མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ ༣༡ འཁོར་བའི་དུས་དྲན་སྲུང་གཙི་ཞུས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་ནོར་སྦེལ་གཟེངས་རྟཊ་འབུལ་བཞེས་ཀྱི་དགོས་དམིགས་འགྲུབ་སླད་བོད་མི་ཡོངས་ནས་སྤྱོད་པ་འཚེ་བ་མེད་ཅིང་གཞན་ཕན་དང་བྱམས་པ། སྙིང་རྗེ་སོགས་རྨང་གཞིར་ལྡན་པའི་༧སྐུའི་ཐུགས་བསྐྱེད་དམ་བཅའ་བཞིར་སློབ་སྦྱོང་དང་ལག་ལེན་དུ་ཡོང་བར་འབད་བརྩོན་གནང་བའི་འབོད་སྐུལ་ཞུས་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བཀའ་ཤག་ནས་ཕྱི་ལོ་ ༡༩༨༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་བོ་ ༣༡ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་དྲན་གཉིས་སྲུང་གཙིའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇའེ་ཊི་གོ་མར་ནེ་རཱ་ཡ་ ( Shri Ajit Kumar Nehria) མཆོག་དང་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤྲེལ་པོ་དབུས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཚབ་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་གི་དབུས་པའི་བཀའ་བློན་ཁག་ཅིག་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད་པ་བཅས་ཁྱོན་མི་གྲངས་ ༥༠ ལས་མ་བརྒལ་བ་འཛོམས་འདུག་ལ། མཛད་རིམ་གྱི་ཐོག་མར་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་ཞུས་ཏེ། ཞབས་ལོ་ ༢༥ ལོན་པའི་སྲི་ཞུའི་ལས་བྱེད་ ༥ ལ་གཟེངས་བསྟོད་ཕྱག་འཁྱེར་དང་། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་ནི་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་བརྩི་ཡི་ཡོད་པ་ལྟར། ཆོས་རིག་ལས་ཁུངས་ནས་༧གོང་ས་མཆོག་གིས་ཆོས་ཚོགས་ཐེངས་ ༡ ནས་ ༡༤ བར་བསྩལ་བའི་བཀའ་སློབ་ལམ་སྟོན་གྱི་ཕྱག་དེབ་གཅིག་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་གཞུང་ཆེན་རིས་མེད་བགྲོ་གླེང་སྐབས་བཞིའི་རིང་གི་ཕྱག་དེབ་ ༤ བཅས་ཁྱོན་དེབ་ ༥ དང་། དེ་བཞིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་པའི་ཕྱག་དེབ་ ༢ བཅས་དབུ་འབྱེད་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཚོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་སྐབས་གཟེངས་རྟགས་ཚོགས་ཆུང་གིས། “༸གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འབད་བརྩོན་གནང་སྐབས་དྲག་སྤྱོད་དམ་འཚེ་བ་ཅན་གྱི་བྱ་བར་མཐའ་གཅིག་ཏུ་འགོག་རྒོལ་གནང་གི་ཡོད་པ་དང་། ༸གོང་ས་མཆོག་གིས་བཟོད་པ་དང་གུས་བརྩི་བཅས་གཞིར་བཞག་ཐོག་ནས་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་བཟང་པོ་དག་མི་ཉམས་གཅེས་སྲུང་སླད་བོད་ཀྱི་དཀའ་རྙོག་སེལ་ཐབས་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་འབད་བརྩོན་མཛད་གནང་གི་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གུས་བརྩི་ཧ་ཅང་ཆེན་པོ་དང་འགྲོ་བ་མིའི་རིགས་དང་ཁོར་ཡུག་བཅས་སྤྱི་ཡོངས་ལ་འགན་ཁུར་བཞེས་གནང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་མཛད་བཞིན་ཡོད་པ།” བཅས་ནན་ཏན་གྱིས་བརྗོད་གནང་ཡོད། དེ་བཞིན། ༧གོང་ས་མཆོག་གིས་གཟེངས་རྟགས་དགྱེས་བཞེས་མཛད་སྐབས། “གཟེངས་བསྟོད་འདིས་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱ་གཞན་ཕན་དང་། བྱམས་པ། སྙིང་རྗེ། འཚེ་བ་མེད་པ་བཅས་ཀྱི་སྙིང་པོར་ཉམས་ལེན་ཅི་ཐུབ་བྱེད་བཞིན་པ་འདི་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་ཡོད། ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འོག་ཚུད་པའི་སྐྱེ་བོ་སྤྱི་དང་། འཛམ་གླིང་ཞི་བདེ་དང་། རང་དབང་གི་དོན་དུ་འབད་བརྩོན་བྱེད་བཞིན་པའི་སྐྱེ་བོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཚད་མེད་དྲན་པའི་སྒོ་ནས་གཟེངས་བསྟོད་འདི་བཞིན་དང་ལེན་ཞུ་གི་ཡོད། འཚེ་མེད་ཞི་བའི་ལག་ལེན་བརྒྱུད་འགྱུར་བ་གཏོང་རྒྱུའི་ལམ་སྲོལ་དེང་དུས་ཡོད་པ་འདི་ཉིད་གསར་གཏོད་གནང་མཁན་བདག་ཉིད་ཆེན་པོ་གྷན་རྡི་ལ་གུས་བཏུད་ཆེད་གཟེངས་བསྟོད་འདི་དང་ལེན་ཞུ་རྒྱུ་ཡིན། ལྷག་པར་དུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྙིང་སྟོབས་ཅན་གྱི་ངོས་ཀྱི་ཡུལ་མི་བོད་མི་ཕོ་མོ་ས་ཡ་དྲུག་པོའི་ཚབ་ཞུས་ཏེ་གཟེངས་བསྟོད་ཞུ་གི་ཡོད་པ་ནི་སྨོས་ཅི་དགོས། དེ་བཞིན་གཟེངས་བསྟོད་འདིས་བདེན་པ་དང་། སྙིང་སྟོབས། སེམས་ཤུགས་བཅས་ལག་ཆར་བཟུང་སྟེ་བོད་ཡུལ་བཅིངས་བཀྲོལ་གཏོང་ཐུབ་རྒྱུའི་ང་ཚོའི་ཡིད་ཆེས་ཡང་བསྐྱར་སྲ་བརྟན་དུ་ཕྱིན་ཡོད།” ཅེས་བཀའ་སློབ་བསྩལ་གནང་ཡོད་སྟབས། བོད་མི་རྩམ་ཟན་ཡོངས་ནས་ང་ཚོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དགོས་དམིགས་འགྲུབ་པའི་བྱ་བར་ང་ཚོས་རྟག་ཏུ་འཚེ་བ་མེད་ཅིང་གཞན་ཕན་དང་། བྱམས་པ། སྙིང་རྗེ་སོགས་རྨང་གཞིར་ལྡན་པའི་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིར་སློབ་སྦྱོང་བྱ་རྒྱུ་དང་དེ་དག་ལག་ལེན་དུ་བསྟར་ཐུབ་པ་བྱ་རྒྱུ་ནི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ངོ་མ་དེ་ཆགས་ངེས་ལ་སོང་། བོད་མི་ཚང་མས་དེ་དེ་བཞིན་གྱིས་དགོངས་པར་འཇགས་གནང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་མགོ་འཛུགས་ཀྱིས་རིམ་པས་ཆོལ་གསུམ་ས་ཁུལ་ཕལ་མོ་ཆེར་བོད་མི་བརྒྱ་སྟོང་ཁྲི་ཚོ་མང་པོས་ཆེས་གཞི་རྒྱ་ཆེ་བའི་ཡར་ལངས་ཞི་རྒོལ་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་སྟེ་ད་བར་བོད་ནང་ཁོ་ནར་སེར་སྐྱ་དཔའ་བོ་དཔའ་མོ་གྲངས་ ༡༥༤ ཡིས་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་ཚུན་ཆད་མེར་བསྲེགས་གནང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འཚེ་མེད་ཞི་བའི་ངོ་རྒོལ་གནང་ཡོད་པའི་ལོ་རྒྱུས་མཇལ་རྒྱུ་ཡོད་པ། ཡང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་བོད་ཀན་ལྷོ་ཁུལ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་ཁྲིམས་བཤེར་བྱས་ཏེ་དངུལ་བཙན་འཕྲོག་བྱས་པ་དང་། བཙན་དབང་གིས་ཚོང་རྒྱག་བཅུག་པའི་ཉེས་འཛུགས་འོག་ལོ་ ༩ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོ་དབུས་ལུང་གྲོང་ནས་ཡིན་པའི་ལོ་ན་ ༣༩ ལ་སོན་པའི་བསྟན་འཛིན་ཐར་པ་ལགས་དང་ཁོང་གི་ཞང་པོའི་བུ་མོ་རང་ལོ་ ༣༦ ལ་སོན་པའི་ལྷ་མོ་ལགས་རྣམ་གཉིས་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ལྷ་མོ་ལགས་འདྲི་རྩད་རྡུང་རྡེག་འོག་འདས་གྲོངས་སུ་གྱུར་བ་སོགས་ལས་གསལ་རྟོགས་ཐུབ་རྒྱུ་མ་ཟད། ཉེ་བའི་ཆར་བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ཉམས་ཞིབ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད་ནའང་། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༥ འཚོགས་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཞབས་སྟེགས་བཞིའི་ཆེད་དུ་འོས་ཤོག་བླུགས་ཡོད་པའི་ཁྲོད་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་ཆེས་ཤུགས་ཆེ་ཤོས་བྱེད་མཁན་རྒྱལ་ཁབ་བཞི་བདམས་ཐོན་བྱུང་ཁོངས་སུ་རྒྱ་ནག་ཀྱང་ཚུད་པར་བློ་ཕམ་ཆེན་པོ་བྱུང་། རྒྱ་ནག་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་དང་། སོག་པོ། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་རྒྱ་ནག་ལ་འོས་ཤོག་བླུགས་མཁན་གྱི་རྒྱལ་ཁབ་ཚོར་ཡང་ཡོད་པ་ཤེས་རྟོགས་དགོས་གལ་ཞེས་གསལ་པོར་ཞུ་འདོད་བྱུང་། རྒྱ་ནག་གཞུང་ནས་ཀྱང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་ཞུགས་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་རྩ་འཛིན་ཡིག་ཆ་གཞིར་བཟུང་ལག་བསྟར་བྱ་རྒྱུ་དང་། བོད་ཀྱིས་གཙོས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ཁས་ལེན་བྱས་པ་ནང་བཞིན་ཁ་དན་ཚིག་ལ་གནས་ཐབས་ཀྱི་ལག་བསྟར་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ཐོག་རྟོག་ཞིབ་ནན་པོ་གནང་དགོས་པའི་བསྐུལ་མ་ཞུ་རྒྱུ་ཡིན།

དེ་ནས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་འཛམ་གླིང་བཟའ་ཆས་ལས་གཞིའི་ཚོགས་པར་ (World Food Programme) འབུལ་གཏན་འཁེལ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲི་བསྔགས་བརྗོད་ཞུས་པ་དང་འབྲེལ། འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པ་བརྒྱུད་ནས་འཛམ་གླིང་ནང་རང་བྱུང་དང་དམག་འཁྲུག་བཅས་ཀྱི་རྐྱེན་པས་འགྲོ་བ་མིའི་བཀྲེས་ལྟོགས་ཀྱི་དཀའ་ངལ་མཐའ་དག་སེལ་ཏེ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་རྒྱུར་མུ་མཐུད་འབད་བརྩོན་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་ཡི་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་སྐུ་ཞབས་ཇཱོ་བྷའེ་ཌན་ (Joe Biden) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀ་མ་ལཱ་ཧན་རི་སི (Kamala Harris) མཆོག་རྣམ་གཉིས་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་སོ་སོར་བདམས་ཐོན་བྱུང་སྟེ། རིང་མིན་ལས་འཁུར་མགོ་འཛུགས་གནང་གཏན་འཁེལ་བར་འཚམས་འདྲི་དང་སྦྲགས་གཞུང་འཛིན་གསར་པའི་སྐབས་བོད་དོན་བདེན་མཐའ་གསལ་བར་རྒྱབ་སྐྱོར་ཞལ་བཞེས་ཡོད་པ་བཞིན་བོད་མི་རྣམས་ནས་ཀྱང་རེ་འདུན་ཤུགས་ཆེ་ཞུ་བཞིན་ཡོད་སྐོར་སོགས་བཀོད་འདུག

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཀརྨ་དགེ་ལེགས་མཆོག་གིས་༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༡ འཁོར་བར་གཞིས་བྱེས་བོད་མི་ཡོངས་དང་། བོད་དང་བོད་མིའི་དྲང་བདེན་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་གྲོས་ཚོགས། ཚོགས་སྒེར་བཅས་ལ་འཚམས་འདྲི་གནང་བ་དང་སྦྲགས། བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་སོང་བ་དང་། གསུང་བཤད་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འདས་པའི་མི་ལོ་ ༦༡ རིང་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་སྤྱི་ལ་བདེ་སྐྱིད་བསྐྲུན་ཆེད་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང༌། ཆོས་དད་ཡོད་མེད་ཀུན་གྱིས་ཉམས་ལེན་བྱེད་ཐུབ་པའི་བྱམས་པ་དང༌། སྙིང་རྗེ། བཟོད་བསྲན། གཞན་ཕན་སོགས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་མཛད་དང་མཛད་བཞིན་པ་ལ་བརྟེན་ནས༌། ད་ཆ་འཛམ་གླིང་ནང་འཚེ་བ་མེད་པ་དང་བྱམས་བརྩེ་ཞེས་ཐོས་མ་ཐག་༧གོང་ས་མཆོག་གི་ཞལ་རིས་ཡིད་ལ་ལྷམ་མེར་འཆར་ བ་ཞིག་ཆགས་ཡོད་ཅིང་། ྋགོང་ས་མཆོག་གི་མཛད་འཕྲིན་དེ་དག་ལ་བརྟེན་ནས་བོད་ཀྱི་བདེན་དོན་ལ་རྒྱལ་སྤྱིའི་ངོས་འཛིན་དང་རྒྱབ་སྐྱོར་ཡོད་པ་ཞིག་ཆགས་ཡོད། དེ་བཞིན་༧མགོན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་ཕལ་ཆེ་བའི་ལྟ་གྲུབ་ཐད་ལ་ཁྱད་པར་ཡོད་ཀྱང་གཞི་རྩའི་བསླབ་བྱ་བྱམས་པ་དང་བརྩེ་བ་སོགས་ཀྱི་སྒོ་ནས་གཞན་ལ་ཕན་བདེ་སྒྲུབ་མཁན་གཅིག་མཚུངས་ཡིན་པའི་ཆ་ནས་ཆོས་ལུགས་ནང་ཁུལ་མཐུན་འབྲེལ་བྱེད་དགོས་པའི་ལམ་སྟོན་མཛད་པ་དང་སྦྲགས། ཆོས་ལུགས་གཞན་ལ་ཞལ་ཞེ་གཉིས་མེད་ཀྱིས་གུས་བཀུར་མཛད་བཞིན་ཡོད། དེ་ལ་བརྟེན་ནས་ད་ཆ་ཆོས་ལུགས་གཞན་གྱི་དབུ་འཁྲིད་ཚོས་ཀྱང་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད་པ་སོགས་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་སྤེལ་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད། གཞན་ཡང་༧མགོན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ལྟ་གྲུབ་རྣམས་སླར་གསོ་དགོས་གལ་ཆེ་གཟིགས་ཀྱིས་རྒྱ་གར་གྱི་སྤྱི་ཚོགས་དང་མི་རབས་གཞོན་པ་རྣམས་ལ་གནའ་བོའི་གཞུང་ལུགས་དང་ལྟ་གྲུབ་དེ་དག་ལ་སློབ་སྦྱོང་དང་ཉམས་ལེན་དགོས་པའི་ལམ་སྟོན་རྒྱ་ཆེ་མཛད་བཞིན་ཡོད།

གཞན་ཡང་དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་འབྲེལ་བཀའ་ཤག་གི་གསུང་བཤད་ནང་།
དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའང་ཡིན་པ་བཞིན། འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེར་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་བཞིན་ཡོད་ནའང་། བོད་ནང་བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཀྱི་ཐོག་ལ་ཉམས་པ་སླར་གསོ་མི་ཉམས་རྒྱུན་འཛིན་གྱི་ལས་དོན་སྤེལ་བ་དང་མངོན་འདོད་བཏོན་པ་ཙམ་གྱིས་རྡུང་རྡེག་དང་བཙོན་འཇུག་སོགས་བྱེད་བཞིན་ཡོད། བྱེད་བབ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་དང་འགལ་བ་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་ད་བར་དུ་བོད་མིའི་མངོན་འདོད་སྟོན་པའི་ཞི་རྒོལ་དེ་དག་ཐད་ལ་དམ་བསྒྲགས་ཇེ་ཆེར་བཏང་བ་ལ་བརྟེན་ནས་གནས་ཚུལ་མང་པོ་ཤེས་རྟོགས་དཀའ་ནའང་ཉེ་ཆར་གནས་ཚུལ་ཐོན་གསལ་ལྟར། ཕྱི་ལོ་ ༢༠༡༩་ཟླ་ ༣ ནང་འབྲི་རུ་རྫོང་གི་གླུ་པ་ལྷུན་གྲུབ་གྲགས་པ་ལགས་ཀྱིས། ཞཱ་མོ་ནག་པོ་ཞེས་གླུ་གཞས་ནང་བོད་མིར་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་ཆེ་ཞིང་། སོ་སོའི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་བྲལ་ནས་བོད་སྐད་བརྗེད་ཉེན་བཅས་ཀྱི་གནད་དོན་བརྗོད་པ་ལ་ལོ་དྲུག་གི་དུས་བཀག་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད།. ཡང་ཉེ་ཆར་གནས་ཚུལ་འབྱོར་གསལ་ལྟར། རྔ་བ་རྫོང་དཀར་ཤུལ་སྡེ་པ་ནས་ཡིན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཉེན་རྟོག་པས་བོད་དོན་ཆབ་སྲིད་ལ་འབྲེལ་བ་ཡོད་པར་བསྙད་ནས་འཛིན་བཟུང་བྱས་ཡོད། དེ་བཞིན་ཉིན་ཤས་སྔོན་ལ་རེབ་ཀོང་ནས་ཡིན་པའི་བོད་ནང་གི་སྙན་ངག་པ་གྲགས་ཅན་རོང་པོ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་རྒྱུ་མཚན་གང་ཡིན་མ་བཤད་པར་གློ་བུར་དུ་ འཛིན་བཟུང་བྱས་ཡོད་ཅིང་། ད་ལྟའི་ཆར་ཁོང་གི་སྐད་འཕྲིན་རྒྱབ་ལྗོངས་ཀྱི་གནས་ཚུལ་ཚང་མ་ལྟ་ཀློག་མ་ཐུབ་པ་ཞིག་ཆགས་ཡོད། གོང་གི་གནས་ཚུལ་དེ་དག་གི་ཐོག་ནས་བོད་ལ་རང་དབང་ཇི་ཙམ་ཡོད་མེད་ཀུན་གྱིས་མཁྱེན་ཐུབ། ཅེས་འཁོད་འདུག

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཨ་ཇའེ་ཊི་གོ་མར་ནེ་རཱ་ཡ་ ( Shri Ajit Kumar Nehria) མཆོག་གིས། དེ་རིང་༧གོང་ས་མཆོག་གི་ནོར་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༣༡ འཁོར་བའི་ཉིན་མོ་རེད། ༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་བོད་མི་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱི་གཟི་བརྗིད་ཅིག་རེད། ངས་བསམ་ཚུལ་ལ་ཞི་བདེའི་ཕོ་ཉ་ཞིག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་ནོར་སྦེལ་ཞི་བདེ་གཟེངས་རྟགས་རང་གི་སྤོབས་པ་ཞིག་ཆགས་ཡོད་ལ། ད་སྔ་བར་ནོར་སྦེལ་ཞི་བདེ་གཟེངས་རྟགས་དེ་༧གོང་ས་མཆོག་ལྟ་བུའི་མི་སྣ་ཁྱད་པར་ཅན་ཞིག་ལ་ཕུལ་ཐུབ་མེད། དེ་རིང་ནི་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་གནང་སྟེ་ལོ་ངོ་ ༢༥ འཁོར་བའི་ཉིན་མོ་ཡིན་པ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པ་༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བའི་མཛད་སྒོར་དགའ་བསུ་དང་འབྲེལ་ནས་བཙུགས་པ་ཞིག་ཡིན། སྤྱིར་དེ་རིང་གི་ཉིན་མོ་འདིར་ཧིན་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བའི་ཉིན་མོ་སྲུང་གཙིའི་སླད་ཧི་མ་ལ་ཡའི་དུས་སྟོན་ཞེས་པ་ཞིག་ལོ་རྟག་པར་ཚོགས་ཀྱི་ཡོད་ཀྱང་། འདི་ལོར་ས་གནས་གཞུང་གི་བཀའ་ཁྱབ་འོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་རྐྱེན་པས་ཧི་མ་ལ་ཡའི་དུས་སྟོན་དེ་ཚོགས་ཐུབ་མ་སོང་། ༧གོང་ས་མཆོག་རྒྱ་གར་དང་དམིགས་བསལ་ཧི་མ་ཅལ་དྷ་རམ་ས་ལར་བཞུགས་རྒྱུ་བྱུང་བ་ནི་རྒྱ་གར་དང་ས་གནས་མི་མང་ཡོངས་ཀྱི་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པས་ད་བར་བོད་ཀྱི་འཐབ་རྩོད་ཆེད་ལས་དོན་ཧུར་ཐག་འབད་བརྩོན་དང་དྲིལ་བསྒྲགས་བྱས་ཡོད་པ་དང་། མ་འོངས་པར་མུ་མཐུད་བོད་ཀྱི་འཐབ་རྩོད་སླད་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 1

  1. jigwang Abharu says:
    ལོ་ 4 སྔོན།

    ཀ་སྟག་སྤྲུལ་སྐུའི་མག་པས་བཏོན་པའི་གནས་ཚུལ་འདི་གར་བཏོན་མི་འདུག་ཅི་ཡིན།
    བོད་ཀྱི་བང་ཆེན་ཚགས་པར་ནང་བཏོན་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese