རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་བཀའ་ཁྱབ་འོག་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཟུར་པ་ཚོའི་དཔལ་འབྱོར་ཐད་ཞིབ་བཤེར་བྱེད་བཞིན་ཡོད་འདུགཁ་སང་ཕྱི་ཚེས་ ༣༠ ཉིན། ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་བཏོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་དམག་ཤོག་ཚོགས་པའི་དམག་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཁང་ཟེར་བས། རྒྱ་ནག་གི་དེ་སྔའི་མཚོ་དམག་དམག་སྤྱི་ཟུར་པ་དང་རྒྱ་ནག་གི་མཚོ་ཁུལ་དམག་བྱུས་པ་ཝུ་ཧྲང་ལེ་(Wu Shengli)ཡི། དངུལ་འབོར་དང་དཔལ་འབྱོར་གནས་བབ་སྐོར་ལ་རྩིས་ཞིབ་བྱེད་བཞིན་ཡོད་པ་དང་། དེ་ནི་དཔལ་འབྱོར་གནས་བབ་ཙམ་ལ་དམིགས་པ་ལས་ལྐོག་ཟ་རུལ་སུངས་སོགས་དང་འབྲེལ་བ་མེད་སྐོར་བརྗོད་འདུག
གནད་དོན་དེའི་སྐོར་ལ་རྒྱ་ནག་དམག་གཞུང་གིས་ཝེ་པོ་དྲ་བའི་སྟེང་གནས་ཚུལ་སྤེལ་བའི་ནང་། དམག་གཞུང་གིས་མཚོ་དམག་གི་དེ་སྔའི་དམག་སྤྱི་ཟུར་པ་ཝུ་ཧྲང་ལེ་ལ་ཞིབ་བཤེར་བྱེད་པར་ཚོགས་ཆུང་གཏོང་རྒྱུ་ཡིན་པ་དང་། ལས་དོན་དེ་རྒྱ་ནག་རྩིས་ཞིབ་ལྷན་ཁང་གིས་གོ་སྒྲིག་འོག་གཉེར་བཞིན་ཡོད་པ་དང་། གནད་དོན་དེ་ལྐོག་ཟ་རུལ་སུངས་སོགས་དང་འབྲེལ་བ་མེད་པར། དམག་དཔོན་ཝུ་ཧྲང་ལེ་ཡི་དཔལ་འབྱོར་གནས་བབ་མི་མང་ལ་ཕྱི་གསལ་ནང་གསལ་བཟོ་ཆེད་ཡིན་སྐོར་བཀོད་འདུག
རྒྱ་ནག་གཞུང་འབྲེལ་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། དེ་སྔ་གཞུང་ལ་ལས་ཀ་བྱེད་མྱོང་བའི་དཔོན་རིགས་མཐོ་གྲས་དང་། ལས་བྱེད་སོགས་ཀྱི་དཔལ་འབྱོར་ཐད་རྩིས་ཞིབ་བྱེད་དགོས་པའི་བཀོད་ཁྱབ་བཏང་རྗེས་ལག་ལེན་བསྟར་ཡོད་པ་དང་། སྲིད་གཞུང་གིས་ཆེད་བསྐོས་བྱས་པའི་ཆེད་གཉེར་རྩིས་ཞིབ་པ་ལི་ལི་(Li Li)ཟེར་བ་ཞིག་གིས། རྩིས་ཞིབ་དེ་ཆེད་དུ་དཔོན་རིགས་མཐོ་གྲས་ཁག་གི་དཔལ་འབྱོར་གནས་བབ་ལ་དམིགས་པ་ལས་ཁོ་ཚོར་ལྐོག་ཟ་རུལ་སུངས་ཞིབ་བཤེར་གྱིས་འདྲི་རྩད་སོགས་བྱེད་པའི་ཁྲིམས་ཀྱི་དབང་ཆ་མེད་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་ཉིན་ཤས་སྔོན་ལས་ཁྱུར་ངལ་གསོ་བྱས་ཡོད་པའི་དེ་སྔའི་མཐོ་རིམ་དཔོན་རིགས་དང་ལས་བྱེད་སོགས་ཀྱི་དཔལ་འབྱོར་ལ་རྩིས་ཞིབ་དགོས་པའི་བཀའ་ཁྱབ་ཅིག་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལས་འགུལ་དེའི་ནང་མཐོ་རིམ་མགོ་ཁྲིད་ཟུར་པ་དང་དམག་དཔོན་ཟུར་པ། མཐའ་ན་རང་བཞིན་གྱིས་ལས་ཀ་ནས་ངལ་གསོ་བྱས་ཡོད་མཁན་ཚང་མ་ཚུད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་མཁོ་སྤྲོད་པ་ཚོས་རྩིས་ཞིབ་དེ་ནི་སྔོན་འགྲོ་ལྟ་བུ་ཡིན་པ་དང་། རྩིས་ཞིབ་དེ་རྒྱ་ནག་གཞུང་འབྲེལ་སྒྲིག་ཁྲིམས་ཞིབ་བཤེར་ཁང་ལ་རྩིས་སྤྲོད་དང་། རྩིས་ཞིབ་ཐད་ནས་ཞིབ་བཤེར་དགོས་མཁོ་བྱུང་ཚེ་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་བཤེར་འདྲི་རྩད་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱལ་སྤྱིའི་ཉམས་ཞིབ་པ་མང་པོས་ད་ལྟའི་ཆར་རྒྱ་ནག་གི་ལྐོག་ཟ་རུལ་སུངས་རྡུང་རྡེག་འཐབ་རྩོད་ལ་གྲུབ་འབྲས་ཐོན་བཞིན་མེད་པ་དང་། ལྷག་པར་དུ་ལྐོག་ཟ་རུལ་སུངས་ལས་འགུལ་དེ་ཡི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་ཁག་ནང་ཞི་ཅིན་ཕིན་ལ་ཁ་གཏད་ཚོགས་པ་ཁག་རང་བཞིན་གྱིས་ཡོང་གི་ཡོད་པ་དང་། མཐའ་མར་ཞི་ཡིས་ལྐོག་ཟ་རུལ་སུངས་ལས་འགུལ་དེ་རང་ཉིད་སྲུང་སྐྱོབ་ཆེད་བཀོལ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་རང་ཉིད་ཀྱི་དེ་སྔའི་ལས་གྲོགས་སོགས་དང་ཡིད་ཆེས་མེད་པའི་གནས་སུ་ལྷུང་བཞིན་ཡོད་པ་མ་ཟད། ཞི་ཡི་སྲིད་དབང་འོག་ནས་ལས་གཉེར་བྱེད་མཁན་མཐོ་རིམ་དཔོན་རིགས་ཟུར་པ་ཚོར་ཡང་ཐབས་ཤེས་འདྲ་མིན་བརྒྱུད་ནས་ཞིབ་བཤེར་དང་འདྲི་རྩད་བྱ་དགོས་བྱུང་གི་ཡོད་སྐོར་བརྗོད་འདུག
ཝུ་ཧྲང་ལེ་ནི་ཕྱི་ལོ་ ༡༩༤༥ ལོར་རྒྱ་ནག་ཚང་ཀྲུའུ་(Cangzhou)རུ་སྐྱེས་ཤིང་། རྒྱ་ནག་དམར་ཤོག་ཚོགས་པའི་འཕྲུལ་ལས་གཙུག་ལག་སློབ་གྲྭ་ནས་ཐོན་ཡོད་པ་དང་། ཕྱི་ལོ་ ༡༩༦༤ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༡༧ བར་དམར་ཤོག་ཚགས་པར་ལས་གཉེར་བྱས་ཡོད་པ་རེད། ད་ལྟ་ཁོང་ལོ་ན་ ༧༥ ཡིན་པ་དང་ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཚོ་ཁུལ་རྩོད་རྙོག་ཤུགས་ཆེར་བྱུང་བཞིན་པ་དང་བསྟུན་མཚོ་ཁུལ་དམག་དཔོན་ལ་བསྐོས་ཡོད་འདུག ཁོས་སྐབས་སུ་རྒྱ་ནག་གིས་མཚོ་ཁུལ་དམག་གི་གྲུ་གཟེངས་དང་པོ་བཏང་ཡོད་པ་མ་ཟད། སྐབས་དེར་རྒྱ་ནག་མཚོ་དམག་གིས་མཚོ་ཁུལ་དམག་དོན་ཐད་ལས་དོན་ཡག་པོ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཁོང་ལ་རྒྱ་ནག་མཚོ་ཁུལ་རྒྱ་སྐྱེད་རིང་ལུགས་ཀྱི་སྣེ་འདྲེན་པ་སོགས་འབོད་པ་ཡང་བྱུང་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག