མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྱུང་འགྱུར་བོད་ཀྱི་མདུན་ལམ།

བོད་ཀྱི་དུས་བབ།
༢༠༢༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕུན་ཚོགས་སྟོབས་ལྡན་གྱིས་བརྩམས།
ཞི་བདེའི་ས་བོན་གྱིས་བསྒྱུར།

ད་རེས་དབྱར་ཁའི་འགོ་སྟོད་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་སྟེ་རྒྱ་གར་སྤྱི་དམངས་ཁྲོད་དུ་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་ཐད་གླེང་སློང་རིམ་པར་བྱུང་ཞིང་། མི་མང་པོ་ཞིག་གིས་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པ་ལས་རྒྱ་དཀར་ནག་གཉིས་ཀྱི་དབར་ཐུན་མོང་གི་ས་མཚམས་ཤིག་མེད་པ་ཐེར་འདོན་བྱས་ཡོད་པ་མ་ཟད། དེ་སྔ་དབྱིན་ཇིའི་རྒྱ་གར་(British India)གྱིས་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་དང་འབྲེལ་བའི་ཁྲིམས་མཐུན་གྱི་ཆིངས་ཡིག་དེ་བོད་དང་ལྷན་དུ་བཞག་ཡོད་པ་ལས་རྒྱ་ནག་དང་འབྲེལ་བ་མེད་ཅིང་། བོད་ཕྱོགས་ནས་དབྱིན་ཇིའི་རྒྱ་གར་དང་ལྷན་དུ་ཆིངས་ཡིག་མང་པོ་ཞིག་བཞག་ཡོད་པ་དང་། ལྷག་པར་དུ་༡༩༡༤ལོའི་སིམ་ལའི་ཆིངས་ཡིག་བཞག་པ་དེས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་མེག་མཱ་ཧོན་ས་ཐིག་(McMahon Line) ཅེས་པ་དེ་གསར་འཛུགས་བྱས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་གཞུང་ལམ་ལ་མཐུད་ཡོད་པའི་གྲོས་མཐུན་དོན་ཚན་ལྔ་(Panchsheel)གཞུང་ལམ་ཞེས་པ་དེར་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་མིང་འདོགས་དགོས་པ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡི་མཚན་ཐོག་ལ་མང་ཚོགས་ཀྱིས་ཞུ་སྙན་ཕུལ་ཡོད་ཅིང་། རྒྱུ་མཚན་ནི། སྤྱི་ལོ་༡༩༥༤ལོར་རྒྱ་དཀར་ནག་གཉིས་བར་བཞག་པའི་གྲོས་མཐུན་དོན་ཚན་ལྔ་འམ་(Panchsheel)ཟེར་བ་དེ་རྒྱ་ནག་གཞུང་གིས་བརྩི་མེད་བཏང་ཡོད་པ་རེད། དེར་བརྟེན། ཉེ་ལམ་རྒྱ་གར་གྱི་རྒྱལ་སྲུང་ལ་གནོད་སྐྱོན་ཚབས་ཆེན་ཕོག་སྟེ་གླེང་སློང་དུ་མ་ཞིག་བྱུང་ཡོད་པ་དེ་ནི། དེ་སྔ་ནེཧེ་རུ་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་གོང་ཞུས་གྲོས་མཐུན་དོན་ཚན་ལྔའི་ནང་ངོས་འཛིན་བྱས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་ལ། རྒྱ་གར་ངོས་ནས་ད་ལྟའི་བོད་མིའི་སྒྲིག་འཛུགས་སམ་(བཙན་བྱོལ་བོད་གཞུང་)དེ་དམིགས་བསལ་ཁྲིམས་མཐུན་གྱི་ངོས་འཛིན་བྱེད་པའི་གོ་སྐབས་ཤིག་ཀྱང་བསྐྲུན་ཡོད།

 རྒྱ་གར་གྱིས་བོད་ཀྱི་གནས་བབས་ངོས་འཛིན་བྱེད་ཕྱོགས་ཀྱི་གནད་དོན།

སྤྱི་ལོ་༡༩༥༩ལོར་༸གོང་ས་༸ཏཱ་ལའི་བླ་མ་མཆོག་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་སྐབས། ཁོང་གི་ཐུགས་དགོངས་ལ་བོད་རང་བཙན་སླར་གསོ་བྱ་རྒྱུ་ནི་གཙོ་བོ་ཡིན། ཡིན་ནའང་། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེཧེ་རུའི་གཞུང་གིས་འོག་ལ་བོད་དེ་ཁྲིམས་མཐུན་གྱི་ངོས་འཛིན་བྱ་རྒྱུ་ཧ་ལམ་ཡོང་མི་སྲིད་པ་ལྟ་བུ་ཞིག་ཡིན་པའི་ཁར། ཁོང་གིས་བོད་ཀྱི་གནད་དོན་ནི་རང་ཉིད་ཀྱི་མངོན་འདོད་སྒྲུབ་པར་འགོག་རྐྱེན་བཟོ་མཁན་ཞིག་ལ་སྣང་ཡོད། དེ་ནས་ནེཧེ་རུ་འདས་གྲོངས་སུ་ཕྱིན་པའི་རྗེས། སྐུ་ཞབས་ལཱལ་བྷ་དུར་ཤ་སི་ཏི་རི་(Lal Bahadur Shastri)མཆོག་རྒྱ་གར་གྱི་སྲིད་བློན་ལ་བདམས་ཐོན་བྱུང་ཞིང། སྤྱི་ལོ་༡༩༦༥ལོར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་སྐུ་ཚབ་དོན་གཅོད་སྐུ་ཞབས་ཞཱ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་ཀྱིས་སྲིད་བློན་ལཱལ་བྷ་དུར་ལྷན་དུ་ཐུག་འཕྲད་བྱ་རྒྱུའི་དུས་ཚོད་བཟོས་ཡོད་པར་བརྟེན། སྐབས་དེར་ངོས་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ངོ་ཚབ་པ་ཡིན་པས་ཁོང་གི་སྐད་སྒྱུར་ཆེད་མཉམ་དུ་ཕྱིན་པ་ཡིན། སྐབས་དེར་སྐུ་ཞབས་ཞཱ་སྒབ་པས་སྲིད་བློན་མཆོག་ནས་བཙན་བྱོལ་བོད་གཞུང་ངོས་འཛིན་དགོས་པའི་འབོད་སྐུལ་ཞུས་སོང་།  འོན་ཀྱང་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་ལན་འདེབས་ཤིག་རག་པའི་རེ་བ་དེ་ཙམ་མེད་ཀྱང་། ཞཱ་སྒབ་པས་དེ་ནི་གཞུང་འབྲེལ་གྱི་གནད་དོན་ཞིག་ལ་ངོས་འཛིན་གྱིས་སྲིད་བློན་མཆོག་ལ་ཡང་ནས་ཡང་དུ་འབོད་སྐུལ་ཞུས་པའི་རྗེས། སྲིད་བློན་མཆོག་གིས་དེ་འབྲེལ་ལན་འདེབས་ཤིག་གནང་བྱུང་བས། ང་གཉིས་ཧང་སངས་དགོས་བྱུང་། ཁོང་གིས། “ང་ཚོའི་གནད་དོན་དེར་བསམ་ཞིབ་བྱེད་མུས་ཡིན་པ་དང་། ཁྱེད་ཉིད་ཀྱི་འབོད་སྐུལ་བཞིན་ཟླ་བ་བཞི་ལྔ་ནང་ཚུད་ལ་ལན་ཕུལ་ཐུབ་པའི་ང་ཚོར་གནས་བབ་ཅིག་ཡོད་ལ། ནམ་ཞིག་དུས་ཚོད་ངེས་ཅན་ཞིག་ལ་གནས་སྟངས་ཇེ་ལེགས་སུ་འགྲོ་བའི་རེ་སྒུག་བྱེད་བཞིན་ཡོད་ཅིང་། གལ་ཏེ་དེ་ལྟར་བྱུང་བ་ཡིན་ཚེ། དེ་ནས་ང་ཚོས་བཙན་བྱོལ་བོད་གཞུང་དེ་ངོས་འཛིན་བྱ་རྒྱུ་ཡིན།” ཅེས་གསུངས་སོང་། སྐབས་དེར་ཁོང་གི་སྐད་ཆ་དེ་ཐོས་མ་ཐག་ཏུ་ང་རང་ཡིད་ཆེས་དཀའ་བའི་གནས་སུ་གྱུར་ཏེ། ཞཱ་སྒབ་པར་ཁོང་གིས་གསུངས་པའི་སྐད་ཆ་དེ་ཚོ་བསྒྱུར་ཐབས་བྱས། ང་གཉིས་སྤྲོ་སེམས་འཁོལ་བའི་ངང་གཞུང་ལམ་༡༥པར་ཡོད་པའི་དོན་གཅོད་ཁང་དུ་ཕྱིར་ལོག་བྱས་པ་དང་། སྐུ་ཞབས་ཞཱ་སྒབ་པས། “ངེད་གཉིས་ཁང་པའི་ཐོག་ཁར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སའི་ས་ཆ་རན་པོ་ཞིག་འཚོལ་དུ་འགྲོ་” ཞེས་བརྗོད་བྱུང་།

སྤྱི་ལོ་༡༩༦༥ལོའི་སྤྱི་ཟླ་༡༠པའི་ནང་། བཙན་བྱོལ་བོད་གཞུང་གི་ཕྱི་སྲིད་བློན་ཆེན་༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ཀྱིས་ང་ཨ་རིར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྣེའུ་ཤར་ཐུབ་བསྟན་ཐར་པ་ལགས་ཀྱི་ཕྱག་རོགས་ཆེད་ནེའུ་ཡོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་བཏང་གནང་སོང་། སྐབས་དེའི་དོན་གཅོད་ཀྱི་འོས་འགན་གཙོ་བོ་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བོད་འབྲེལ་གནད་དོན་ལ་བསམ་གཞིག་དང་གྲོས་བསྡུར་ཞིབ་ཚགས་ཡོང་ཆེད་གྲ་སྒྲིག་བྱ་རྒྱུ་དེ་ཡིན་ཞིང་། མཉམ་འབྲེལ་རྒྱ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་༡༧༢༣ ཞེས་པ་ཞིག་བཞག་ཐུབ་པ་དེ་ནི་དེའི་གྲུབ་འབྲས་ཡིན་ལ། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་དེ་ནི་བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྣམས་རྡོག་རོལ་གཏོང་བཞིན་ཡོད་པ་གྲོས་ཆོད་དེའི་ནང་ངོས་འཛིན་བྱས་ཡོད། དེ་ནས་ཟླ་བ་འགའ་ཤས་ཀྱི་རྗེས། སྤྱི་ལོ་༡༩༦༦ལོའི་སྤྱི་ཟླ་༡ཚེས་༡༡ཉིན་ཨུ་ཟ་བྷེ་ཁི་སི་ཐན (Uzbekistan)གྱི་རྒྱལ་ས་ཐ་ཧྲི་ཀན་(Tashkent)དུ་རྒྱ་གར་གྱི་སྲིད་བློན་ཤ་སི་ཏི་རི་མཆོག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གོ་ཐོས་བྱུང་། མི་ཚོས་ཚོད་དཔག་འདྲ་མིན་བྱས་ཏེ་སྲིད་བློན་ཁོང་ཨུ་རུ་སུ་Sovietཡི་གསང་མྱུལ་གྱིས་བསད་ཡོད་ལུགས་དང་། ཡང་ན་ཁོང་གི་མ་བྱན་གྱིས་བསད་ཡོད་ཚུལ་སོགས་བསམ་ཚུལ་འདྲ་མིན་བརྗོད་མཁན་བྱུང་ཡོད། འོན་ཀྱང་། རྒྱ་གར་གཞུང་ཕྱོགས་ནས་གནས་ཚུལ་དེར་ནམ་ཡང་ཞིབ་འཇུག་གནང་མེད་པ་མ་ཟད། ཁོང་ཇི་ལྟར་གྲོངས་ཡོད་མེད་དེ་ད་ལྟ་བར་དུ་གསང་བའི་ངང་ལྷག་ཡོད། མདོར་ན། སྤྱི་ལོ་༡༩༦༥ལོའི་སྤྱི་ཟླ་༨པའི་ནང་ལྡི་ལི་རུ་སྲིད་བློན་སྐུ་ཞབས་ཤ་སི་ཏི་རི་མཆོག་དང་ང་ཚོ་བར་མཇལ་འཕྲད་བྱུང་བ་དེ་ནི་རྒྱ་གར་གཞུང་གིས་བཙན་བྱོལ་བོད་གཞུང་ངོས་འཛིན་བྱེད་རྒྱུའི་ཉེ་འགྲམ་དུ་སླེབས་པ་ཐེངས་དང་པོ་དེ་རེད།

འཕགས་བོད་གཉིས་ནི་ས་ཁམས་ཀྱི་ཐོག་ནས་མཉམ་དུ་བཅིངས་ཡོད་ལ། བོད་རང་བཙན་ནི་ཕྱོགས་གཉིས་ཀའི་ཁེ་ཕན་ཡིན་ཞིང་། བོད་ཀྱི་བདེ་དོན་ཆེད་དུ་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་སུ་ས་ཁུལ་ཀི་ལོ་མི་ཏྲིར་༤༠༠༠སྲུང་སྐྱོབ་བྱེད་ཐུབ། སྐབས་དེ་དུས་སྐུ་ཞབས་ནེཧེ་རུ་ནི་ཁོང་སྒེར་གྱི་མངོན་འདོད་ཆེ་དྲགས་པའི་དབང་གིས་ལོང་བ་ལྟ་བུ་ཆགས་ཡོད། འོན་ཀྱང་། རྒྱ་གར་གྱི་འགོ་ཁྲིད་སྐུ་ཞབས་ཤ་སི་ཏི་རི་ནི་འདི་ལྟར་མིན། སྤྱི་ལོ་༡༩༦༢ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་གི་ཉམས་མྱོང་གཞིར་བཞག་གིས། རྒྱ་གར་གིས་རྒྱ་ནག་ལ་མུ་མཐུད་འབྲེལ་བ་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་ལ་དྭགས་ནས་ཤར་ཕྱོགས་ས་ཁུལ་ཨ་སམ་བར་དུ་ཁྱོན་ཀེ་ལོ་མི་ཏྲར་༤༠༠༠ལྡན་པའི་མཐའ་མཚམས་ཐོག་རྒྱ་གར་གྱིས་སྟངས་འཛིན་བྱེད་པ་ནི་ཡོང་མི་སྲིད་པ་ཞིག་ཡིན་པ་རྒྱ་ནག་གིས་རྒྱ་གར་ལ་ར་སྤྲོད་བྱས་ཡོད་ལ། རྒྱ་གར་གྱིས་རྒྱ་ནག་ལ་ཆ་ཚང་གསལ་སྟོན་བྱས་ཡོད། སྐུ་ཞབས་ནེཧེ་རུ་ཡིས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་པ་དེ་ནི་བསམ་བློ་ཆུང་ཐག་ཆོད་པ་ཞིག་རེད། དེའི་རྐྱེན་གྱིས། ཕྱོགས་གཅིག་ནས་ད་སྐབས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེར་རྒྱ་གར་ངོས་ནས་བྱ་ཐབས་མེད་པ་ལྟ་བུ་གྱུར་ཡོད་ལ། ཕྱོགས་གཞན་ཞིག་ནི། འཕགས་བོད་གཉིས་བར་བཞག་པའི་མེག་མོ་ཧན་ས་ཐིག་གི་གྲོས་མཐུན་དེ་ཡང་ཁྲིམས་མཐུན་རང་བཞིན་ཐོག་ནས་སྲུང་སྐྱོབ་བྱ་རྒྱུ་ཁག་པོ་ཆགས་ཡོད། བོད་དེ་རྒྱ་ནག་གིས་དབང་བསྒྱུར་འོག་ཇི་ཙམ་ལྷག་པ་ཡིན་ན། དེ་ཙམ་གྱིས་རྒྱ་གར་ལ་ཉེན་ཚབས་ཡོད་པ་མ་ཟད། དེ་སྔའི་ལམ་སྲོལ་ནང་བཞིན་བོད་དེ་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་གནས་རྒྱལ་ཁབ་ཅིག་ཏུ་མ་ཆགས་པ་ཡིན་ན། རྒྱ་གར་ངོས་ནས་རང་ཉིད་ཀྱི་དཔལ་འབྱོར་ཡར་རྒྱས་དང་འབྲེལ་བའི་དགོས་མཁོ་རྣམས་སྐོང་མི་ཐུབ་ལ། གནད་དོན་གཞན་ཁག་ཀྱང་སྒྲུབ་པར་འགོག་རྐྱེན་འཕྲད་ངེས་ཡིན།

སྤྱི་ལོ་༡༩༨༠ཙམ་ནས་བཟུང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་དེ་ཡང་རང་བཙན་ནས་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གནས་བབ་ཏུ་གྱུར་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཞི་མཐུན་རང་བཞིན་གྱི་གནས་བབ་དེས་བོད་ནང་རྒྱ་མི་གནས་སྤོ་བྱེད་རྒྱུ་མཚམས་འཇོག་ཡོང་བའི་རེ་བ་དང་། བོད་མི་ཚོས་རང་ཉིད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་ཆབས་ཅིག ནང་ལོགས་ཀྱི་ནད་དོན་ཁག་བོད་མི་རང་ཉིད་ནས་ཚད་མཐོ་པོའི་སྒོ་ནས་སྟངས་འཛིན་བྱེད་རྒྱུའི་རེ་བ་བརྒྱབ་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་ཉེ་ལམ་ནག་གསུབ་བཏང་བ་དེ་ཡིས་རྒྱ་ནག་འོག་ལ་མིང་དོན་མཚུངས་པའི་རང་སྐྱོང་ཟེར་བར་རེ་བ་བཅོལ་བ་དེ་ནི་ཕན་མེད་ལྟ་བུ་གྱུར་ཡོད་པ་གསལ་སྟོན་བྱས་ཡོད།

 རྒྱལ་སྤྱིའི་ཁྲིམས་ལུགས་འོག་རང་བཙན་དང་རང་སྐྱོང་བར་ཁྱད་པར།

ད་ལྟའི་ཆར་བོད་མིའི་ཁྲོད་དུ་རང་བཙན་དང་དབུ་མའི་ལམ་ཞེས་ལྟ་བ་ལངས་ཕྱོགས་དེ་གཉིས་ཀྱི་རྗེས་འབྲས་ཐད་གོ་རྟོགས་གསལ་པོ་མེད་པར་འཐབ་རྩོད་བྱེད་མུས་ཡིན་ཞིང་། རང་བཙན་རྒྱལ་ཁབ་ཟེར་བ་དེ་ནི་རྒྱལ་ཁབ་གཞན་གྱི་ངོས་འཛིན་བྱས་པའི་ཐོག་རང་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཤིག་ལ་གོ་དགོས་ལ། རྒྱལ་ཁབ་དེར་རང་དབང་གི་སྲིད་གཞུང་དང་། མི་འབོར། ཁྲིམས་སྒྲིག ཕྱི་སྲིད་འབྲེལ་ལམ། དམག་དཔུང་། རྒྱལ་དར། ངོས་འཛིན་ཡོད་པའི་མཐའ་མཚམས་ས་ཁུལ། དེ་བཞིན་རང་ཉིད་ལ་དབང་བའི་ཕྱི་སྐྱོད་ལག་ཁྱེར་བཅས་ཡོད། རང་སྐྱོང་ས་ཁུལ་ཟེར་བ་དེ་ནི་རྒྱལ་ཁབ་ཅིག་གི་མངའ་ཁུངས་སུ་ཡོད་པའི་ས་ཁུལ་ཞིག་གིས་རང་ཉིད་ཀྱི་ནང་སྲིད་དང་ནང་ལོགས་ཀྱི་ལས་དོན་ཁག་ལ་སྟངས་འཛིན་བྱེད་པ་ལས་ཕྱི་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་དབང་མེད་ལ། རང་ཉིད་ལ་དབང་བའི་རྒྱལ་དར་དང་། ཕྱི་སྐྱོད་ལག་ཁྱེར་ཞུ་ཆོག་པའི་ཐོབ་ཐང་། དེ་བཞིན་མཐའ་མཚམས་སྲུང་སྐྱོབ་ཀྱི་དབང་ཚད་སོགས་དེ་བས་ཀྱང་མེད། དེ་ལས་ལྷག་པའི་གོང་ཞུས་གནད་དོན་གཉིས་ལ་གལ་གནད་ཆེ་བའི་ཁྱད་པར་ཞིག་ནི། རང་བཙན་རྒྱལ་ཁབ་ཤིག་ལ་རྒྱལ་ཁབ་གཞན་ཞིག་གིས་བཙན་འཛུལ་བྱེད་པའི་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལ་ཞུ་འབོད་གནང་ཆོག འོན་ཀྱང་། རང་སྐྱོང་ས་ཁུལ་ལ་གོང་ཞུས་རང་དབང་དེ་ཚོ་མེད། དེར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་བོད་ཀྱི་གནད་དོན་ཐེངས་དང་པོ་གླེང་སློང་བྱུང་ཡོད་ཀྱང་། རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་དེ་ལྟར་བྱུང་མེད་པ་རེད། ཡང་རྒྱལ་སྤྱིའི་ཁྲིམས་ལུགས་འོག་རང་བཙན་རྒྱལ་ཁབ་ཚོར་ཆ་རྐྱེན་གཞན་ཞིག་ཡོད་པ་དེ་ནི། སྤྱི་ལོ་༡༩༥༡ལོར་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གིས་ཆིངས་ཡིག་དོན་ཚན་༡༧ཕྱིར་འཐེན་གནང་ཡོད་པ་ལྟར། གལ་ཏེ་རང་བཙན་རྒྱལ་ཁབ་ཀྱི་སྐུ་ཚབ་ཅིག་ལ་འཇིགས་སྐུལ་འོག་མཚན་རྟགས་བཀོད་བཅུག་པ་ཡིན་ཚེ། རྒྱལ་ཁབ་དེ་ཉིད་ཀྱི་ངོས་ནས་གོང་ཞུས་མཚན་རྟགས་དེ་བཙན་ཤེད་ཀྱི་གནས་སྟངས་འོག་བཀོད་བཅུག་པ་ཞིག་ཡིན་པ་ཐེར་འདོན་གྱིས་ཕྱིར་འཐེན་བྱེད་ཆོག་པའི་ཐོབ་ཐང་ཡོད། ངོས་ཀྱིས་གནད་དོན་དེ་དག་སྐོར་ཤེས་རྟོགས་བྱུང་བ་ནི། ངོས་རང་ཁྲིམས་རྩོད་པ་ཞིག་མིན་ལ། ཁྲིམས་ལུགས་ཀྱི་མཁས་དབང་ཞིག་དེ་བས་ཀྱང་མིན། འོན་ཀྱང་། ངོས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་བྱེད་མཁན་ཚོ་དང་ལྷན་དུ་འབྲེལ་བ་བྱེད་སྐབས་ཀྱི་སྦྱང་འབྲས་ཡིན།

གོ་སྐབས་དམ་འཛིན།

སྤྱི་ལོ་༡༩༤༧ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྗེས། རྒྱ་གར་གསར་པས་བོད་གཞུང་ལ་འབྲེལ་ལམ་གསར་པ་ཞིག་འགོ་འཛུགས་གནང་འཆར་ཡོད་མིན་སྐོར་ཡིག་འབྲེལ་བྱས་ཡོད་པ་དེ་ནི་རྒྱ་གར་གཞུང་གིས་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་བྱེད་རྒྱུའི་གསེར་ལྟར་དཀོན་པའི་གོ་སྐབས་ཤིག་ཀྱང་ཡིན། འོན་ཀྱང་། ཡིད་ཆེས་བྱ་དཀའ་བ་ཞིག་ལ། བོད་གཞུང་གིས་གོ་སྐབས་དེ་དམ་འཛིན་མ་ཐུབ་པ་རེད། ཡིན་ནའང་། ད་སྐབས་ང་ཚོས་གཤམ་གསལ་ལྟར་དེ་འབྲེལ་གནས་ཚུལ་ལ་འགྲེལ་བརྗོད་འདི་ལྟར་གནང་གི་ཡོད།༡༽ སྐབས་དེར་༸གོང་ས་༸ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པ་མཆོག་དགུང་གྲངས་༡༢ལས་སོན་མེད་པ་མ་ཟད། སྤྱི་ལོ་༡༩༤༧ལོར་བོད་ཀྱི་རྒྱལ་ཚབ་བམ་སྲིད་སྐྱོང་གིས་རྒྱལ་ཁབ་ཀྱི་ཐུགས་འགན་བཞེས་མུས་ཡིན་པ་དང་། ༢༽ རྒྱ་གར་རང་བཙན་ཐོབ་ནས་བཟུང་།  སྤྱི་ལོ་༡༩༥༠ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་དུས་སྐབས་བར། གཉན་འཕྲང་ཆེ་བའི་ལོ་ངོ་༣ རིང་དེར་ང་ཚོ་བོད་པ་ཚོ་བྲེལ་འཚུབ་ངང་ནང་ཁུལ་ལ་འཁྲུག་རྩོད་བརྒྱབ་སྟེ་གནས་ཤིང་། ལྷག་པར་དུ་བོད་གཞུང་དང་སེར་ར་དགོན་པ་གཉིས་ནང་འཁྲུག་རྒྱག་མ་ཚར་པ་བསྡད་ཡོད། མདོར་ན། སྐབས་དེར་བོད་པ་ཚང་གིས་རྒྱ་གར་གསར་པའི་ལྷན་དུ་ཕྱི་སྲིད་ཀྱི་འབྲེལ་ལམ་འཛུགས་རྒྱུའི་གོ་སྐབས་དེ་ཡང་ཤོར་བ་རེད།

ཡང་འདས་པའི་ནོར་འཁྲུལ་ཅན་གྱི་གོམ་འགྲོས་ཇི་ལྟར་བྱུང་མིན་ལ་མ་ལྟོས་པར། གོ་སྐབས་གསར་པའི་རིགས་འབྱུང་འགྱུར་ཡོང་སྲིད་པ་ཞིག་རེད། མི་ལོ་༢༡༤༧ གྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་རྒྱ་ནག་གཞུང་གིས་མི་ལོ་༧༠རིང་ལས་སླ་པོའི་ངང་རྩ་མེད་བཟོས་ཐུབ་མེད། མི་ལོ་༢༠༠རྗེས་རྒྱ་གར་དབྱིན་ཇིའི་འོག་རང་བཙན་ཐོབ་ཅིང་། རྒྱ་གར་རང་ཉིད་ཀྱི་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་དབང་བསྒྱུར་འོག་གི་མཉམ་མྱོང་ལ་གཞིགས་ན། རྒྱ་གར་ནི་བོད་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་བྱེད་མཁན་ཐོག་མ་དེ་ངེས་པར་དུ་ཆགས་དགོས་པ་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན། འཕགས་བོད་གཉིས་བར་རིག་གཞུང་གི་ཆ་ནས་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་གཙོས་པའི་བཙན་བྱོལ་བོད་མི་མང་པོ་ཞིག་རྒྱ་གར་ནང་གནས་ཡོད། འོན་ཀྱང་། དེ་ལས་གལ་ཆེ་བ་ཞིག་ནི། རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་སྲུང་སྐྱོབ་དེ་བོད་ཀྱི་ཁྲིམས་མཐུན་གནས་བབ་དང་འབྲེལ་བ་ཡོད། བོད་ལ་རང་དབང་ཡོད་པའི་སྐབས་དེར་རྒྱ་གར་ངོས་ནས་རང་ཉིད་ཀྱི་བྱང་ཕྱོགས་ཀྱི་མཐའ་མཚམས་ཐད་སེམས་ཁྲལ་བྱེད་དགོས་དོན་གང་ཡང་མེད།

ཕྱི་མིག་ཅིག་བལྟས་པའི་ཚེ། ནེཧེ་རུ་སོ་སོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བློ་འགྱོད་སྐྱེས་ཡོད། ཁོང་གིས་རྒྱ་ནག་ལ་ཡིད་ཆེས་ཆ་ཚང་བྱས་ཏེ་རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེན་ལའེ་(Zhou Enlai) ཡི་མཐུན་གྲོགས་སུ་གྱུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་འཛུལ་ཞུགས་ཆེད་རྒྱབ་སྐྱོར་ཡང་བྱས་ཡོད། ནེཧེ་རུ་ཡིས་བསམ་པར་རང་ཉིད་སྒེར་གྱི་མངོན་འདོད་རྣམས་སྒྲུབ་པར་རྒྱ་ནག་གི་ཕན་ཐོགས་བྱེད་སྲིད་པའི་རེ་བ་བཅངས་ཡོད་ཀྱང་། དེ་ལས་ལྡོག་སྟེ། རྒྱ་ནག་སྲིད་བློན་གྱིས་ནེཧེ་རུ་རྨོངས་སུ་བཅུག་པའམ་མགོ་སྐོར་བཏང་རྐྱེན། སྤྱི་ལོ་༡༩༦༢ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་བྱུང་ཞིང་། དེ་ནས་ནེཧེ་རུ་རང་ཉིད་ཀྱིས་འགན་གཙོ་བོ་བཞེས་ཏེ་གསར་འཛུགས་གནང་བའི་སྲིད་བྱུས་ཏེ། ཕྱོགས་སྒྲིལ་སྤངས་པའི་ཕྱི་འབྲེལ་སྲིད་བྱུས་(Nonalignment Foreign Policy)དོར་ཏེ། ཨ་རིའི་སྲིད་འཛིན་ཀེ་ནེ་སྒྲི(Kennedy)ལ་རོགས་རམ་སྲུང་སྐྱོབ་ཀྱི་ཞུ་འབོད་བྱས་ནས་ཨ་མ་རི་ཀའི་མཚོ་དམག་ཨང་བདུན་པའམ་7th Fleed རྒྱ་གར་རྒྱ་མཚོའི་བྱང་ཤར་གྱི་ཆ་ཤས་ཏེ་བྷེ་ཨོ་ཕྷོ། བྷེན་གྷལ་(Bay of Bengal)དུ་འབྱོར་ཏེ། རྒྱ་ནག་གི་དམག་དཔུང་རྣམས་རྒྱ་གར་ས་ཁུལ་ནས་བོད་ཀྱི་མཐའ་མཚམས་བར་ཕྱིར་འཐེན་བྱས་དགོས་བྱུང་། དེའི་རྗེས་འབྲས་སུ། སྐུ་ཞབས་ནེཧེ་རུ་གཞི་ནས་རྨོངས་གཉིད་ལས་སད་དེ་རྒྱ་ནག་གིས་རྒྱ་གར་གྱི་རྒྱབ་ནས་གྲི་བསྣུན་པ་ཤེས་རྟོགས་བྱུང་བར་བརྟེན། སྐབས་དེའི་རྒྱ་གར་གྱི་གྲོས་ཚོགས་ནང་ཁོང་གིས་ངུ་སྐད་དབང་མེད་དུ་ཤོར་ཡོད་པ་རེད།

སྤྱིར་གལ་གནད་ཆེ་བའི་འཕགས་བོད་གཉིས་ཀྱི་འབྲེལ་ལམ་དང་ཐུན་མོང་གི་དམིགས་ཡུལ་ཐད་རྒྱལ་ཁབ་དེ་ཉིད་ཕན་ཚུན་འུད་སྒྲོབ་ཤོད་རེས་བྱས་པའི་གནས་ཚུལ་ལྷགས་པ་ནི་ཧ་ཅང་གིས་ཁག་པོ་ཡིན།  རྒྱ་གར་ངོས་ནས་གྲོས་མཐུན་དོན་ཚན་ལྔ་(Panchsheel Agreement)་ཕྱིར་འཐེན་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་སླར་ཡང་རང་བཙན་གྱི་བདེན་མཐའ་རྩོད་དགོས། འགའ་ཤས་ཀྱིས་གནད་དོན་དེ་ཧ་ཅང་གི་རྒྱང་མཐའ་རིང་པོ་ཞིག་མཐོང་སྲིད་ཀྱང་། དེ་ཚོ་ནི་བོད་པ་ཚང་མུ་མཐུད་ཤར་སྐྱོད་བྱ་དགོས་པའི་གནད་དོན་གཙོ་གྲས་ཤིག་ཡིན། གལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐད་ལ་བསམ་ཞིབ་ནན་པོ་བྱེད་ཀྱི་ཡོད་ན། བོད་རང་བཙན་རྩོད་ལེན་བྱ་རྒྱུ་ནི་ཐབས་ལམ་འབའ་ཞིག་དེ་ཡིན།

འདས་པའི་མི་ལོ་ ༢༡༤༧ཙམ་གྱི་ལོ་རྒྱུས་ནང་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་ཡོད་པ་མ་ཟད། འདས་པའི་ལོ་རྒྱུས་ནང་རྡོ་རིང་དང་ཆིངས་ཡིག་དུ་མ་ཞིག་བཞག་ཡོད་པ་དེ་དག་གིས་རྒྱ་བོད་གཉིས་ཀྱི་ས་མཚམས་མཚོན་ཀྱི་ཡོད་ལ། དུས་རབས་བདུན་པའི་ནང་གསར་དུ་བསྐྲུན་པའི་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་རྡོ་རིང་ད་དུང་མཐོང་རྒྱུ་ཡོད་པ་དང་།  ལྷག་པར་དུ་དུས་རབས་༦པ་དང་༧པའི་ནང་བཞེངས་པའི་ལྷ་སའི་པོ་ཏ་ལའི་མདུན་དུ་དེ་འབྲེལ་རྡོ་རིང་ཞིག་ཀྱང་ཡོད། དོན་དངོས་ཐོག མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་༢༠༠སྐོར་ཞིག་ཡོད་པ་ནང་ནས་རྒྱལ་ཁབ་ཕྱེད་ཀ་ལྷག་གིས་བོད་ནང་བཞིན་གྱི་ལོ་རྒྱུས་ཐོག་ནས་སོ་སོའི་རྒྱལ་ཁབ་རང་བཙན་ཡིན་པ་ཁུངས་སྐྱེལ་བྱེད་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད། དེ་དང་ཕྱོགས་མཚུངས། སྤྱི་ལོ་༡༩༦༤ལོར་སྐུ་ཞབས་ནེཧེ་རུ་མ་གྲོངས་གོང་དུ། གལ་ཏེ་བོད་མི་ཚོར་ཐོབ་ཐང་རྩོད་ལེན་བྱེད་རྒྱུའི་ནུས་པ་ཡོད་ན། བོད་རང་བཙན་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་ཁོང་གིས་རྒྱལ་ཡོངས་ཆིག་སྒྲིལ་(National Integration)ཚོགས་པས་བཅར་འདྲི་སྐབས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྤྱི་ལོ་༡༩༥༠ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས། དམག་སྦྱོང་དང་མཚོན་ཆ་བཅས་ཀྱི་མཐུན་རྐྱེན་ཞན་པའི་བོད་དམག་གིས་རྒྱ་དམག་ལ་ཕར་འཛིང་བྱས་ཡོད་ཀྱང་གྲངས་ཀའི་ཆ་ནས་བོད་དམག་ལས་རྒྱ་ནག་གི་དམག་མི་རྦད་དེ་མང་བ་ཡོད། བལ་ཡུལ་དུ་རྟེན་གཞི་བྱས་པའི་གློ་སྨན་ཐང་ངམ་(Mustang)དུ་བོད་མིའི་རང་དབང་འཐབ་རྩོད་པ་ཚོས་ཉར་ཚགས་བྱས་པའི་རྒྱ་ནག་གི་ཡིག་ཆའི་ནང་གསལ་བ་བཞིན། སྤྱི་ལོ་༡༩༥༩ལོའི་རང་དབང་སྒེར་ལངས་སྐབས་བོད་མི་༨༧༠༠༠ཙམ་རྒྱ་ནག་གིས་དྲག་གནོན་འོག་འདས་གྲོངས་སུ་ཕྱིན་ཡོད་པ་བཀོད་ཡོད། སྤྱི་ལོ་༡༩༨༠ལོའི་ལོ་མཇུག་ནས་བཟུང་ལྷ་སར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་རིམ་པ་མང་པོ་བྱས་ཏེ་མཐར་རྒྱ་ནག་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་བོད་མི་ཚོར་དམ་དྲག་བྱས། དེ་ནས་སྤྱི་ལོ་༡༩༨༩ལོའི་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སྡེབ་གསོད་ཀྱི་དོན་རྐྱེན་བྱུང་བའི་ཟླ་བ་དྲུག་གི་སྔོན་ལ། སླར་ཡང་ལྷ་སར་བོད་མི་ཚོས་རྒྱ་ནག་གཞུང་གིས་མུ་མཐུད་བོད་ས་དབང་བསྒྱུར་བྱེད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད། རྒྱ་ནག་གཞུང་གིས་དྲག་པོ་ཇི་ཙམ་བྱས་མིན་ལ་མ་ལྟོས་པར། ༢༠༠༩ ལོ་ནས་བཟུང་བོད་ས་ཁྱོན་ཡོངས་ནང་བོད་མི་༡༥༦གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ལྷག་དོན་དུ་སྤྱི་ལོ་༢༠༠༨ལོའི་པེ་ཅིན་ཨའོ་ལིན་ཕིག་ལུས་རྩལ་འགྲན་བསྡུར་སྐབས་བོད་མཐོ་སྒང་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་ཏེ་རྒྱ་མིས་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་པ་དེ་དག་ད་ལྟའི་མི་རབས་གསར་པ་ཚོས་མུ་མཐུད་རྒྱུན་འཁྱོངས་བྱེད་མུས་ཡིན་པ་རེད།

འཛམ་གླིང་ནང་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དེ་ང་ཚོས་ཚོད་འཛིན་བྱེད་དཀའ་བ་ཞིག་ཡིན། འོན་ཀྱང་། བོད་མི་ཚོས་འབྱུང་འགྱུར་འཛམ་གླིང་འཕོ་འགྱུར་འགྲོ་བཞིན་པའི་གོ་སྐབས་དམ་འཛིན་གྱིས་བོད་རང་བཙན་རྩོད་ལེན་གནང་སྟེ། རྒྱ་ནག་ལྷན་དུ་ཆ་རྐྱེན་གཞིར་བཞག་གིས་གྲོས་མོལ་གྱི་ལམ་ནས་ས་ཁུལ་ཐག་གཅོད་བྱ་དགོས། བོད་མིའི་ཕྱོགས་ནས་ངེས་པར་དུ་ས་ཐིག་ངེས་ཅན་ཞིག་གི་ཐོག་ལ་རྒྱ་ནག་ལྷན་དུ་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་དགོས་པ་དང་། བོད་ཆེན་པོ་ཟེར་བའི་བསམ་ཚུལ་དེ་བློས་གཏོང་གནང་སྟེ་མཐའ་མའི་ས་མཚམས་གང་དུ་ཡང་ཐག་གཅོད་བྱས་པ་དེ་ཁས་ལེན་བྱ་དགོས། འོན་ཀྱང་ཐག་གཅོད་དེས་བོད་མི་དང་མཐའ་མཚམས་སུ་གནས་སྡོད་རྒྱ་མི་གཉིས་ཀར་འདོད་བློ་ཁེངས་ཐུབ་ཀྱི་ཡོད་པ་ཕལ་ཆེར་ངེས་པ་མེད། བོད་ནི་མི་འབོར་ས་ཡ་དྲུག་ཡོད་པའི་ས་གཞི་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། རང་བཙན་གཙང་མའི་ཆེད་དུ་ས་ཁུལ་ཁག་ཅིག་ཕན་ཚུན་བརྗེ་ལེན་བྱེད་ཐུབ་པའི་ནུས་པ་ཡང་ཡོད་ལ། རྒྱ་ནག་ཕྱོགས་ནས་ཀྱང་དེ་དེ་བཞིན་གྱི་གདམ་ཀར་ངོས་ལེན་བྱེད་སྲིད། རྒྱུ་མཚན་ནི། དེས་བོད་ཀྱི་ཤར་ཕྱོགས་སུ་ཡོད་པའི་ས་མཚམས་རྣམས་རྒྱ་མིར་ཁྲིམས་མཐུན་གྱི་བདག་དབང་ཡོད་པ་ར་སྤྲོད་བྱེད་ཐུབ། དེ་མིན་དེ་ཚོ་དྲི་བ་རང་བཞིན་ཅན་དུ་ལྷག་སྲིད།

