རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དེ་འཛམ་གླིང་གི་མི་གྲངས་འབུམ་ ༥ ལྷག་ལ་འགོས་པ་དང་མི་ཁྲི་ ༢ ལྷག་འདས་གྲོངས་སུ་ཕྱིན་ཚར་ཡོད་པ་རེད།
དེ་རིང་ཨ་རིའི་མངའ་སྡེ་མེ་རི་ལེན་ཌིར་རྟེན་གཞི་བྱས་པའི་ཇོན་ཧོབ་སི་ཀིན་གཙུག་ལག་སློབ་གྲྭའི་ཏོག་དབྱིབས་ནད་ཡམས་ཞིབ་འཇུག་ལྟེ་གནས་ཁང་གིས་བཏོན་པའི་གྲངས་ཐོ་ལྟར་ན། དེ་རིང་སྔ་དྲོའི་བར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༡༧༦ ནང་ཁྱོན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པའི་གྲངས་ ༥,༣༢,༢༥༣ ལ་འགོས་ཟིན་ཡོད་པའི་ཁྲོད་ནས། ཨ་རིའི་ནང་ནད་པ་གྲངས་ ༨༥,༨༤༠ ལ་འཕར་སྟེ། རྒྱ་ནག་(༨༡,༧༨༢)དང་ཨི་ཊ་ལིའི་(༨༠༥༣༩ )ནད་གྲངས་ལས་བརྒལ་ཏེ་འཛམ་གླིང་ནང་གི་ཏོག་དབྱིབས་ནད་པ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་ཀྱང་། ནད་པའི་འདས་གྲངས་ ༡,༣༠༠ ཡིན་པས་ད་དུང་རྒྱ་ནག་(༣,༢༩༡)དང་ཨི་ཊ་ལི་(༨,༢༡༥)ལས་གང་འཚམ་གྱིས་ཉུང་བ་ཡོད་འདུག
ཁ་སང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཨ་རིར་ཏོག་དབྱིབས་ནད་གྲངས་མང་པོ་ཐོན་དགོས་དོན་ནི། ཨ་རིས་མི་གྲངས་ཕོན་ཆེན་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་རྒྱུ་མཚན་གྱིས་ཡིན་སྐོར་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བཤད་པའི་ནད་པའི་གྲངས་འབོར་ལ་དོགས་སློང་གི་ཚུལ་དུ། ཁྱེད་ཀྱིས་རྒྱ་ནག་ནང་ནད་པ་གྲངས་ག་ཚོད་ཡོད་མེད་ཤེས་ཀྱི་མ་རེད། ཤེས་རྒྱུ་ཡང་ཁག་པོ་རེད། ཅེས་གསུངས་ཡོད་འདུག དེ་བཞིན་སྲིད་འཛིན་གཞོན་པ་མེག་པེན་སི་ (Mike Pence) ལགས་ཀྱིས་ཀྱང་། ད་ལྟའི་ཆར་ཨ་རིའི་མངའ་སྡེ་ ༥༠ ནང་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད་པ་དང་། ད་བར་རྒྱལ་ཡོངས་ནང་མི་གྲངས་ ༥,༥༢,༠༠༠ ལས་མང་བར་བརྟག་དཔྱད་བྱས་ཡོད་སྐོར་བརྗོད་ཡོད་འདུག
འདས་པའི་བདུན་ཕྲག་འགའ་ཤས་རིང་ནས་ཨ་རིའི་ནང་གི་ཏོག་དབྱིབས་ནད་པའི་གྲངས་འབོར་དེ་ཚད་མཐོན་པོས་ཡར་འཕར་བཞིན་ཡོད་ཀྱང་། སྲིད་འཛིན་ཊོམ་ཕུ་མཆོག་ནས་གསར་འགོད་གསལ་བསྒྲགས་སོགས་ཀྱི་སྟེང་ཁོང་གི་སྲིད་གཞུང་གིས་ཏོག་དབྱིབས་ནད་ཡམས་ལ་འགོག་རྒོལ་གྱི་ལས་འགུལ་ཚགས་ཚུད་སྤེལ་བཞིན་ཡོད་པ་མ་ཟད། ཡུན་རིང་མ་འགོར་བ་གནས་སྟངས་ཞི་འཇགས་འབྱུང་རྒྱུ་དང་། ཨ་རི་བ་རྣམས་གང་མགྱོགས་ཕྱིར་ལས་ཀའི་ནང་ཞུགས་དགོས་སྐོར་བརྗོད་ཡོད་པ་དེར་མང་ཚོགས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་མིན་ལ་ལྟོས་པར། ཁ་སང་གི་གསར་འགོད་གསལ་བསྒྲགས་སྟེང་ཊོམ་ཕུ་མཆོག་གིས། ཨ་རིའི་མི་མང་རྣམས་རང་གི་ལས་ཀའི་ནང་ཞུགས་དགོས་པ་དང་། ཨ་རི་ནི་རྨང་གཞི་དེའི་ཐོག་ནས་གྲུབ་པ་ཞིག་ཡིན་སྐོར་དང་། ཏོག་དབྱིབས་ནད་ཡམས་ཀྱིས་དོ་ཕོག་ཤུགས་ཆེར་ཐེབས་མེད་པའི་ས་ཁུལ་དག་སྔར་བཞིན་ལས་ཀའི་ནང་ཞུགས་ན་ཆོག་གི་ཡོད་སྐོར་གསུངས་ཡོད་འདུག་ལ། སྤྱིར་ཨ་རིའི་རྩ་ཁྲིམས་ནང་མི་མང་གི་བདེ་འཇགས་དང་སྟངས་འཛིན་བྱེད་ཕྱོགས་དེ་མངའ་སྡེ་གཞུང་གི་ལག་ཏུ་ཡོད་པ་ལས་དབུས་གཞུང་ལ་མེད་སྟབས། སྲིད་འཛིན་ཊོམ་ཕུ་མཆོག་ནས་ཨ་རིའི་མི་སེར་རྣམས་ཕྱིར་ལས་ཀར་ཞུགས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཙམ་ལས་བཀའ་བཀོད་གཏོང་ཆོག་གི་མེད་འདུག
ད་ལྟའི་ཆར་ཨ་རིའི་མངའ་སྡེ་ ༢༡ གིས་ཏོག་དབྱིབས་ནད་ཡམས་མི་འགོས་བའི་ཆེད་དུ་རང་གི་མི་མང་ཚོར་རང་ཁྱིམ་དུ་གཏན་སྡོད་བྱ་དགོས་པ་དང་། དོན་ཆེན་མ་ཡིན་པའི་ཚོང་དོན་རིགས་སྒོ་བརྒྱབ་དགོས་པའི་ལམ་སྟོན་བྱས་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་གི་ས་ཁུལ་ལམ་མངའ་སྡེ། ཡང་ན་ཞིང་ཆེན་བྱེ་བྲག་པའི་ཁྲོད་ནས་ཏོག་དབྱིབས་ནད་ཡམས་ཀྱིས་གནོད་སྐྱོན་ཤུགས་ཆེ་ཤོས་ཐེབས་པའི་ས་ཁུལ་ནི། ནད་ཡམས་འདིའི་འབྱུང་ཁུངས་རྒྱ་ནག་ཧེ་པེ་ཞིང་ཆེན་ནང་ནད་པ་ ༧༦,༨༠༡ དང་། དེའི་རྗེས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སི་གཉིས་ཡིན་འདུག དེ་ཡང་ནེའུ་ཡོག་གྲོང་ཁྱེར་ལྟ་བུར་མཚོན་ན་ད་བར་ཏོག་དབྱིབས་ནད་པ་ ༣༩,༡༤༠ ཐོན་ཡོད་ཅིང་། ནེའུ་ཇར་སིར་ནད་གྲངས་ ༦,༨༧༦ ཡོད་འདུག ཁ་སང་ཉིན་གཅིག་ནང་ནེའུ་ཡོག་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཏོག་དབྱིབས་ནད་པ་ ༡༠༠ འདས་གྲོངས་དང་། ནད་པ་གསར་པ་ ༦,༥༠༠ ལྷག་ཐོན་ཡོད་སྟབས། འཛམ་གླིང་ཏོག་དབྱིབས་ནད་ཡམས་ཀྱི་ལྟེ་བ་དེ་ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཨི་ཊ་ལི་དང་། ད་ལྟ་ཨ་རི་ཆགས་ཡོད་འདུག འདས་པའི་བདུན་ཕྲག་འགའི་རིང་ཏོག་དབྱིབས་ནད་ཡམས་ཀྱིས་ཨ་རིའི་དཔལ་འབྱོར་ཙམ་མ་ཟད། ཐ་ན་ཚ་ཚ་འུར་འུར་དུ་འགྲོ་བཞིན་པའི་ལོ་རྗེས་མའི་་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་བགྲོ་གླེང་སོགས་ཀྱང་གནས་སྐབས་མེད་པ་ཆགས་ཡོད་འདུག
དེ་བཞིན་ཁ་སང་ཨ་རིའི་གཞུང་གི་ངལ་རྩོལ་ཚན་པའི་སྙན་ཐོ་ཞིག་བཏོན་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༢༡ བར་ཨ་རི་རྒྱལ་ཡོངས་ནང་མི་གྲངས་ས་ཡ་ ༣།༣ ལྷག་ལས་མེད་ཆགས་ཡོད་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ཁྲོད་དུས་ཡུན་ཐུང་ངུའི་རིང་ལས་མེད་ཆགས་པའི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་འདུག དཔལ་འབྱོར་དབྱེ་ཞིབ་པ་མང་པོས་དེ་སྔ་ནས་ཏོག་དབྱིབས་ནད་ཡམས་འདིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་དོ་ཕོག་ཤུགས་ཆེར་བཏང་སྟེ། སྔར་ཕྱི་ལོ་ ༢༠༠༨ ལོའི་དཔལ་འབྱོར་ཉམས་རྒུད་ཆེན་མོ་ལས་ཀྱང་ཚབས་ཆེ་བའི་དཔལ་འབྱོར་གནས་སྟངས་ལ་གྱར་སྲིད་སྐོར་གྱི་ཚོད་དཔག་དང་ཉེན་བརྡ་བཏང་ཡོད་པ་རེད།
ཇོན་ཧོབ་སི་ཀིན་གཙུག་ལག་སློབ་གྲྭའི་ཏོག་དབྱིབས་ནད་ཡམས་ཞིབ་འཇུག་ལྟེ་གནས་ཁང་གི་གྲངས་ཐོ་ལྟར་ན། ད་ལྟའི་བར་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་ཡམས་ཕོག་པའི་མི་གྲངས་ ༥,༣༢,༢༥༣ ཐོན་པའི་ཁྲོད་ནས། མི་གྲངས་ ༢༤,༠༧༢ རྐྱེན་འདས་སུ་སོང་ཡོད་ཀྱང་། ནད་པ་ ༡,༢༢,༦༢༧ ལྷག་དྲག་སྐྱེད་བྱུང་ཡོད་པ་རེད། རྒྱ་གར་ནང་མཚོན་ན། ད་བར་ཁྱོན་མངའ་སྡེ་དང་ཐད་སྐྱོང་ཁུལ་ ༢༧ ནང་ཁྱོན་ཏོག་དབྱིབས་ནད་པ་ ༦༧༧ ཐོན་པའི་ཁྲོད་ནས། ༦༧ དྲག་སྐྱེད་བྱུང་ཡོད་ཀྱང་། མི་གྲངས་ ༡༧ རྐྱེན་འདས་སུ་སོང་ཡོད་འདུག ད་ལྟའི་ཆར་རྒྱ་གར་གྱི་ཨ་རུ་ན་ཅལ་དང་། (Arunachal Pradesh) ཨ་སཱམ (Assam)། ཇར་ཁན་ཌི (Jharkhand)། མེ་གྷ་ལ་ཡ (Meghalaya)། ན་ག་ལེན་ཌི (Nagaland)། འབྲས་ལྗོངས (Sikkim)། ཏི་རི་པུ་ར་ (Tripura) བཅས་མངའ་སྡེ་ ༧ དང་། དྷ་དྷ་ར་ན་གར་ཧ་ཝེ་ལི་དྷ་མན་དང་དྷིའུ་ (Dadra and Nagar Haveli and Daman and Diu) དང་། ལག་ཤ་དྷིབ་ (Lakshadweep) བཅས་ཐད་སྐྱོང་གཉིས་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཕྱིན་མེད་པ་རེད།
གཞན་ཡང་། དེ་རིང་ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་ཞིག་སྤེལ་བའི་ནང་། ཁ་སང་ཡུ་རོབ་ཀྱི་རྒྱལ་ཁབ་སི་པན་ (Spain) དུ་ཉིན་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་ཕོན་ཆེན་ཐོན་སྟེ། རྒྱལ་ཡོངས་ནང་ཁྱོན་ཏོག་དབྱིབས་ནད་པའི་གྲངས་ ༥༦༡༨༨ དང་། རྐྱེན་འདས་སུ་སོང་བའི་གྲངས་ ༤༠༨༩ ལ་བསླེབས་པར་བརྟེན། ཡུལ་དེའི་གཉེན་ནད་ཞིབ་འཇུག་ཁང་ཞིག་གིས་བརྟག་དཔྱད་བྱས་པ་བརྒྱུད། རྒྱ་ནག་གི་བཟོ་གྲྭས་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་ནད་ཡམས་ཀྱི་བརྟག་དཔྱད་མ་ལག་དེ་ཚད་ལྡན་མིན་པའི་བསྡོམས་བརྒྱབ་པར་བརྟེན། སི་པན་གཞུང་གིས་ད་ལྟ་རྒྱ་ནག་གི་བརྟག་དཔྱད་མ་ལག་རྣམས་བཀོལ་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱས་པ་མ་ཟད། རྒྱ་ནག་གི་བཟོ་གྲྭ་དེར་བརྟག་དཔྱད་མ་ལག་རྣམས་བརྗེ་དགོས་སྐོར་བརྗོད་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།

![AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]](https://tibettimes.net/wp-content/uploads/2026/09/WhatsApp-Image-2026-09-11-at-4.20.04-PM-360x180.jpeg)




དེང་སང་གི་རྒྱ་ནག་ཝུ་ཧན་ཐོན་པའི་ནད་ཡམས་ཚབ་ཆེན་འདི། ཉེ་སྔོན་རྒྱ་ནག་དམར་གཞུང་ནས་ནད་འབུ་འདི་རྐང་བཙུག་ནས་བཟོས་པའི་གནས་ཚུལ་ཞིག་ཐོན་ཡོད་པ་དེས། ཕལ་ཆེར་བདེན་འཛིན་འོས་པ་འདྲ་པོ་འདུག ནད་འབུ་འདིས་མི་ལོ་ན་ ༦༠ རྒལ་བར་ཉེན་འགའ་ཆེས་ཤོས་ཡོད་ཏང་ལ་ལྟས་ན། ༡༩༦༠ ཡས་མས་ནས་རྒྱ་ནག་ནང་བུ་ཚའི་སྲིད་ཇུས་ཟེར་འགོ་ཚུག་ནས་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པ་བཟོས་པའི་མི་ལོ་ ༥༠ རྗེས་སུ་རྒྱ་ནག་ནང་གཞོན་སྐྱེས་ཧ་ཅང་ཉུང་ཉུང་ལས་མེད་པ་དང་། རྒས་ཁོག་མང་ཐག་ཆོད་ཡོད་པས་དེ་དག་སོ་སྐྱོང་བྱེད་མི་ཐུབ་པའི་ཧ་ཅང་ཆེན་པོ་ཡོད་པ་དང་། ཕྲུ་གུ་བུ་མོ་མང་པོ་བུ་བསོ་ཁང་དུ་ཉར་ནས་འཆི་རུ་བཅུག་པས་དེང་དུས་སྐྱེས་པ་ཚོར་ཟ་ཟླ་མི་རག་པའི་དཀའ་ངལ་ཆེན་པོ་ཡོད་དངོས་མཐོང་རེད། ཞན་ཡང་རང་དབང་མང་གཙོའི་རྒྱལ་ཁབ་ཚོའི་དཔལ་འབྱོར་དང་། རང་དབང་གི་གནས་སྟང་གི་དམར་ཤོག་ལམ་ལུགས་ལ་མི་འདོད་པ་ཇེ་ཆེར་ཕྱིན་སྟབས་དེ་དག་ལ་བསམ་བཞིན་དུ་གནོད་པའི་ལས་ཀ་བྱས་པ་ཟུར་ལྟས་ལེབ་མཐོང་དང་། ཨ་རིའི་ནང་རྐྱེན་ངན་ཇི་ཙམ་བྱུང་བ་དེ་ནི་རྒྱ་ནག་དམར་གཞུང་གི་མངོན་འདོད་གལ་ཆེ་འགྲུབ་པ་ཞིག་ཡིན། དེ་རྗེས་ཨི་ཀྲ་ལི་ནང་རྒྱ་དམར་སྨན་པ་གནམ་གྲུ་གང་གཏང་བ་དེའི་གྲུབ་འབྲས་དང་། སེ་པན་ནང་རྒྱ་ནག་གི་སྨན་བཅོས་རྟགས་དཔྱད་ལག་ཆ་རྫུས་མ་མང་ཐག་ཆོད་གཏང་བའི་གྲུབ་འབྲས་ཡིན། རང་དབང་མང་གཙོའི་རྒྱལ་ཁབ་འདི་ཚོ་མིག་ཡོད་དུ་རྒྱ་མིའི་མགོ་སྐོར་ལ་དགའ་ཐག་ཆོད་ནས་རྒྱ་མིས་གང་བཤད་ལ་བདེན་འཛིན་བྱས་པའི་འབྲས་བུ་འདི་འདྲ་བྱུང་བ་བཤད་མི་དགོས་པ་ཡིན། ད་དུང་རྒྱ་མིས་གང་བཤད་ལ་བདེན་འཛིན་བྱས་ན་ད་དུང་ཕུང་རྒྱུ་ལས་མེད།།