མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་དམ་འབུལ། བསམ་ཚུལ་ཞིག་གི་ལྷན་ཐབས།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp
རྫ་ཚེ་རིང་བཀྲ་ཤིས།

(འཕྲལ་བྲིས་པའི་ཚིག་དོན་ན་ནོར་བ་ཡོད་ན་བཟོད་གསོལ་ཞུ། )

དེ་རིང་ཞོགས་པ་ནང་ཅ་འཐུང་ཞོར་ངས་ངོ་དེབ་ཀྱི་ཐོག་ཏུ། ༼ངས་བསམ་ན། ཁྲིམས་མཐུན་གྱི་ཁྲིམས་དཔོན་ཞིག་གི་མདུན་དམ་འབུལ་གོ་སྐབས་བྱུང་ན་ལེགས། གཞན་ད་ལྟའི་ཆར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་འབུལ་ཞུ་རྒྱུ་ནི། སྤྱི་འཐུས་རྣམ་པའི་འབྱུང་འགྱུར་གྱི་ལམ་བུའི་ངོས་ནས་གདམ་ཀ་ཡག་ཤོས་སུ་མཐོང་། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོས་དགོངས་པ་བཞེས། །རྫ་ཚེ་རིང་བཀྲ་ཤིས།༽ཞེས་པའི་ཡིག་ཐུང་ཞིག་བཏང་བ་ཡིན།

འཆར་ཅན་ལྟར་ཡག་པོ་འདུག་གསུང་མཁན་དང་། ཕྱོགས་ཞེན་གྱི་སྐད་ཆ་རེད་གསུང་མཁན། ནམ་རྒྱུན་ཁྱོད་ཀྱི་རྩོམ་ཡིག་ལ་དགའ་མོས་ཡོད་དེ། ད་ནི་བློ་ལོག་སོང་ཟེར་མཁན། རྡ་སའི་རྩོད་རྙོག་ལ་ཇུས་གཏོགས་བྱས་ན་ཆེ་མཐོང་བརླག་འགྲོ་ཞེས་བསླབ་བྱ་གནང་མཁན་བཅས་ཁག་སོ་སོ་ནས་བྱུང་།

ལར་ངས་ངོས་ནས་བསམ་ཚུལ་འདི་འབྲི་སྐབས་ཆེད་དུ་ཕྱོགས་ཞེན་དགོས་པའི་བསམ་བློ་ཕལ་ཆེར་མེད་པ་ལྟ་བུ་ཡིན། རྒྱ་ནག་གི་དྲག་པོའི་འཇིགས་སྐུལ་གྱི་འོག་ནས་ང་ཚོས་བསམ་ཚུལ་དྲང་བརྗོད་མི་ཆོག་པའི་མནོན་ཤུགས་དེ་བཙན་བྱོལ་འདིར་མེད་ན་ཡང་། གལ་ཏེ་བསམ་ཚུལ་དངོས་ཤིག་བཤད་ན་སོ་སོའི་འདོད་པ་དང་མ་མཐུན་པ་ཙམ་གྱིས་དེ་མ་ཐག་བཤད་མཁན་དེ་ཤོག་ཁག་གང་རུང་ཞིག་གི་མིའི་ངོ་བོར་གཏན་ཁེལ་བྱེད་པ་དང་། དེ་ནས་ལུ་གུ་རྒྱུད་དུ་བཀའ་བཀྱོན་དང་སྡིག་དམོད་སོགས་ཡོང་གིན་ཡོད་པ་འདི་ཤེས་ཡོན་པ་ཞིག་ལ་མཚོན་ན་སེམས་ནང་གི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད། ང་ལ་ཡང་རྩོམ་ཡིག་རེ་འབྲི་འདོད་སྐབས་བསམ་བློ་གཏོང་དགོས་ས་དང་། ཐ་ན་རྩོམ་ཡིག་འབྲི་རྒྱུ་བསྐྱུར་དགོས་པའི་རྒྱུ་རྐྱེན་ལྟེ་བ་དེའང་འདི་རིགས་ཆགས་ཀྱི་འདུག །དེ་ནི་སེམས་གཏམ་རང་ཡིན།

ང་སྒེར་གྱི་ངོས་ནས་ཀྱང་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ནས་ད་ལྟའི་བར་གྱི་བཀའ་ཤག་དང་དོན་གཅོད། ཁྲིམས་ཁང་དང་གྲོས་ཚོགས་སོགས་ཀྱི་གནང་ཕྱོགས་ལ་བསམ་ཚུལ་མང་པོ་འདོད་འདོད་བྱུང་མོད། གང་བཤད་པ་དེ་སྒེར་གྱི་ལྷད་མེད་ཀྱི་བསམ་ཚུལ་གྱི་ངོ་བོར་འགྲོ་ཐུབ་པའི་ཁོར་ཡུག་མེད་པའི་ཆ་ནས་བསམ་ཚུལ་ཕལ་ཆེར་འདོན་མ་ཕོད་ལ། བཤད་འདོད་པ་མང་པོ་ཞིག་བཏང་སྙོམས་སུ་བཞག་པ་ཡིན། ལར་ང་ལྟ་བུ་ཞིག་གི་བསམ་ཚུལ་མ་བཤད་པ་དེས་སྤྱི་ཚོགས་ལ་ཕན་གནོད་གང་ཡང་མེད་ན་ཡང་། དངོས་གནས་ཀྱི་ཤེས་ཡོན་ཡོད་པ་མང་པོ་ཞིག་ལ་དཀའ་ངལ་འདིས་ཁྱད་པར་བྱེད་ཀྱི་ཡོད། དེ་ཡང་ཁོང་དག་གིས་རང་གི་བསམ་ཚུལ་རྣལ་མ་ནི་བཤད་ས་མེད། བརྫུས་མའི་སྐད་ཆ་ལ་ནི་དབྱིངས་མེད། མཐར་ཁ་ཁུ་སུམ་པོར་བཞུགས་ཀྱིན་ཡོད། དེ་ནས་དེང་གི་གཙོ་རྒྱུག་གི་སྡིང་ཆ་ཡོད་ཚད། གལ་ཆེའི་གླེང་སྟེགས་ཡོད་ཚད། བསམ་བློའི་གད་སྙིགས་ཀྱིས་གང་འགྲོ་བ་དེ་བྱུང་བ་རེད་ལ། འདིས་ཕུགས་རྒྱང་རིང་པོའི་ཆ་ནས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་ཅིས་ཀྱང་ཚོར་ཡོང་གིན་འདུག་སྟེ་ཅི་བྱ།

དེ་རིང་གི་ངའི་བསམ་ཚུལ་དེའི་རྒྱབ་ལྗོངས་ལ་ཡར་དེད་ན་ཡང་། ཁར་ཉིན་ཡང་དྲ་ཐོག་ནས་ཞུས་པ་ལྟར། སྤྱིར་དང་ཐོག་སྤྱི་འཐུས་དང་ཁྲིམས་ཞིབ་ཁང་གཉིས་ཀྱི་སུ་ལ་ལན་པ་མང་བ་ཡོད། སུས་འགྲིགས་ཡོད་མེད་རང་ངོས་ནས་ཡག་པོ་ཞིག་མི་ཤེས། མི་ཤེས་པ་ལ་མི་ཤེས་པར་ལབ་རྒྱུ་དེ་བཟང་སྤྱོད་ཀྱི་འགན་འཁྲི་ཞིག་རེད།

གང་ལྟར། མཐར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་མང་ཤོས་ཀྱིས་གསང་བའི་འོས་ཤོག་འཕངས་པའི་ཐག་གཅོད་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དུ་བརྩི་གིན་ཡོད། དེ་ནི་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པའི་སྤྱི་འཐུས་ཀྱི་དབང་ཤུགས་ཁྱབ་ཚད་ལས་བརྒལ་བའི་ཐག་གཅོད་ཅིག་རེད།

དེ་ནས་གྲོས་ཚོགས་ཀྱི་ཐག་གཅོད་ལྟར་ཁྲིམས་ཞིབ་པ་གསུམ་གྱིས་ཀྱང་ལས་གནས་འཕོ་འགྱུར་ལ་ངོས་ལེན་གནང་བ་རེད། དེ་ནས་ལེའུ་དེ་མཇུག་རྫོགས་པ་ལྟ་བུ་ཞིག་རེད། སྐབས་དེར་ངས་ཁྲིམས་ཞིབ་པ་གསུམ་གྱི་གནང་ཕྱོགས་དེའང་ཁ་ཞེ་གཉིས་མེད་དུ་ངོས་འཛིན་ཞུས་པ་ཡིན།

དེ་རྗེས་ཟམ་གདོང་རིན་པོ་ཆེ་ཕེབས་ནས་ཡང་བསྐྱར་མི་དགོས་ས་ནས་དོན་ལ་མི་གནས་པའི་ཁྲིམས་དོན་འགྲེལ་བཤད་ལོག་པ་ཅི་རིགས་ཤིག་གནང་བ་དེ་ད་ལྟའང་གཏན་ནས་ཁས་ལེན་ཐུབ་ཀྱི་མི་འདུག །བློ་ཕམ་ཡང་ཆེན་པོ་བྱུང་། ཁ་ནས་ཁས་ལེན་ཆོག་མོད། ངའི་རང་གི་དཔྱོད་ཤེས་ཀྱི་བློ་ཉག་མ་གཅིག་པོ་འདིས་ང་ལ་ཁས་ལེན་བྱེད་རོགས་གཏན་ནས་བྱེད་ཀྱི་མི་འདུག དེ་ལ་དགོངས་དག་ཞུ་ཡ་ལས་གང་ཡང་མེད། འོན་ཀྱང་། དེ་ལ་ཡང་ཆོལ་ཁ་སོགས་ཀྱི་གནད་དོན་གང་ཡང་མེད། མ་མཐའ་ཡང་ངའི་ངོས་ནས་མེད། ལར་ང་ཡང་རིན་པོ་ཆེ་ལ་གུས་ཞབས་ཆེན་པོ་ཞུ་མཁན་གྱི་གྲས་ཤིག་ཡིན་མོད། བཀའ་མོལ་བདེན་པ་མ་ཡིན་པ་གསུངས་ན་ཁས་ལེན་ཐུབ་ཀྱི་མི་འདུག །ཉི་མ་གཅིག་ལ་ང་ཁོང་གི་སྐུ་མདུན་ལ་ཐོན་ནས་གོ་སྐབས་ཤིག་རག་པ་ཡིན་ན་ཡང་། ངས་རང་གི་བསམ་ཚུལ་ཆ་ཚང་བཤད་ནས་རྩོད་གླེང་ཞུ་ས་རེད། གང་ལྟར་ཁོང་གི་བཀའ་མོལ་དེའི་རྐྱེན་གྱིས་སླར་ཡང་ཁྲིམས་ཞིབ་པ་ཟུར་བ་གསུམ་རང་འགུལ་གྱིས་ཁྲིམས་ཁང་ནང་དུ་འཛུལ་བ་རེད། འདི་ལ་ངས་ཁྲིམས་དང་སྒྲིག་གཞིའི་གཞི་འཛིན་ས་ཞིག་མེད་པར་མཐོང་གིན་ཡོད། མེད་བཞིན་འདི་འདྲ་བྱེད་པ་དེ་སྡུག་ས་ནས་བཤད་ན་བཙན་འཛུལ་ཞིག་རེད།
ཡིན་ན་ཡང་། ཡག་ས་ནས་བཤད་ན་ད་ལྟའི་གནས་བབ་འདིར་ཕྱོགས་མང་པོ་ཞིག་ནས་དེ་ལས་ལྷག་པའི་གདམ་ཀ་མེད་པའི་ཐོག་ནས་ཁྲིམས་དང་སྒྲིག་གཞི་བཏང་སྙོམས་སུ་བཞག་པའི་ཐག་གཅོད་གནང་སྟངས་གཞན་པ་ཞིག་ཡིན་རྒྱུ་རེད། དེ་ཡང་ཡིན་རྒྱུ་གྱིས། རྩོད་པ་རྒྱག་འདོད་མེད། ཚང་མ་ལ་འགྲིགས་ན་ང་ལ་མི་འགྲིགས་པ་གང་ཡང་མེད།