སྤྱི་ལོ་༡༩༩༡ལོར་ཨུ་རུ་སུ་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་(Soviet Union)དེ་བཞིན་བརྡིབས་ཏེ་རྒྱལ་ཁབ་དུམ་བུ་༡༥ ལ་འཐོར་ཞིང་། ཁ་འཐོར་རྒྱལ་ཁབ་དེ་དག་གིས་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་བྱས་པ་བཞིན་སླར་ཡང་རང་བཙན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་རྒྱ་གར་ལ་བཙན་རྒོལ་བྱས་པའི་གནས་ཚུལ་ཇེ་མང་དུ་ཐོན་བཞིན་ཡོད་པའི་ཁར། ཕྷི་ལི་པེན་སིའི(Philippines)་ནང་དུ་མིས་བཟོས་པའི་གླིང་ཕྲན་དང་། ལྷོ་ཤར་ཨེ་ཤ་ཡའི་གླིང་ཕྲན་ཁག་ནང་དམག་དཔུང་སྣེ་ཁྲིད་ཀྱིས་ཧམ་འཛུལ་བྱས་ཏེ་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ཁག་ལ་རྒྱ་ནག་གིས་ཉེན་ཚབས་བཟོས་ཤིང་། དེ་དང་མཉམ་དུ། ཧོང་ཀོང་རང་སྐྱོང་གི་གནས་བབ་ནག་གསུབ་བཏང་བ་སོགས་དེ་དག་གིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་དུས་ཡུན་རིང་པོ་ཞིག་གི་རྗེས་སླར་ཡང་རྒྱ་ནག་གི་བཙན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་མངོན་བཞིན་ཡོད་ལ། གོང་ཞུས་ཉེན་ཚབས་ཅན་གྱི་རྒྱ་ནག་གི་བྱ་སྤྱོད་དེ་ཚོ་ཡིས་རྒྱ་ནག་རྒྱལ་ནང་དུ་ཡང་བརྟན་ལྷིང་མེད་པའི་གནས་ཚུལ་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་པོ་མཚོན་ཐུབ་པ་མ་ཟད། ལྐོག་ཟ་རུལ་སུངས་དང་བུ་ལོན། དེ་བཞིན་ལས་མེད་སོགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཡང་གསལ་སྟོན་བྱེད་བཞིན་ཡོད། དེར་བརྟེན། རྒྱ་ནག་བཙན་རྒྱལ་མགྱོགས་མྱུར་བརྡིབ་རྒྱུའི་ཆེད་ང་ཚོ་བོད་པ་ཚང་གིས་ངེས་པར་དུ་གྲ་སྒྲིག་བྱ་དགོས། དེའི་ཆེད་དུ་ང་ཚོ་གྲ་སྒྲིག་ཡིན་ནམ།

མཆན། ཕུན་ཚོགས་སྟོབས་ལྡན་(Phundhon)ལགས་ནི་ད་ལྟའི་ཆར་ཨ་རིའི་ནེའུ་ཡོག་ཏུ་གནས་སྡོད་བྱེད་མུས་ཡིན་ཞིང་། སྤྱི་ལོ་༡༩༦༥་ནས་༡༩༧༣ བར་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་གནང་ཡོད་པ་དང་། སྤྱི་ལོ་༡༩༧༣ ནས་༡༩༧༦ བར་ལྡི་ལི་སྐུ་ཚབ་དོན་གཅོད་གནང་ཡོད།

མ་ཡིག་གི་འབྲེལ་ཐག https://www.phayul.com/2020/08/15/44199/

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    ཕུན་ཚོགས་དོན་ལྡན་རེད་དམ་ཕུན་ཚོགས་སྟོབས་ལྡན་རེད་?

    Reply
  2. རང་བྱུང་ཡེ་ཤེས་རང་གྲོལ says:
    ལོ་ 5 སྔོན།

    མིག་སྔའི་འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་གྲོས་དང་བསྟུན། གངས་ལྗོངས་བོད་རྒྱལ་ཁབ་ཀྱི་མ་འོངས་ཆབ་སྲིད་ཀྱི་མདུན་ལམ་འཚོལ་བའི་དཔྱད་རྩོམ་ཉམས་མྱོང་སྔོན་དཔག་ཟུང་འབྲེལ་སྤུས་མ་ཞིག་འདོན་སྤེལ་མཛད་འདུག་པར། རྩོམ་པ་པོར་ལེགས་གསོལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། བོད་འབངས་མངའ་ཞབས་སུ་གཏོགས་པའི་སྐྱེ་བོ་རྒན་གཞོན་ཕོ་མོ་ཡོངས་ནས་བསམ་གཞིགས་ནན་ཏན་མཛད་དེ་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་ལམ་བུ་འཚོལ་གལ་ཆེ་བ་དྲན་པའི་གསལ་འདེབས་ཙམ་དུ་ཞུའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese