རྒྱ་གར་ཨུ་ཌུ་ར་ཁན་མངའ་སྡེ་གཞུང་གི་བཀོད་ཁྱབ་ལམ་སྟོན་འོག་མ་སུ་རི བོད་ཁྱིམ་ནས་ཟླ་༢་ཙམ་རིང་གུང་གསེང་གཏོང་རྒྱུ་ཡིན་འདུགདེ་རིང་ཕྱི་ཚེས་ ༡༤ ཉིན་མ་སུ་རི་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་རྒྱ་གར་གྱི་ཨུ་ཌུ་ར་ཁན་མངའ་སྡེ་(Uttrakand) གཞུང་གི་ཏོག་དབྱིབས་ནད་རིམས་དང་འབྲེལ་བའི་ལམ་སྟོན་འོག ཛ་དྲག་ཚོགས་འདུ་ཞིག་བསྐོངས་ཏེ་མ་སུ་རི་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་གྲྭ་ཁག་གནས་སྐབས་རིང་ཟླ་ ༢ ཙམ་ལ་སྒོ་རྒྱག་རྒྱུའི་ཐག་གཅོད་བྱུང་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༦ ནས་ཚེས་ ༢༠ ཉིན་བར་དུ་ ཁྱིམ་བདག་རྣམས་སློབ་ཕྲུག་ཚོ་ལེན་དུ་ཡོང་བའི་བརྡ་ཁྱབ་སྤེལ་འདུག
མ་སུ་རི་བོད་ཁྱིམ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཏེ་རེས་གཟའ་ཟླ་བ་ནས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བར་དུ་གནས་སྐབས་སུ་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་པ་དང་། སློབ་གྲྭ་སྒོ་རྒྱག་རྒྱུའི་གནད་དོན་ཐད་གྲོས་བསྡུར་ལྷུག་པོར་བྱས་མཐར་སྤྱི་མོས་ཐོག ཟླ་གཉིས་རིང་སློབ་གྲྭ་སྒོ་རྒྱག་རྒྱུའི་ཐག་གཅོད་བྱུང་བ། སློབ་སྒོ་བརྒྱབ་རིང་གི་སློབ་ཚན་རྣམས་སློབ་ཕྲུག་ཚོར་ཆ་ཚང་ཐོབ་ཐབས་སུ་དབྱར་ཁའི་གུང་གསེང་དང་དགུན་ཁའི་ཟླ་གཉིས་ཀྱི་གུང་གསེང་རྣམས་སྤྱད་དེ་ཁ་གསབ་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག
འདི་ག་གསར་འགོད་པས་ཁ་པར་བརྒྱུད་མ་སུ་རི་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་ལས་རོགས་དགེ་འདུན་རིན་ཆེན་ལགས་སུ་སློབ་གྲྭ་སྒོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་དྲིས་པར་ཁོང་གིས། དེ་རིང་སྔ་དྲོར་སློབ་གྲྭའི་འཛིན་སྐྱོང་ཚོགས་མི་དང་སློབ་གྲྭའི་འགན་འཛིན་ཚོ་མཉམ་འཛོམས་ཐོག་ཚོགས་འདུ་ཞིག་འཚོགས་པ་ཡིན། གཅིག་ནས་ཁ་སང་ཨུ་ཌུ་ར་ཁན་མངའ་སྡེ་ (Uttrakand) གཞུང་ནས་དུས་ཡུན་ངེས་ཅན་ཞིག་གི་ནང་སློབ་གྲྭ་ཁག་ཚོགས་མི་ཆོག་པའི་གསལ་བསྒྲགས་ཤིག་བཏང་འདུག དེ་སྔོན་གཞུང་ཕྱོགས་ནས་གསལ་བསྒྲགས་དེ་འདྲ་གང་ཡང་མེད་པ་དང་ཉེ་འཁོར་གྱི་སློབ་གྲྭ་དེ་ཚོ་སྒོ་བརྒྱབ་མེད་སྟབས། ང་ཚོ་བོད་པའི་སློབ་གྲྭ་གཅིག་པུ་སྔོན་ལ་སྒོ་བརྒྱབ་ཚེ། རྗེས་མ་མ་སུ་རི་ཕྱོགས་སུ་ནད་གཞི་བསླེབས་པ་སོགས་བྱུང་ན་བོད་པས་ཁྱེར་ནས་ཡོང་བ་རེད་ཅེས་ནག་ཉེས་ཕོག་པའི་ཉེན་ཀ་ཡོད་པས་ང་ཚོས་སྒོ་བརྒྱབ་ཡོད་པ་མ་རེད། ད་ལྟ་མངའ་སྡེ་གཞུང་ནས་གསལ་བསྒྲགས་ཤིག་གནང་ཡོད་པ་དང་། ཉེ་འཁོར་གྱི་སློབ་གྲྭ་ཁག་གི་ནང་སློབ་མ་ཚོ་ཕྱིར་སོ་སོའི་ནང་དུ་ལོག་གཏོང་གི་འདུག་སྟབས། དེ་རིང་ཛ་དྲག་གི་ཚོགས་འདུ་འཚོགས་ཏེ་ཟླ་གཅིག་ཙམ་རིང་ནད་གཞི་དེ་ཐག་གཅོད་ཐུབ་རྒྱུ་ཁག་པོ་ཡིན་པ་ཚོད་དཔག་བྱས་ཏེ་ཟླ་གཉིས་རིང་གུང་གསེང་གཏོང་རྒྱུ་ཐག་གཅོད་བྱས་པ་རེད། ཅེས་གསུངས་བྱུང་།
ཡང་སློབ་གྲྭའི་ནང་གནས་སྐབས་སུ་ཁྱིམ་དུ་ལོག་ས་མེད་མཁན་ཚོའི་གནད་དོན་ལ་ཐག་གཅོད་ཅི་བྱུང་དྲིས་པར་ཁོང་གིས། ང་ཚོའི་ཐོ་གཞུང་ནང་ཡོད་པའི་ཕ་མ་སྤུན་མཆེད་ཡོད་མཁན་ཚོ་དང་ནམ་རྒྱུན་གུང་གསེང་ལ་ལེན་མཁན་ཡོད་མཁན་གྱི་སློབ་མ་ཚོ་ཚང་མ་གུང་གསེང་ལ་ལེན་རོགས་ཅེས་རེ་སྐུལ་ཞུ་ཡི་ཡོད། དེ་ནས་ནམ་རྒྱུན་ནས་གུང་གསེང་ལ་འགྲོ་ས་མེད་མཁན་དང་ཕ་མ་སྤུན་མཆེད་རྒྱ་གར་ནང་མེད་མཁན་སློབ་ཕྲུག་བརྒྱ་སྐོར་ཞིག་ཡོད་པ་ཚོ་ང་ཚོས་བདག་པོ་དང་ལྟ་རྟོག་བྱ་ཡི་ཡིན་པ་རེད། ཁོང་ཚོར་དེ་འདྲའི་ཛ་དྲག་གི་གནས་སྟངས་ཤིག་ཡོང་སྲིད་པ་ཞིག་མིན་ནའང་། ཟླ་གཉིས་གསུམ་གྱི་ཟ་ཆས་གཉེར་ཚང་ལ་བསྡུ་རུབ་བྱེད་པ་དང་སྨན་ཁང་ལ་སྨན་སོགས་འདང་ངེས་ཤིག་སྔོན་ནས་ཉོ་རྒྱུ་སོགས་ལ་གྲ་སྒྲིག་བྱེད་ཀྱི་ཡོད། ཅེས་གསུངས་བྱུང་།
དེ་རིང་མ་སུ་རི་སློབ་གྲྭའི་དགེ་རྒན་དང་ཁྱིམ་ཚང་སོ་སོའི་ཕ་མ་ཚོ་ཚོགས་འདུ་འཚོག་གི་ཡོད་འདུག་ལ། སང་ཉིན་གཟའ་ཉི་མར་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་ཚོ་ཚོགས་འདུ་འཚོགས་ཏེ། ཟླ་གཉིས་རིང་གི་གུང་གསེང་སྐབས་སློབ་ཕྲུག་ཚོས་སློབ་དེབ་རང་ཁྱིམ་དུ་ཁྱེར་ནས་རང་སྦྱོང་བྱེད་པ་དང་། བློར་འཛིན་བྱེད་པ་སོགས་འཛིན་གྲྭའི་བྱེད་སྒོ་རྣམས་གསུམ་གྱི་ནང་ལས་བྱས་ནས། ཕྱིར་སློབ་གྲྭ་འཚོག་སྐབས་སློབ་ཕྲུག་སོ་སོས་བྱས་པའི་ནང་ལས་ལ་གཞིར་བཞག་ཐོག་སྐར་མ་རྣམས། ལོ་འཁོར་ཡིག་རྒྱུགས་ཀྱི་བརྒྱ་ཆའི་ནང་བསྡོམས་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་མིའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས། གཏན་སློབ་ཁག་གི་སློབ་ཕྲུག་ཚོ་མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བའི་ཆེད་ཟླ་རེའི་རེས་གཟའ་སྤེན་པ་གཉིས་པ་གཙོས་གུང་སེང་ནམ་ཡིན་ལ་སློབ་གྲྭའི་ཕྱི་རོལ་ཏུ་བསྐྱོད་ཐལ་རིགས་གནང་མ་དགོས་པ་གཙོ་འདོན་བྱེད་དགོས་སྐོར་ཀྱི་བཀོད་ཁྱབ་ཞིག་བཏང་ཡོད་པ་རེད་ལ། ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་ནས་རྒྱལ་ཡོངས་སུ་ཚོགས་འདུ་དང་ཟབ་སྦྱོང་སོགས་ཚུད་པའི་འདུ་འཛོམས་བྱེད་པའི་ལས་རིགས་མཚམས་འཇོག་དགོས་པའི་བརྡ་ཁྱབ་ཅིག་སྤེལ་ཡོད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།