ད་ནི་སྤྱི་འཐུས་དམ་འབུལ་གྱི་སྐོར་རེད། དེ་ལ་ད་ནང་ཚོགས་དྲུང་གི་ཡི་གེ་དེ་མཐོང་སྐབས་འདིའི་ཐད་གདམ་ང་གཉིས་ཤིག་ཡོད་པ་མཐོང་བྱུང་། དེའི་ནང་ནས་༧གོང་ས་མཆོག་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་བཅའ་ལེན་རྒྱུ་དེ་ཅིག་བྱས་ན་བཅའ་ཁྲིམས་ཀྱི་དངོས་བསྟན་ཡིན་གྱི་མ་རེད། ཡག་པོ་ཞིག་ཧ་མི་གོ །འོན་ཀྱང་གང་ལྟར་སྤྱི་འཐུས་དམ་འབུལ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་སུ་གྱུར་འདུག །དམ་འབུལ་ལམ་དུ་སོང་ན་སྤྱི་འཐུས་འཚོགས་ཐུབ། བཀའ་བློན་བསྐོ་ཐུབ། སྒྲིག་འཛུགས་ཀྱི་ལས་དོོན་འགྲོ་ཐུབ་པ་སོགས་ཡོང་གི་རེད་ལ། ཁྱད་པར་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་ཞུ་བའི་གདམ་ང་འདི་ནི་ཁྲིམས་སྒྲིག་ཁ་གསལ་མེད་པ། བསམ་ཚུལ་གཅིག་མཐུན་མེད་པ་སོགས་ཀྱི་གནས་བབ་འོག །དམ་བཅའ་ལེན་ཡུལ་གྱི་གདམ་ང་ཡག་ཤོས་དེ་རེད་སྙམ་པའི་བསམ་བློ་འཁོར་བྱུང་།

འདིས་སྤྱི་འཐུས་སོ་སོའི་མ་འོངས་པར་སོ་སོའི་ཁྱབ་ཁོངས་སུ་ཕྱག་ལས་གནང་སྐབས་འགོག་རྐྱེན་དང་སུན་ཙེར་ཉུང་གི་རེད་སྙམ་པ་ཞིག་བྱུང་། སྐད་ཆ་ཁ་ཐུག་བཤད་ན། ཁྲིམས་མཐུན་ཡིན་མིན་ལ་རྩོད་པ་ཡོད་པའི་ཁྲིམས་དཔོན་དང་། ཡང་ན་དེ་དང་འབྲེལ་བའི་ཐོག་ནས་དམ་བཅའ་བླངས་པ་ལ་མི་ཚོས་ངོ་རྒོལ་བྱེད་བསླ་བ་དང་། སྐབས་འཚོལ་བ་ཚོར་ཡང་གོ་སྐབས་མང་བ་ཡོང་གིན་ཡོད་པ་རེད།

གལ་ཏེ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་རིན་པོ་ཆེ་ལས་དམ་བཅའ་བླངས་ན་གཞན་པ་ཚོས་རྙོག་དྲ་བཤད་བསམ་ན་ཡང་མ་མཐའ་ཡང་ཁ་ལ་ཐོན་བདེ་མོ་ཞིག་ཡོད་རྒྱུ་མ་རེད། ཁྲིམས་དང་སྒྲིག་གཞི་སོགས་ཀྱི་བསམ་བློ་མགོ་རྙོག་ཚ་པོ་མང་པོ་མེད་པའི་མི་མང་དཀྱུས་མ་ཚོས་ཉན་ན་ཡང་ཉན་བདེ་བ་དང་། རང་བཞིན་གྱིས་ཡིད་ལ་འཕྲོད་པ་ཞིག་ཡོང་གིན་ཡོད་པ་རེད། དོན་ལ་ཡང་དེ་ལས་གཉན་པའི་ཡུལ་ཞིག་ང་ཚོ་ལ་མེད་པ་རེད། ཡང་ངེས་པར་འདི་ལྟར་དགོས་ཟེར་མཁན་གྱི་སྤྱི་འཐུས་དེ་དག་གི་ཀུན་སློང་དེ་གང་འདྲ་ཡིན། ཆབ་སྲིད་ཀྱི་རྩེད་མོ་བརྩེད་སྟངས་ཤིག་ཡིན་མིན་སོགས་འདྲ་མིན་སྣ་ཚོགས་ཡོད་རྒྱུ་རེད།

ཡིན་ན་ཡང་། ང་རང་གི་ངོས་ནས་གདམ་ཀ་འདི་ད་ཡོད་ཀྱི་གདམ་ཀ་གཉིས་ལས་ཡག་ཤོས་དེར་མཐོང་བ་དེ་གཙོ་བོ་སྤྱི་འཐུས་སོ་སོའི་མ་འོངས་པར་མང་ཚོགས་ལ་ཞལ་ཕྱོགས་ནས་ཕྱག་ལས་གནང་སྐབས་ཀྱི་ལམ་བུ་ཞིག་ལ་བསམ་བློ་མང་བ་བཏང་ནས་ལབ་པ་ཡིན། དེ་ཡང་། སྤྱི་ཚོགས་འདིའི་ནང་གི་སྤྱི་འཐུས་ཚོ་མ་འོངས་པར་ལས་དོན་བྱེད་སྐབས་ས་གནས་ཤིག་ལ་ཚོགས་འདུ་ཞིག་འཚོགས་ན་ཡང་གཅིག་མར་བསྡད་ན་གཅིག་ཡར་ལངས་ནས་ཕྱི་ཁ་རུ་མེད་ས་ལ་ནང་སྣ་རུ་བྱེད་སྡོད་པ་འདི་ལས་མཐོང་མི་བདེ་བ་དང་བློ་ཕམ་པ་ཞིག་མེད་པས། མདོར་ངས་ནི་གཙོ་བོ་སྤྱི་འཐུས་སོ་སོ་ལ་བསམ་པའི་ཁུལ་ཡིན་ལ།  འདི་ཡང་རྒྱང་ཐག་ཅུང་ཟད་རིང་པོར་བསམ་བློ་བཏང་བའི་ཁུལ་ཡིན།

ཟུར་པ་ཚོས་ག་རེ་གནང་ན་གནང་། ལས་ཐོག་པ་ཚོ་ནི་དོན་གྱིས་འབྱུང་འགྱུར་ལོ་ལྔའི་ནང་དང་ཡང་ན་དེ་ལས་མང་བའི་དུས་ཡུན་ནང་བོད་གཞུང་དམངས་གཉིས་ཀྱི་ལེགས་ན་ཐར་པའི་གྲུ་གཟིངས་དང་ཉེས་ན་འཁོར་བའི་གཏིང་རྡོ་རེ་འགྱུར་གྱི་ཡོད་པ་ཡིན་པས་ཁོང་རྣམ་པ་ཚང་མས་བསམ་བློ་ཞིབ་ཙམ་གཏོང་དགོས་པ་གནད་འགག་ཅིག་རེད།

དེ་མིན་ངའི་ངོས་ནས་ད་ལྟའི་དབུ་སྲིད་སྐྱོང་ནས་སྤྱི་འཐུས་ཚང་མ་མང་གཙོའི་འགྲོ་ལུགས་ཚད་ལྡན་བརྒྱུད་ནས་མང་མོས་འདེམས་ཐོན་བྱུང་བ་རྐྱང་རྐྱང་ཡིན་པར་ངོས་འཛིན་དངོས་གནས་ཞུ་གིན་ཡོད། དེའི་ཆ་ནས་སྔར་རང་གི་རྒྱབ་སྐྱོར་ཞུ་ཡུལ་དེ་ཡིན་མིན་ལ་མ་ལྟོས་པར་གུས་ཞབས་དང་རྒྱབ་སྐྱོར་ཆ་ཚང་ཡོད་ལ། ལས་ཡུན་རིང་ཕྱག་ལས་དེ་དག་ཡག་པོ་ཡོང་ན་སྙམ་པའི་བསམ་བློ་ཡོད། ལར་སོ་སོའི་སྣང་བ་མི་འགྲོ་བའི་བཀའ་སྤྱི་སུ་ཞིག་གི་ལས་ཁུར་རིང་ལས་དོན་ཚ་མ་ལྡོག་ཕྱོགས་ནས་ལྟ་བ་དང་། དེ་ཡག་པོ་མ་བྱུང་བའི་སྣང་བརྙན་ཞིག་ལ་རེ་བ་རྒྱག་པ་འདི་ང་ཚའི་སྤྱི་ཚོགས་ན་མེད་པ་མིན་ན་ཡང་། ང་སྒེར་ངོས་ནས་དེ་ནི་ཆུ་ལ་ངན་བྱས། སློག་རུལ་ཆུས་སྦངས་ཞེས་པ་ལྟར། མཐར་བོད་ཀྱི་རྩ་དོན་དང་སྒྲིག་འཛུགས་ཀྱི་ལོ་རྒྱུས་དང་མདུན་ལྗོངས་ལ་གནོད་པ་ལས་གཞན་གང་ཟག་སྒེར་ལ་ཁྱད་པར་ཆེན་པོ་འགྲོ་གིན་མེད་པས། ང་ཚོས་བསམ་བློ་གཏོང་ས་དེ་ཁོང་ཚོའི་མ་འོངས་པ་དེ་ཡག་པོ་ཞིག་བྱུང་ན་སྙམ་པ་དང་། མ་མཐའ་ཡང་གནོད་མི་སྐྱེལ་བའི་བསམ་བློ་ཞིག་ཡོད་དགོས་སྙམ།

ཨ་ཅང་ཅང་། དེ་ལས་གདམ་ང་ཡག་པ་ཡོད་ན་ནི་ཅིས་ཀྱང་དེ་གནང་དགོས། ད་ལྟའི་གནས་བབ་དངོས་ཀྱི་ཆ་ནས་ངས་མཐོང་བའི་གདམ་ང་ནི་ཞོགས་པ་ལབ་ཡ་དེ་རེད། དེ་ལ་རྣམ་པ་ཚོས་དཔྱད་བརྗོད་གང་གནང་དང་། ལྟ་ཚུལ་གང་བཟུང་ལ་ང་ལ་ནི་ཁྱད་པར་དེ་ཙམ་མེད། གུས་བཀུར་ཡོད་པའི་ཐོག་ནས་བསམ་ཚུལ་མི་མཐུན་པ་དག་གསུངས་པ་ནི་ཕན་ཐོགས་ཡོད་པ་ཞིག་ཡིན། དབུགས་ཐོག་གཅིག་ལ་ཤར་མར་བཏགས། རྫོགས་སོ། །

མཆན། གོང་གི་བསམ་ཚུལ་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 11

  1. བོད་མི། says:
    ལོ་ 4 སྔོན།

    བདམས་ཐོན་སྲིད་སྐྱོང་ཁྲིམས་དཔོན་མདུན་ནས་དམ་འབུལ་ཞུས་རྗེས་མང་ཚོགས་ནང་ལབ་གླེང་གང་ཡང་མེད་ན། བདེམས་ཐོན་སྤྱི་འཐུས་ནས་ཁྲིམས་དཔོན་མདུན་ནས་དམ་འབུལ་ཞུས་ན་མ་འགྲིམས་པ་ག་ལ་ཡོད། ཅེས་ཚིག་འདི་ཁྱེད་རང་གི་རྩོམ་ནང་བླུག་རོགས་གནང་།
    གོང་གི་དྲི་བ་འདི་གནད་འགག་ཆེན་པོ་ལྡན་པ་མཐོང་སོང་ན། འདིར་བསྐྱར་བཀོད་ཀྱིས་ལན་འདེབས་ཤིག་ལ་རེ་སྒུག་བྱེད་ཀྱིན་ཡོད།
    ཕུག་རྒྱང་རིང་པོར་དགོངས་ནས་བཅའ་ཁྲིམས་ཟེར་བ་འདི་གཏན་ལ་ཕབ་པ་ཞིག་ལས་སྐབས་དང་དུས་ཀྱི་གནས་བབ་ལ་གཞིགས་ཏེ་འགྲོ་ལུགས་གང་ལ་འགྱུར་བ་གཏོང་དགོས་པ་ངེས་ན་བཅའ་ཁྲིམས་གཏན་འབེབས་བྱས་པའི་དགོས་དམིགས་མེད་སོང་བ་ཡིན། སྐབས་བབ་གང་ལ་ལྟ་གིན་
    སྒྲིག་གཞི་རེ་བཟོས་ཆོག་ན་གང་ཟག་གི་དབང་སྒྱུར་དང་ཕྱོགས་གཏོགས་ཀྱི་ཁ་གྲངས་མང་ཉུང་ཙམ་ལས་ཆག་ཆོད་དྲང་པོ་ཞྀག་མི་ཡོང་ཁོ་ཐག་རེད། གང་ལྟར་ཡང་གང་ཟག་གི་བྱེད་བབ་ལ་ལྟོས་ནས་ཁྲིམས་བཀྱོག་བྱུང་མི་རུང་བ་ཕུག་རྒྱང་རིང་པོར་དམིགས་པའི་ཐག་ཆོད་ཅིག་ཡིན།

    Reply
  2. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    ༑ མང་གཙོའི་ཀ་བ་གསུམ་ནས་ཁྲིམས་ལུགས་དབང་འཛིན་གྱི་ཀ་བ་དེས་ཤེས་བཞིན་དུ་གྲོས་ཚོགས་ཀྱིོ་ལམ་ལས་བཅགས་པའི་དཀའ་ངལ་ངང་སྤྱི་ཚོགས་ནས་ལབ་གླེང་མང་དག་ཅིང་བྱུང་ཡོད། དེས་རྐྱེན་པས་གྲོས་ཚོགས་ཚོགས་གཙོ་དང་དཔུང་འདེགས་ཕལ་ཆེར་གཙོ་བོ་བཅས་གཉིས་དགོང་པ་ཞུས། དེ་ནས་ཚོགས་མི་ ༢༡ ནས་དེ་སྔའི་ཁྲིམས་ཞིབ་པ་གསུམ་ལ་སྐྱོན་མེད་ཀྱིས་ངན་འཛུགས་ཞུས་པའི་རང་སྐྱོན་ངོས་ལེན་པའི་གནས་སྟངས་སོགས་ལས་གསུམ་ཆ་གཉིས་ཀྱི་གྲོས་ཆོད་ལ་དབང་ནུས་མེད་པ་སོགས་འགྲེལ་བརྗོད་ལམ་ནས་ཁྲིམས་ཞིབ་པ་རྣམས་སླར་ལས་གནད་དུ་འཁོད། ཁྲིམས་ཞིབ་པས་འགྲེལ་བརྗོད་རྣམས་རྒྱུ་མཚན་ལྡན་ངེས་ཐོག་བཅའ་ཁྲིིམས་དང་འཛམ་གླིང་ཡ་རབས་གོམ་བགྲོད་དང་མཐུན་ངེས་ཀྱང་ཕྲན་བུའི་བློ་བདེ་རང་མ་བྱུང་ཀྱང་རྒྱ་ཆེ་མང་ཚོགས་ཀྱི་ཐུགས་འདོད་ལྟར་ཕལ་ཆེར་བྱུང་གནས་ཡིན་འདུག་ཁར་དེ་སྔའི་དཀའ་ངལ་དེ་ཡང་སེལ་ཐུབ་ཡོད། ཡིན་ཀྱང་གྲོས་ཚོགས་འཐུས་མི་གསར་པ་ཁག་དམ་འབུལ་སྐབས་སླར་དེ་ལྟར་མ་བྱུང་ན་སྙམས་པའི་རྙོགས་ཁྲ་ལངས་རེད། རྙོགས་ཁྲ་བཟོ་མཁན་རྣམས་ཕལ་ཆེར་སྐབས་གོང་མའི་སྤྱི་འཐུས་རྣམས་ཡིན་སྲིད། དེ་འདྲ་སོང་ཙང་ཆོས་ལུགས་སྤྱི་འཐུས་རྣམས་དགོས་གནད་མེད་པའི་མང་གཙོའི་མི་མང་སྐད་ཤོར་པའི་རྒྱུ་མཚན་ཡང་གཅིག་རེད།

    ༸རྒྱལ་དབང་མཆོག་སྐུ་འཚོ་བཞུགས་བཀའ་དྲིན་ཆེ་བའི་གོ་བཟང་དང་ཤིན་ཏུ་ནས་གལ་འགངས་ཆེ་པའི་གནས་དོན་སེལ་ཐབས་སུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་མདུན་དམ་འབུལ་ཞུ་རྒྱུ་ཞུ་བ་གང་ལས་བྱུང་ངམ། དེ་ཡང་རྡ་ས་བཞུགས་སྒར་དུ། ཁོང་གི་སྐུ་མདུན་དེར། སློབ་གྲྭ་དང་མི་མང་། ཁང་ཚན་དང་བརྒྱ་ཤོག་བཅུ་ཤོག་ལྟ་བུའི་གནས་སྟངས་ཡིན་ན་སྐུ་པར་མཐོན་གྲོལ་རིན་པོ་ཆེ་མདུན་དམ་འབུལ་ཞུ་སྲིད།་དེ་ཡང་སྤྱི་ཚོགས་དེར་ཁྲིམས་སྒྲིག་མེད་ན་ལས། ང་ཚོར་མཁས་དབང་དང་དེ་མིན་སྤྱི་ཚོགས་སྤྱོད་ལམ་དུ་མཐོས་བསམ་སྒོམ་གསུམ་ལས་མྱོང་བའི་སྐྱེ་བོ་རྣམ་དཔྱོད་གང་རྒྱས་ལས་གྲུབ་པའི་བཅའ་ཁྲིམས་ཡོད། དེ་ལྟར་ཞུ་མ་ཐུབ་པ་གང་ལས་ལུས། ༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཡོད་ན་ཁོང་གི་བཀའ་ལ་བསོམ་རྒྱུ་དེ་མ་རེད་དམ། ཁོང་གི་བཀའ་དེ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་སྲུང་རྩི་དགོས་པ་དེ་རེད་ལ་སྐུ་པར་མདུན་དམ་འབུལ་ཞུ་འདོད་ཀྱི་སྤྱི་འཐུས་རྣམ་རྒྱ་ཅན་ཚོ་དང་ང་ཚོ་ཚང་མ་བོད་པ་ཡིན་པའི་སོ་སོའི་ཁྲིམས་དེའང་སྲུང་དགོས་མ་རེད་དམ། དཔེ་ངན་པ་གཞན་ལ་སྟོན་ན་མིང་ཆད་ངན་པ་མི་ཚེ་ལས་གཏམ་ཚེ་རིང་རྒྱུ་དེ་རང་ལ་རག་རྒྱུ་ཡོད་དོ། ༸ཁོང་གི་ཞལ་མཇལ་མ་ཕོད་པས་གནོང་ལས་ཡིན་སྲིད།

    ཡང་མི་མཁས་པ་མང་པོ་ཞིག་ལ་བསམ་ཚུལ་འདོན་ས་མེད་པའི་དགོང་གནས་འདུག ཡིན་ཀྱང་མཁས་པ་རང་ཉིད་ནས་བསམ་ཚུལ་མང་པོ་ཞུས་པ་ཀློག་མྱོང་ལ་ངས་མ་མཇལ་བའི་མཁས་པའི་དགོང་འཆར་ལ་གཞན་གྱི་བསམ་ཚུལ་མང་པོ་བྱུང་བ་མ་ཚད་རྡ་སའི་རྩོད་རྙོག་ལ་ཇུས་གཏོགས་བྱས་ན་ཆེ་མཐོང་བརླག་འགྲོ་ཞེས་བསླབ་བྱ་གནང་མཁན་བཅས་ཁག་སོ་སོ་ནས་བྱུང་། ཞུ་བའང་ཀློག་རྒྱུ་བྱུང་། རྡ་སའི་རྩོད་རྙོག་དེ་ང་ཚོའི་དཀའ་ངལ་རེད། དེར་ང་ཚོས་བྱུས་གཏོགས་མ་བྱས་ན་སུའི་བྱེད། ཡིན་ཀྱང་མཐོང་བརླག་རྒྱུའི་ཕྱོགས་རིས་བྱས་ན་འབྲས་བུའང་དེ་ལྟར་ལོས་འོང་། མཁས་པས་གསུངས་བྱོན་དགོས། དེ་ལས་ཕན་པ་ཡོང་ངེས། དེ་བཞིན་༡༩༥༩ སྔོན་དགེ་བཤེས་མཁས་པ་དང་སྐྱབས་བཅོལ་མཁས་པ།་དེ་བཞིན་དེང་དུས་མཁས་པ་བློ་སེང་ལགས་སོགས་ནས་གཞུང་འཛིན་རེད། མཁས་པ་ཡོད་ན་མཐོན་ནས་མི་དམངས་ཆེ་མཐོང་ལོན་ཐུབ་པ་གནང་དགོས་ལས་དེ་མིན་ལམ་གཞན་ཨེ་ཡོད།
    གཟབ་གདོང་རིན་པོ་ཆེས་མ་དྲང་བའི་གནད་དོན་དེ་ཁྱེད་ཉིད་ཀྱི་བསམ་ཚུལ་རེད། རིན་པོ་ཆེ་བཀའ་མ་ཕེབས་གོང་ལ་མི་མང་པོས་དེ་འདྲ་ཞུ་མཁན་བྱུང་ཡོད། ཁོང་གི་བཀའ་དེ་བཅའ་ཁྲིམས་ལ་འགྲེལ་བཤད་གནང་བ་ལས་གཞན་གང་ཡང་བཀའ་གནང་མ་སོང། མང་གཙོའི་ལམ་དུ་མི་དཀྱུས་མའི་བསམ་ཚུལ་ལ་རྡོག་རོལ་གཏོང་རྒྱུ་མེད། མི་དམངས་ལ་སངས་རྒྱུས་གོ་འཕང་ཐོབ་རྒྱུའི་མཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་མེད་ནའང་མང་གཙོའི་ལམ་ལ་འགྲོ་ཐབས་མི་དམན་ཙམ་ཤེས་པ་༸ཁོང་གིས་བཀའ་དྲིན་གྱི་གོ་སྐལ་ལས་ཐོབ་མིན་འདུག་གམ། དྲང་བདེན་པ་རྒྱབ་ཕྱོགས་པ་ལས་དེ་མིན་སྤྲེལ་རྩལ་ཁྲབ་དགོས་གང་ཡང་མེད་དོ།།

    Reply
  3. བུ་ཆུང་ཚེ་རིང་། says:
    ལོ་ 4 སྔོན།

    རྫ་ཚེ་ལགས། ཕྱོགས་ཞེན་གྱི་སྐད་ཆ་ཉུང་ན་མཛེས། ཁ་གཅིག་ནས་ལྕེ་གཉིས་མ་གཡུག ཕྱོགས་གཅིག་ནས་བཅའ་ཁྲིམས་མི་ཤེས་ཟེར། ཕྱོགས་གཅིག་ནས་ཟམ་གདོང་ཚང་གིས་ཁྲིམས་དོན་འགྲེལ་བཤད་ལོག་པ་ཅི་རིགས་ཤིག་གནང་བ་དེ་ཡིན་ཟེར། ཁྱོད་ཀྱིས་བཅའ་ཁྲིམས་མ་ཤེས་ན་འགྲེལ་ལོག་ཡིན་པར་ཇི་ལྟར་ཤེས་སམ། ཟམ་གདོང་གིས་འགྲེལ་བཤད་མ་རྒྱབ་པའི་གོང་ནས་ཁྲིམས་ཞིབ་པ་ཟུར་བ་ངག་དབང་རབ་རྒྱས་སོགས་ཀྱིས་བཅའ་ཁྲིམས་ཚིག་དོན་རེ་རེ་བཞིན་ཚིག་འགྲེལ་ཤན་སྦྱར་བྱས་ནས་སྤེལ་བར་མིག་ཡོད་ན་མཐོང་དགོས་ཚོད་དང་། ད་དུང་ཨ་རླུང་ཚང་དང་བགྲོ་གླེང་གང་བྱས་རྣ་བ་ཡོད་ན་ཐོས་དགོས་ཚོད་རེད། ད་དུང་ཁྲིམས་ཞིབ་པ་ཟུར་པ་གསུམ་ཡར་ཕེབས་པ་དེ་ད་ཡོད་གསོན་པོར་བཞུགས་པའི་བཀའ་ཁྲི་ཟུར་པ་དང་། བཀའ་བློན་ཟུར་པ་ཡོངས་རྫོགས་ནས་པད་མ་ཆོས་འབྱོར་དང་། ཚེ་རིང་ཕུན་ཚོགས། ཐུབ་བསྟན་ལུང་རིགས་གསུམ་ཙམ་ལས། ལྷ་སྲས་རྒྱལ་ལོ་དོན་གྲུབ་ནས་བཀའ་ཟུར་རྒྱ་རི་སྒྲོན་མའི་བར་དང་། དེ་བཞིན་གཞུང་སེམས་དག་པའི་ལས་བྱེད་ཟུར་པ་དང་། སྤྱིར་སྒེར་གྱི་གནད་ཡོད་མི་སྣ་སྟོང་ཕྲག་དུ་མས་རེ་སྐུལ་དང་ཞུ་སྙན་ཕུལ་རྗེས་གཞི་ནས་ཡར་ཕེབས་པ་རེད། ཁྱོད་རང་རྙོག་གླེང་ག་ཡོད་སར་དྲང་མདོག་དང་མཁས་མདོག་མ་བྱེད། བཤད་འདོད་ན་བཅའ་ཁྲིམས་གཞིར་བཟུང་ནས་ཤོད་དང་མི་སྐད་རེད།

    Reply
  4. རྩ་རི། says:
    ལོ་ 4 སྔོན།

    བདམས་ཐོན་སྲིད་སྐྱོང་ཁྲིམས་དཔོན་མདུན་ནས་དམ་འབུལ་ཞུས་རྗེས་མང་ཚོགས་ནང་ལབ་གླེང་གང་ཡང་མེད་ན། བདེམས་ཐོན་སྤྱི་འཐུས་ནས་ཁྲིམས་དཔོན་མདུན་ནས་དམ་འབུལ་ཞུས་ན་མ་འགྲིམས་པ་ག་ལ་ཡོད། ཅེས་ཚིག་འདི་ཁྱེད་རང་གི་རྩོམ་ནང་བླུག་རོགས་གནང་།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    དགོང་ཚུལ་ཟབ་འདུག་། ཕུགས་བསམ་འདུག་། དོན་དངོས་བཅའ་ཁྲིམས་དོན་ཚན་ཞེ་བདུན་ལ་བསྐྱར་བཅོས་མ་གནང་བ་རང་སོར་བཞག་ནས་༸གོང་ས་མཆོག་གི་སྐུ་པར་མདུན་དམ་འབུལ་ཞུ་རྒྱུ་དེ་བཅའ་ཁྲིམས་དོན་ཚན་ཞེ་བདུན་དང་མ་མཐུན་པ་ནས་སྤྱི་འཐུས་ཁག་ཅིག་གི་ཁྲིམས་ཞིབ་ཆེ་བའི་མདུན་དམ་འབུལ་ཞུས་པ་དང་ཁག་ཅིག་གི་༸གོང་ས་མཆོ་གི་སྐུ་པར་མདུན་དམ་འབུལ་ཞུས་པ་འདིའི་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམས་ཞབས་བྲོ་མཉམ་དུ་རྒྱབ་ནས་སྐེ་ཟེར་ལོགས་སུ་བཅའ་བ་འདིའི་རྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་གནོད་ག་འདྲ་བྱས་ཡོང་ན་།

    Reply
  6. ཆབ་མདོ་ངག་ཕུན། says:
    ལོ་ 4 སྔོན།

    ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཁྲིམས་ཞིབ་པ་གསུམ་ཁ་དུས་གཅིག་ལ་འཕོ་འགྱུར་བཏང་མི་ཆོག་ཟེར་ནས་གསལ་ཁ་ཡོད་ན་འགྲིགས་འདུག །དེ་གསལ་ཁ་གང་ཡང་མེད་པར་བརྟེན་ནས་རྩོད་གཞི་ཅན་ཞིག་ཏུ་འགྱུར་བ་རེད།

    Reply
    • གདོང་དམར་བོད། says:
      ལོ་ 4 སྔོན།

      གྲོགས་པོ་ལགས།
      བཅའ་ཁྲིམས་ནང་ཁྲིམས་ཞིབ་པ་ཡོངས་རྫོགས་དུས་གཅིག་ལ་འཕོ་འགྱུར་གཏོང་ཆོག་མ་ལབ་པར།
      ཁྲིམས་ཞིབ་པ་གང་ཡང་རུང་བ་འཕོ་འགྱུར་གཏོང་ཆོག་ཅེས་གང་རུང་ལབ་པ་དེ་ག་རང་གིས་དུས་གཅིག་ལ་ཁྲིམས་ཞིབ་པ་ཡོངས་རྫོགས་འཕོ་འགྱུར་གཏོང་མི་ཆོག་པ་གསལ་པོ་ཆགས་ཡོད་རེད།

      Reply
  7. བུང་བ་གསེར་མིག says:
    ལོ་ 4 སྔོན།

    བོད་མའི་སྒྲིགས་འཛུགས་ཀྱི་བཅའ་ཁྲིམས་ལ་ཁྲིམས་ཀྱི་ནུས་པ་བླ་ན་མེད་པ་ཡོད་པ་ཟེར་བ་དེ་ཁྱེད་རང་གི་བལྟ་ཚུལ་ལྟར་ན་ཡང་སྙིང་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་ཟོས་པ་མ་ཟད་དེ་ལ་འགྲེལ་བ་ནུས་ཡོད་རྒྱབ་མཁན་ཡང་སྤྱི་འཐུས་ལྷན་ཚོགས་ཟེར་ན་དམར་པོའི་སྒེར་སྤྱོད་པ་ཚོ་དང་ཅིས་མི་མཚུངས། ལར་ནས་སོ་སོས་འདོད་ཕྱོགས་ཁོ་ན་གཙིགས་སུ་བཟུང་ཏེ་བཅའ་ཁྲིམས་ཟུར་དུ་བཞག་པར་རྒྱབ་སྐྱོར་བྱེད་པ་ནི་རྩོམ་པ་པོ་ཡིན་ཁུལ་དང་དཔྱད་དཔྱོད་པའི་རྟགས་འཛིན་པ་ཚོས་ངེས་པར་གཟབ་དགོས་པ་ཞིག་ལས་དེ་མིན་དོང་དུ་ཟག་བཅུག་པ་དང་ཁྱད་མེད། རྒྱུ་མཚན་དེས་ན་རང་གི་འདོད་པ་ཁོ་ན་མིན་པར་བཅའ་ཁྲིམས་གཙིགས་སུ་བཟུང་དགོས་པ་ནི་མ་འོང་བོད་མའི་ངོ་བོ་མཚོན་པའི་སྒྲིགས་འཛུག་འདི་རྡོ་རྗེ་བྲག་རི་ལྟར་བརྟན་པར་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཤིན་ཏུ་མཁོ་ལ་དེ་ལྟར་གནས་ཐུབ་པའི་སྒྲོམ་གཞི་མེད་ཐབས་མེད་པ་ཞིག་ཀྱང་ལོས་ཡིན་པས་དགོང་པ་གཟབ་ས་ཞེས་དགོས་པ་དུས་ཀྱི་སྐབས་བབས་སོ།

    Reply
  8. Tador18 says:
    ལོ་ 4 སྔོན།

    ཁྲིམས་སྒྲིག་ཁ་གསལ་མེད་པ།
    དོན་ཚན་ཞེ་བདུན་པ། སྤྱི་འཐུས་ཀྱི་དམ་འབུལ།
    འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོས་མདུན་སར་དམ་འབུལ་ཞུ་དགོས་པ་དང་། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས།

    Reply
  9. ངག་དབང་། says:
    ལོ་ 4 སྔོན།

    བསམ་ཚུལ་ཡག་པོ་བྲིས་འདུག་འོན་ཀྱང་ཟམ་གདོང་རིན་པོ་ཆེ་དང་།
    ཁྲིམས་དཔོན་ཟུར་པ་ཚོས་ཁ་གཅིག་གྲགས་ཀྱིས་དུས་གཅིག་ལ་ཁྲིམས་ཞིབ་པ་ཚང་མ་གནས་དབྱུང་གཏོང་མི་ཆོག་པ་བཅའ་ཁྲིམས་རིན་པོ་ཆེའི་དགོང་དོན་རེད་ཅེས
    གསུང་པ་དེ་ལའང་ངེས་པར་བློ་ཕྱོགས་སུ་མ་ལྷུང་བར་དཔྱད་པ་བྱེད་རྒྱུ་ངོ་མ་གལ་ཤིན་ཏུ་ནས་ཆེ།
    གང་ལྟར་རྐྱང་བཅའ་ཁྲིམས་ལས་གང་ཟག་གིས་དབང་དུ་ནམ་ཡང་འགྲོ་མི་རུང་།

    Reply
  10. ཆབ་མདོ་ངག་ཕུན། says:
    ལོ་ 4 སྔོན།

    སྐུ་ཉིད་ཡག་པོ་ཞིག་བྲིས་གནང་འདུག །ད་ལྟའི་དུས་སྐབས་དེར་སོ་སོའི་བསམ་ཚུལ་ངོ་མ་ཞིག་འབྲི་དགོས་དྲན་ནའང་སེམས་ནང་དུ་བསམ་བློ་མང་པོ་ཞིག་གཏང་ནས་འབྲི་དགོས་ཐུག་གི་འདུག །ད་མང་པོ་ཞིག་མི་བཤད་ཕན་ཐོགས་ཡོད་པ་ཅི་མ་མཐོང་། དེ་ལས་ད་ལྟའི་གནས་སྐབས་སྤྱི་འཐུས་བདམས་ཐོན་རྣམ་པས་༸རྒྱལ་བའི་སྐུ་དཔར་དང་། བཅའ་ཁྲིམས་རིན་པོ་ཆེ་གཉིས་ཀྱི་མདུན་དུ་དམ་འབུལ་ལྷག་ཅིག་མི་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese