྟོན་”ཟེར་བ་བཞིན་ངས་ཀྱང་དེ་ལྟར་བྱས་ཏེ་ཁྱེད་གཉིས་ལ་བསྟན་པ་ཡིན། ཐེངས་ཤིག་ངས་གབ་ཚིག་གི་ཚིགས་བཅད་འགའ་བྲིས་ཏེ་འཁྱེར་ནས་ཡོང་བར་ཁྱེད་ཧ་ཅང་དགའ་སྟེ་“བྲིས་པ་ཧ་ཅང་བཟང་”ཟེར་ནས་ཞུ་དག་བྱས་རྗེས་«གངས་རྒྱན་ན་ཆུང་ཚགས་པར་»ཁང་ལ་བསྐུར་བས། དེའི་སྟེང་དུ་བཀོད་སོང་ལ་རྩོམ་ཡོན་ཡང་སྒོར་མོ་འགའ་འདུག་པས་ང་ཧ་ཅང་དགའ་ཞིང་། དེ་ནས་བཟུང་ཉིན་རེ་བཞིན་རྩོམ་འདྲ་མི་འདྲ་བྲིས་ཏེ་རྩོམ་ཡག་པོ་ཞིག་འབྲི་ཐུབ་པར་ཤུགས་བརྒྱབ་པ་ཡིན། ཁྱེད་ཀྱིས་སྙན་ངག་ཡག་པོ་ཞིག་འབྲི་དགོས་ན་སྙན་ངག་ལེགས་པོ་མང་པོ་བློར་འཛིན་དགོས་པར་བརྗོད་པས། ངས་འཇུ་སྐལ་བཟང་གི་སྲོལ་རྒྱུན་སྙན་ངག་གང་མང་བློར་བཟུང་ཞིང་། ཡང་ངས་རང་མོས་སྙན་ངག་མི་གོ་བར་བརྗོད་དུས་ཁྱེད་ཀྱིས་རང་མོས་སྙན་ངག་གོ་དགོས་ན་ཐོག་མར་རང་ཉིད་ཀྱིས་འབྲི་ཤེས་དགོས་ཞེས་བརྗོད་པས་ངས་ཧུར་ཐག་གིས་ལྗང་བུ་སོགས་ཀྱི་སྙན་ངག་ལ་དཔེར་བལྟས་ནས་ལད་ཟློས་ཀྱིས་རང་མོས་སྙན་ངག་བྲིས་ནས་འབད་བརྩོན་བྱས་པ་ཡིན། སྐབས་ཤིག་ལ་ཁྱེད་ཀྱི་རམ་འདེགས་དང་ལྟ་སྐྱོང་འོག ང་དང་སྐལ་ལྡན་རྒྱ་མཚོ་གཉིས་ཀྱིས་རྩོམ་སྒྲིག་བྱས་ཏེ་«ཕྱིང་དཀར་ལྷུན་པོའི་མིག་ཆུ་»ཞེས་པའི་བོད་ཀྱི་ན་ཆུང་བཙུན་པའི་སྣུམ་དཔར་ཚགས་ཤོག་ཐོག་མ་ཡིན་པ་ཞིག་ཀྱང་བཏོན་མྱོང་། དེ་ལྟར་སློབ་འབྲིང་གི་འཛིན་གྲྭའི་ནང་གི་ཐ་མ་སྟེ་ཚིག་ཡག་པོ་ཞིག་ཀྱང་བསྒྲིག་མི་ཤེས་པའི་ང་རྩོམ་འབྲི་རྒྱུར་དགའ་བའི་རིག་གནས་པ་ཆུང་ཆུང་ཞིག་ཏུ་གྱུར།
ད་དུང་ཁྱེད་ཀྱིས་ནམ་རྒྱུན་སྟག་འབུམ་རྒྱལ་གྱིས་སྒྲུང་ཅི་ལྟར་བྲིས་པ་དང་། རྩོམ་སྒྲིག་ཁང་ལ་ཐེངས་དུ་ལ་བསྐུར་ནས་ད་གཟོད་འགོད་ཐུབ་པ་བྱུང་བ། རྒྱ་གྲོལ་གྱི་རྩོམ་རྩལ་ཇི་འདྲའི་མཐོ་བ་དང་། ལྗང་བུའི་རང་མོས་སྙན་ངག་ལ་གོ་བ་ཟབ་མོ་ཡོད་ཚུལ། གཞན་ཡང་བཀྲ་ཤིས་ཟླ་བ་དང་བཀྲ་ཤིས་དཔལ་ལྡན་སོགས་དེང་རབས་རྩོམ་པ་པོ་རྣམས་ལ་གདེང་འཇོག་དང་ཁོང་རྣམ་པའི་རྩོམ་རིག་གི་བྱ་བཞག་ཁྲོད་བྱུང་བའི་ངོ་མཚར་བའི་གཏམ་རྒྱུད་འདྲ་མིན་གསུངས་ཡོང་ལ། ང་ཡང་ཐེངས་མང་པོར་ཁྱེད་ཀྱི་རྗེས་སུ་འབྲངས་ནས་སོང་སྟེ་ཤེས་ཡོན་པ་མང་པོ་ལ་མཇལ་མྱོང་། ཁྱེད་ཚོས་རིག་གཞུང་གི་སྐོར་ནས་གླེང་མོལ་དང་བགྲོ་གླེང་གནང་དུས་ངས་ཁུ་སིམ་མེར་ཉན་ནས་བསྡད་པ་ཡིན། ཐེངས་ཤིག་རྫོང་ཐོག་གི་མགྲོན་ཁང་ཞིག་ཏུ་ཁྱེད་དང་རྒྱ་གྲོལ། བྱ་གཞུང་དབྱངས་བྷ། ད་དུང་མི་སྐྱའི་དེང་རབས་སྙན་ངག་གི་རྩོམ་པ་པོ་ཞིག་དང་བཅས་ཀྱིས་མཉམ་དུ་གླེང་མོལ་བྱེད་དུས། ཁྱེད་ཀྱིས་རང་མོས་སྙན་ངག་ལ་བཅིངས་གྲོལ་སྙན་ངག་ཟེར་ན་མི་འགྲིག་ཚུལ་དང་དབྱངས་བྷ་དང་གཞན་དེ་གཉིས་ཀྱིས་འགྲིག་ཚུལ་བརྗོད་དེ་བགྲོ་གླེང་བྱས་ཤིང་། རྒྱ་གྲོལ་གྱིས་ཅི་ཡང་མི་སྨྲ་བར་ཁ་རོག་གེར་བསྡད་པར་ཁྱེད་ཀྱིས་རྒྱ་གྲོལ་ལ་“ད་ཁྱོད་ཀྱིས་ཀྱང་ཅིག་ཤོད་དང་”གསུངས་པའི་སྐབས་ལྟ་བུ་ལ་སོགས་ཀྱིས་ཀྱང་ང་རྩོམ་དང་རིག་གཞུང་ལ་དགའ་མཁན་ཞིག་ཏུ་གྱུར་བར་རམ་འདེགས་བྱས་ཡོད་པ་རེད།
ཉིན་ཞིག་ང་ཁྱེད་ཀྱི་ཤག་ཏུ་ཡོང་དུས་ཁྱེད་ཀྱིས་ཡིག་སྐོགས་ཤིག་ལག་ཏུ་བཟུང་ནས་མིག་ཆུ་གཏོང་བཞིན་བསྡད་འདུག ངས་ཅི་བྱུང་དྲིས་པར་ཁྱེད་ཀྱིས་“ཡིག་སྐོགས་སྟེང་གི་ཡི་གེ་འདིར་བལྟས་ནས་གློ་བུར་ཏུ་ནུ་བོ་དྲན་ནས་ཞེ་སྨྲེང་སོང་”ཞེས་བརྗོད་བྱུང་། ངས་བལྟས་ཚེ་ཡིག་སྐོགས་ཀྱི་གོང་གི་གཡོན་ཟུར་ལ་“ནུ་བོ་ཡེ་ཤེས་རྒྱ་མཚོས་”དང་འོག་གི་གཡས་ཟུར་ལ་“ཕུ་བོ་ཡེ་ཤེས་རྒྱ་མཚོ་ལ་སྤྲོད།” ཅེས་བྲིས་འདུག་པ་མཐོང་། ཉིན་དེར་ད་གཟོད་ངས་ཁྱེད་ཀྱི་མཚན་ལ་ཡེ་ཤེས་རྒྱ་མཚོ་ཡང་ཟེར་(ཁོང་གི་དགེ་ཚུལ་གྱི་མཚན་ལ་ཡེ་ཤེས་བཟང་བོ་ཟེར་མོད། ངྷི་ཚའི་ཨ་ཁུ་ཚང་གི་མདུན་ནས་དགེ་སློང་བསྒྲུབས་རྗེས་མཚན་ལ་ཡེ་ཤེས་རྒྱ་མཚོ་གསོལ་ཡང་། ནུ་བོ་དང་མིང་གཅིག་པའི་དབང་གིས་ཚང་མས་སྔར་ལྟར་ཡེ་ཤེས་བཟང་བོ་ཞེས་བོས་པ་རེད།)བ་ཤེས། དེ་ནས་ངེད་གཉིས་མཉམ་དུ་དགོན་འདབས་ཀྱི་སྤང་ཐོག་ཏུ་སོང་ནས་ལྷོད་གཡེང་བྱེད་པའི་སྐབས་སུ་ཁྱེད་ཀྱིས་ང་ལ་«ཕྱེ་ལེབ་དམར་བོ་»ཞེས་པའི་རང་མོས་སྙན་རྩོམ་ཞིག་བྲིས་བྱུང་ལ། བྲིས་ཚར་རྗེས་ཁྱེད་ཀྱིས་ང་ལ་སྐད་མཐོན་པོས་གྱེར་འདོན་བྱེད་དུ་བཅུག དེ་བཞིན་ཁྱེད་ཀྱིས་སྙན་ངག་མང་བོ་བྲིས་པ་དེས་ང་ཡང་སྙན་ངག་ལ་དགའ་བར་གྱུར།
ཁྱེད་ཀྱིས་སྒྲུང་གཏམ་མང་བོ་ཞིག་བྲིས་འདུག་ཅིང་། ང་ལ་ཡང་ཐེངས་གང་མང་ཞིག་ལ་མ་ཕྱི་བཤུ་འབྲི་བྱེད་དུ་བཅུག་མྱོང་། འོན་ཀྱང་རྩོམ་སྒྲིག་ཁང་གིས་ཁྱེད་ཀྱི་སྒྲུང་གཏམ་རྩོམ་རེ་གཉིས་ལས་དེབ་ཏུ་བཀོད་མ་སོང་། ཕྱིས་སུ་སྙན་ངག་འབྲི་རྒྱུར་དགའ་ཞིང་། དཔྱད་རྩོམ་ཡང་འབྲི་མཁན་ཞིག་ཏུ་གྱུར་སོང་། ཁྱེད་ཀྱིས་“«ཧི་མ་ལ་ཡའི་བཞད་སྒྲ་»དང་«མཐིང་སྨྲིག་སྦྲ་ཡི་གཏམ་རྒྱུད་»གཉིས་ནི་ངས་ཁྱིམ་གྱི་སྦྲ་ནང་ནས་ཉིན་གཅིག་ལ་ཤར་མར་བྲིས་པ་ཡིན་ལ། ཉིན་དེར་མུ་མཐུད་དུ་ད་དུང་དེ་འདྲ་མང་བོ་བྲིས་ནའང་ཡོང་ས་རེད་མོད་མ་བྲིས་”ཟེར། དཔྱད་རྩོམ་ཐོག་མར་རྩོམ་དེབ་ཏུ་བཀོད་དུས་དང་«སྦྲར་ཆར་»ཏུ་རྩོམ་ཡིག་ཐོག་མ་ཉིས་རྐང་མ་དེ་དག་བཀོད་དུས། «བསིལ་ཆར་ཐོག་མ་»ལ་རྩོམ་རིག་བྱ་དགའ་ཐོབ་པ་སོགས་ཁྱེད་རྩོམ་རིག་གི་ལམ་བུ་དེར་བསྐྱོད་པའི་སྐབས་ཀྱི་འགྲོ་རོགས་འདུག་རོགས་ཙམ་བྱས་པ་དེས་ཀྱང་ང་ནི་རང་དབང་མེད་པར་རྩོམ་རིག་ལ་དགའ་མཁན་ཞིག་ཏུ་བཏང་འདུག
ཁྱེད་ཀྱིས་ཁྲི་ཀ་ནས་ཕྱག་ལས་གནང་བཞིན་པའི་སྐབས་དེར་ངའི་ལྷུག་རྩོམ་ཞིག་«སྦྲང་ཆར་»གྱི་སྟེང་དུ་བཀོད་སོང་། ངས་ཁྱེད་ལ་དེ་ནི་ཁྱེད་ཀྱི་བཀའ་དྲིན་ཡིན་ཚུལ་དང་ངས་དེང་སྐབས་རྩོམ་རེ་འབྲི་ཤེས་པ་འདི་ཁྱེད་ཁོ་ནའི་བཀའ་དྲིན་ཡིན་པར་བརྗོད་དེ་སེམས་གཏིང་ནས་བཀའ་དྲིན་ཞུས་པ་ཡིན། ལོ་དེ་ཚོར། ང་ལ་རིག་གནས་དགེ་རྒན་ཞེས་མིང་གིས་འཛིན་ས་ཞིག་མེད་ཀྱང་ཁྱེད་ཡོད་པས་ང་རིག་གནས་པ་ཆུང་ཆུང་ཞིག་ཏུ་གྱུར་སོང་། ང་ལ་རང་ལ་དབང་བའི་དཔེ་ཆ་རྡོག་གཅིག་ཀྱང་མེད་ན་ཡང་ཁྱེད་ཡོད་པས་ངས་བོད་ཡུལ་གྱི་དེང་རབས་རྩོམ་རིག་ཕལ་ཆེ་བ་བཀླགས་ཐུབ་སོང་། ང་ལ་ངའི་སློབ་གྲྭ་དང་ངའི་འཛིན་གྲྭ་ཞེས་བརྗོད་ས་ངེས་ཅན་ཞིག་མེད་ན་ཡང་ཁྱེད་ཡོད་པས་སློབ་གྲྭའི་སྦྱང་བྱ་བོད་ཀྱི་སྐད་ཡིག་གི་སྐོར་མི་ཉུང་བ་ཞིག་རྟོགས་སོང་།
ལེགས་པའི་ལམ་སྟོན་དགེ་བའི་བཤེས་གཉེན།
ཁྱེད་ཀྱིས་རང་གི་བླ་མ་ནི་སངས་རྒྱས་དངོས་ཤིག་ཏུ་བཟུང་འདུག་སྟེ། བླ་མའི་གསུང་ནི་ཆུ་སྣ་གར་ཁྲིད་དང་མཛུབ་མོས་གར་བསྟན་ཤར་ཞེས་པ་བཞིན་དུ་བརྩི་མཁན་ཞིག་ཡིན་ལ། དགེ་རྒན་རྣམས་ཀྱང་སངས་རྒྱས་ཀྱི་སྤྲུལ་བ་དངོས་སུ་ཡིད་ཆེས་བརྟན་པོ་ཡོད་དེ། ཁྱེད་ཀྱིས་གྲྭ་བ་ག་གེ་མོ་ཞིག་དང་རྩོད་གླེང་བྱས་ཏེ་གྲྭ་བ་དེས་མཐའ་མར་བརྩད་ནས་མ་ཐུབ་པར་ཨ་ལགས་ཚང་གིས་དེ་ལྟར་གསུངས་ཀི་ཞེས་བརྗོད་ཚེ་ཁྱེད་ལམ་སེང་ཁ་རོག་གེར་འདུག་པ་རེད། དེའི་ཕྱིར་ནམ་རྒྱུན་ཁྱེད་དང་རྩོད་གླེང་བྱེད་རྒྱུར་དགའ་བའི་གྲྭ་བ་འགས་ཁྱེད་ལ་ཁོང་རིག་གིས་དེ་ལྟར་གསུངས་ཀི་དང་ཨ་ལགས་ཚང་གིས་དེ་ལྟར་གསུངས་ཀི་ཞེས་བརྗོད་དེ་ཕམ་ཁ་བྱིན་པ་ཡང་བགྲང་གིས་མི་ལང་། ནམ་རྒྱུན་ངག་ལས་ཀྱང་རང་གི་བླ་མའི་ཡོན་ཏན་རྐྱང་རྐྱང་བརྗོད་པ་དང་བླ་མའི་ཐུགས་དགོངས་དཀྲུགས་ཤིང་བླ་མའི་མཚན་སྙན་ལ་གནོད་པའི་བྱ་བ་ཏིལ་འབྲུ་ཙམ་ཡང་བྱས་མ་མྱོང་ཞིང་མི་བྱེད་པ་སོགས་ལུས་ངག་གི་སྤྱོད་ལམ་རྣམ་དག་དེ་དག་གིས་བདག་ལ་ཡང་རང་གི་བླ་མ་ལ་སངས་རྒྱས་དངོས་ཀྱི་ཡིད་ཆེས་སླེབས་པར་གྲོགས་བྱས་ཡོད་ལ། ཁྱེད་ཀྱིས་བདག་ལ་ནམ་རྒྱུན་“ཁྱེད་ཚང་གི་ཨ་ཁུ་ནི་བྱང་ཆུབ་སེམས་དཔའ་དངོས་རེད། གཏན་ནས་སྤོ་ལངས་རྒྱུ་ཡོད་ནི་མ་རེད་ལ། མི་བཟང་ཡིན་ནི་རེད།” ཅེས་སོགས་དངོས་སུ་བྱུང་བའི་གནས་ཚུལ་དང་སྦྱར་ནས་གསུངས་ཤིང་། དགེ་སློབ་ཀྱི་དམ་ཚིག་ལ་གནོད་པར་འགྲོ་བའི་ཚིག་ཅིག་དུས་གཏན་དུ་སྨྲས་མ་མྱོང་བ་དེས་ང་རང་གི་དགེ་རྒན་ལ་དད་པ་དང་ཡིད་ཆེས་བརྟན་པོ་ཞིག་ཆགས་པར་རྨང་བཏིང་ཡོད། དེ་ལྟར་ང་ལ་བཤེས་གཉེན་བསྟེན་ཚུལ་ལེགས་པོ་ཞིག་འབྱུང་བ་ལ་ཁྱེད་ཀྱིས་ཀྱང་རྒྱུ་རྐྱེན་གང་མང་ཞིག་བསྐྲུན་ཡོད་པ་འདི་ནི་སྒྱུ་མའི་རོལ་བར་སྣང་བའི་སངས་རྒྱས་ཀྱི་རྣམ་འགྱུར་ཞིག་མིན་ཞེས་སུ་ཡིས་ཁ་ཚོན་གཅོད།
རྒྱ་ལོའི་ཚེས་གཅིག་གི་ཉིན་ཞིག་ལ། ཁྱེད་ཀྱིས་ཉིན་གང་བོར་དཔེ་རིང་ཞིག་ལ་གཟིགས་ནས་སློབ་གཉེར་གནང་བྱུང་། ངས་རྒྱུ་མཚན་དྲིས་པར། ཁྱེད་ཀྱིས་རྒྱ་ལོའི་ཚེས་གཅིག་གི་ཉིན་ལ་ཅི་བྱས་ན་ལོ་གཅིག་པོར་དེ་བྱེད་ཐུབ་པའི་རྟེན་འབྲེལ་ཡོད་པ་རེད། དེའི་ཕྱིར་ངས་ད་ལོ་ལོ་གང་བོར་ཆོས་ལ་སློབ་གཉེར་བྱ་ཐུབ་པའི་ཆེད་ཡིན་གསུངས་བྱུང་། དེ་ནས་བཟུང་ངས་ཀྱང་ལོ་རེ་རེའི་རྒྱ་ལོའི་ཚེས་གཅིག་ལ་ངེས་པར་དགེ་བ་རེ་བསྒྲུབས་ཤིང་དཔེ་བལྟས་ཏོག་ཙམ་ཡིན་ཡང་བྱས་པ་ཡིན་ལ། ད་ལྟ་ཡང་དེ་བཞིན་བྱེད་ཀྱིན་ཡོད། གཞན་ཡང་ཁྱེད་ཀྱིས་ཡ་མཚར་དང་ཡིད་སྨོན་གྱི་ཉམས་ཀྱིས་དགེ་ཆོས་ཀྱིས་རྒྱན་འཇུག་གཉིས་ཀ་ཁ་ཏོན་བྱེད་པའི་ཁྱད་ཆོས་སོགས་བརྗོད་པ་དེས་ང་ཡང་བློ་འཛིན་ལ་དགའ་བ་ཞིག་ཏུ་གྱུར་ཅིང་། རང་འགུལ་གྱིས་གཞུང་ཆེན་གྱི་རྩ་བ་འགའ་བློར་བཟུང་མྱོང་ལ། ད་ལྟ་ཡིན་ཡང་རྒྱན་སོགས་ཁ་ཏོན་བྱེད་པར་གོམས། ང་ལ་ཚད་མའི་གཞུང་ལ་སྦྱངས་པར་བསྐུལ་བ་ཡིན་ནམ། ཉིན་ཞིག་ཁྱེད་གློ་བུར་ཆོས་རར་ཕེབས་ནས་བསྡུས་གྲྭ་ངོ་ཙམ་ཤེས་པའི་ང་ལ་བློ་རིག་སྐོར་གྱི་བཅད་ཤེས་ནས་རྟགས་གསལ་ཞིག་བཏང་རྗེས་ཕྱིར་ཕེབས་སོང་། དེ་བཞིན་ཁྱེད་ཀྱིས་ནམ་རྒྱུན་གཞུང་ཆེན་བཀའ་པོད་ལྔ་བོ་གལ་ཆེན་ཡིན་ཚུལ་དངོས་ཤུགས་བརྒྱུད་གསུམ་ནས་གསུངས་ཤིང་བསྟན་པ་དེས་བདག་ལ་གཞུང་ཆེན་ལ་སྦྱངས་འདོད་ཀྱི་འདུན་པ་འགོག་མེད་ཅིག་བསྐྲུན་ཡོད།
ཉིན་ཞིག་རྩོམ་པ་པོ་གངས་ཞུན་ཁྱེད་ཚང་ལ་སླེབས་ཤིང་ཁྱེད་གཉིས་ཀྱིས་ཚ་ཐབ་སྟེང་དུ་སྤྲོ་སྣང་དོད་པོས་སྟོང་ཉིད་ཀྱི་སྐོར་གླེང་དུས་ཁྱེད་ཀྱིས་ཁོ་ལ་རྗེ་བཙུན་ཤེས་རབ་སེང་གེས་སྐྲག་སྔངས་ཀྱིས་རང་གི་གོང་བར་འཇུ་བར་ཀུན་རྫོབ་བདེན་པ་གོང་བར་བཞག་ཅེས་པ་སོགས་བརྗོད་བྱུང་བ་དེ་ནི་ངས་ཐོག་མར་རྣམ་ཐར་དེ་གོ་བའི་སྐབས་ཡིན་ལ། ང་ལ་སྟོང་ཉིད་ནི་གལ་ཆེན་ཞིག་ཡིན་པ་དང་དེའི་སྐོར་ལ་ངེས་པར་སྦྱངས་དགོས་པའི་བག་ཆགས་ཟབ་མོ་ཞིག་ཀྱང་བཞག་བྱུང་། ད་དུང་ཁྱེད་ཀྱིས་ནམ་རྒྱུན་རྗེ་བཙུན་མི་ལའི་གསུང་མགུར་ལས། ཕར་ཕྱིན་ཕར་ཕྱིན་ངས་མི་ཤེས།། འཁོར་བའི་ཕ་རོལ་ཕྱིན་ན་ཕར་ཕྱིན་ཡིན།། འདུལ་བ་འདུལ་བ་ངས་མི་ཤེས།། རང་སེམས་གྱོང་བོ་འདུལ་ན་འདུལ་བ་ཡིན་ཞེས་ངག་ནས་སྐྱོར་བ་ད་ལྟ་ད་དུང་ཡང་ངའི་སེམས་ལ་འཇགས་ནས་འདུག་ལ། འདིས་རྟག་པར་བདག་ལ་གཞུང་ཆེན་ལ་སློབ་གཉེར་བྱས་པ་ཙམ་མ་ཡིན་པར་གཙོ་བོར་རྒྱུད་ལ་སྦྱོར་རྒྱུ་གལ་ཆེ་བའི་དྲན་གསོ་བཏང་ཡོང་།
«བརྒྱད་སྟོང་བ་»ལས། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་གང་རྣམས་ལགས་པར་རིག་པར་བགྱི་ཞེས་དྲི་བ་གསོལ་བར། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ། གང་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་འདོམས་ཤིང་རྗེས་སུ་སྟོན་པ་རྣམས་དང་། གང་དེ་དག་ལ་བདུད་ཀྱི་ལས་རྣམས་ཉེ་བར་སྟོན་པ་སྟེ། བདུད་ཀྱི་ཉེས་པ་ནི་འདི་ལྟ་བུར་རིག་པར་བྱ། བདུད་ཀྱི་ཉེས་པ་ནི་འདི་དག་ཡིན། བདུད་ཀྱི་ལས་ནི་འདི་དག་ཡིན་པར་རིག་པར་བྱ། བདུད་ཀྱི་ལས་འདི་དག་ཁྱེད་ཀྱིས་རྟོགས་ནས་སྤང་བར་བྱའོ་ཞེས་བྱ་བ་སྟེ། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་དགེ་བའི་བཤེས་གཉེན་རྣམས་སུ་རིག་པར་བྱའོ་ཞེས་གསུངས་པ་ལྟར། ང་བྱང་ཆུབ་སེམས་དཔའ་ཞིག་གཏན་ནས་མིན་ཡང་། ཁྱེད་ནི་ང་ལ་མཚོན་ན་མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་ཏེ། སྟོན་པ་ཐུགས་རྗེ་ཅན་དེས་བདག་གི་བློ་ཁ་དང་མཐུན་པར་སྒྱུ་མའི་རོལ་བ་བཟུང་བའི་མི་ཡི་རྣམ་ཅན་ཞིག་མིན་ཞེས་སུ་ཡིས་བརྗོད་ཐུབ།
ངས་ནམ་རྒྱུན་གཞུང་དཔེ་བཀླགས་ནས་ཚིག་གི་དོན་ཙམ་བདེ་བླག་ངང་གོ་ཡོང་དུས་ཀྱང་ཡིད་ལ་ཁྱེད་ཀྱི་བཀའ་དྲིན་དྲན་ཡོང་། ཁྱེད་ཀྱི་སྐུ་དྲིན་ལ་བརྟེན་ནས་ཆུང་དུས་ནས་ཀློག་བྲིས་ལ་གོམས་པས། ད་ལྟ་ཡིན་ན་གཞུང་ཆེན་མང་པོ་རང་གིས་བཀླགས་ཏེ་སློབ་གཉེར་བྱེད་ཐུབ་པར་གྱུར་འདུག འདི་ཡང་ཁྱེད་ཀྱི་བཀའ་དྲིན་ཡིན། མདོར་ན་ངའི་སྟེང་གི་ཆོས་རིག་གི་ཡོན་ཏན་གང་ཞིག་ཡིན་ཡང་ཁྱེད་ལ་བརྟེན་ནས་མ་བྱུང་བ་གཅིག་ཀྱང་མེད་ལ། ཚང་མ་ཁྱེད་ཀྱིས་ཐབས་དང་རིག་པས་དངོས་ཤུགས་བརྒྱུད་གསུམ་ནས་ང་ལ་བསྩལ་བ་ལྟ་བུར་གྱུར་འདུག དེའི་ཕྱིར་ཁྱེད་ནི་ངའི་ཆེད་དུ་མི་ཡི་རྣམ་པར་བྱོན་པའི་སྟོན་པ་ཐུགས་རྗེ་ཅན་དེ་མིན་ན་སུ་ཞིག་ཡིན།
ད་ཐེངས་ཁྱེད་འདི་ལྟར་གློ་བུར་ཏུ་གཤེགས་པ་འདིས་ཀྱང་ང་ལ་ཆོས་ཟབ་མོ་ཅི་ཞིག་བརྗོད་ཀྱིན་ཡོད་ལ། དོན་གལ་ཆེན་གང་ཞིག་སྟོན་གྱིན་ཡོད། ངས་ཀྱང་ཉིན་རྟག་པར། ལྷ་བླ་མ་དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱིས་ཞུ་བ་འབུལ་བཞིན། ཆོས་སྲུང་མའི་དཔུང་གི་ཚོགས་ཀུན་བདེན་སྟོབས་ཀྱི་གྲོགས་སུ་བཀུག་ནས། རླབས་ཆེན་གྱི་ཚོགས་བཟང་བསགས་ཏེ་ཁྱེད་མཇལ་བའི་རྟེན་འབྲེལ་སྒྲིག་བཞིན། བདག་གི་གྲོགས་ཀྱང་ཡིན་ལ་བདག་གི་རྒན་ཡང་ཡིན་ཞིང་། བདག་གི་སྐྱབས་ཀྱང་ཡིན་པའི་སྟོན་པའི་སྤྲུལ་བ་སྒྱུ་མའི་རྣམ་པར་རོལ་བ་གང་དེ་མྱུར་བ་མྱུར་བར་མཇལ་བར་ཉིན་དང་མཚན་ལ་བསྒུགས་ནས་བསྡད་ཡོད་ཀྱེ།
གཞན་ཡང་སྐྱེ་བ་ནས་སྐྱེ་བར། ཚེ་རབས་ནས་ཚེ་རབས་བར། ཁྱེད་ཀྱིས་སྐྱེ་བ་འདི་བཞིན། བདག་ལ་གྲོགས་པོ་བཞིན་བརྩེ་བར་ཤོག བདག་ལ་སློབ་བུ་བཞིན་བསྐྱང་བར་ཤོག བདག་ལ་གདུལ་བྱ་བཞིན་བསྐྱབ་པར་ཤོག་ཅིག