ལོ་མང་རིང་ལ་དྭགས་ཁུལ་གྱི་གཞུང་མང་ནས་རེ་སྐུལ་ཞུས་པ་ལྟར་རྒྱལ་ས་སླེ་རུ་དབུས་གཙུག་ལག་སློབ་གཉེར་ཁང་ཞིག་འཛུགས་རྒྱུར་སྲིད་བློན་མཆོག་ནས་བཀའ་འཁྲོལ་གནང་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༦ ཉིན། རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། མུ་དྷི་གཞུང་གིས་ལ་དྭགས་དབུས་ཐད་སྐྱོང་ས་ཁུལ་གྱི་རྒྱལ་ས་སླེ་རུ། ལ་དྭགས་དབུས་གཙུག་ལག་སློབ་གཉེར་ཁང་ཞིག་འཛུགས་རྒྱུར་བཀའ་འཁྲོལ་གནང་ཡོད་པ་དང་། མ་འོངས་པར་རྒྱ་གར་གྲོས་ཚོགས་ནང་ལག་བསྟར་གཏན་འབེབ་བྱུང་བ་ཡིན་ན། གཙུག་ལག་སློབ་ཁང་དེ་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་སྤྱི་མཚུངས་ལྟར། སློབ་གཉེར་ཁང་དེའི་ནང་ནང་བསྟན་གཙོ་བོར་གྱུར་བའི་ཚན་རིག་དང་སྒྱུ་རྩལ་སོགས་སློབ་ཚན་འདྲ་མིན་ཐོག་སློབ་གཉེར་བྱེད་སའི་ལྟེ་བ་ཞིག་ཏུ་བསྐྲུན་འཆར་ཡོད་འདུག
རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་སྟེང་སྤེལ་བའི་གནས་ཚུལ་ནང་། ལ་དྭགས་ནང་དབུས་གཙུག་ལག་སློབ་གྲྭ་འཛུགས་རྒྱུའི་ཐག་གཅོད་དེ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ལ་དྭགས་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་དུ་བསྒྱུར་ནས་ལོ་གཅིག་འཁོར་བ་དང་བསྟུན། ནང་སྲིད་བློན་ཆེན་ཨ་མི་ཏི་ཤཱ་(Amit Shah)མཆོག་དང་ཕྱི་སྲིད་བློན་ཆེན་ཇའེ་ཤིན་ཁར་(Dr. S. Jaishankar)མཆོག རྒྱ་གར་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པ་ཨ་རྗི་ཊི་དྷོ་ཝལ(Ajit Doval)མཆོག་གི་གཙོའི་མཐོ་རིམ་མགོ་འཁྲིད་རྣམ་དང་ཚོགས་འདུ་ཚོགས་པའི་སྟེང་། ལ་དྭགས་ནང་དབུས་གཙུག་ལག་སློབ་ཆེན་འཛུགས་ཆོག་པའི་བཀའ་འཁྲོལ་ཐོབ་པ་ཞིག་ཡིན་འདུག
ཡང་དེ་འབྲེལ་གནས་ཚུལ་ནང་ཐེངས་འདིའི་ཐག་གཅོད་དེ་སྤྱིར་བཏང་གི་ཐག་གཅོད་ཅིག་ཡིན་པ་དང་། མ་འོངས་པར་ཐག་གཅོད་དངོས་གནས་དེ་རྒྱ་གར་དབུས་བློན་ཆེན་ལྷན་ཚོགས་ཀྱིས་ཞིབ་འཇུག་གནང་བ་བརྒྱུད། རྒྱ་གར་གྲོས་ཚོགས་ནས་མཐའ་མའི་ཐག་གཅོད་གནང་དགོས་ཡོད་སྐོར་བཀོད་འདུགརྒྱ་གར་གྱི་སྲིད་དོན་པ་ཚོས་དེ་ལ་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་གར་དབུས་རྩེད་རིགས་བློན་ཆེན་མཆོག་གིས་སྒེར་གྱི་སྤྱི་ཚོགས་ཊུ་ཊིར་ཐོག གནད་དོན་དེ་ནི་ལ་དྭགས་མི་མང་གིས་འདས་པའི་ལོ་ངོ་མང་པོའི་རིང་འཐབ་རྩོད་བྱས་པའི་རེ་འདོད་ཅིག་ཡིན་པ་དང་། སྲིད་བློན་མུ་དྷི་མཆོག་གིས་ཆེས་ཐོག་མར་ལ་དྭགས་ལ་དབུས་གཙུག་ལག་སློབ་གྲྭ་འཛུགས་པའི་བཀའ་འཁྲོལ་གནང་ཡོད་པས། ལ་དྭགས་མི་མང་ལ་འཚམས་འདྲིའི་དགའ་བསུ་བྱེད་བཞིན་ཡོད། ཅེས་གསུངས་ཡོད་འདུག
ལ་དྭགས་དབུས་གཙུག་ལག་སློབ་ཆེན་འཛུགས་ཆེད་ལ་དྭགས་ཁུལ་གྱི་སྲིད་དོན་པ་དང་ཤེས་ཡོན་པ། མི་མང་སོགས་ཀྱིས་ལོ་ངོ་མང་པོའི་རང་རྒྱ་གར་དབུ་གཞུང་ལ་ཡར་ཞུ་དང་འཐབ་རྩོད་བྱས་ཡོད་པ་དང་། ལ་དྭགས་ནང་ལོ་རེ་བཞིན་སློབ་ཕྲུག་ ༡༠༠༠༠ ལྷག་རྒྱ་གར་དབུས་ལ་སློབ་གཉེར་བྱེད་པར་ས་ཐག་ཧ་ཅང་རིང་པོར་འགྲོ་དགོས་པ་མ་ཟད། ལ་དྭགས་དེ་ས་མཐོ་སར་ཡོད་སྟབས་འགྲུལ་ལམ་མི་བདེ་བ་དང་དཔལ་འབྱོར་དང་འགྲོ་འདུག་ཐད་དཀའ་ངལ་ཆེན་པོ་ཡོད་པ་དང་། ཐེངས་འདིར་མུ་དྷི་གཞུང་གིས་ལ་དྭགས་ཁུལ་དུ་གཙུག་ལག་སློབ་ཁང་གཉེར་ཆོག་པའི་ཐོག་མའི་བཀའ་འཁྲོལ་ཐོབ་པ་དེས། མ་འོངས་པར་ལ་དྭགས་ཙམ་མ་ཟད་ལ་ཧོལ་དང་སྤི་ཏི། ཧི་མ་ཅཱལ་མངའ་ཁོངས་སོགས་ཀྱི་སློབ་ཕྲུག་མང་པོར་ཕན་ཐོགས་ཆེན་པོ་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག