མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲིན་དང་དུང་བ་ཟབ་པའི་འགྲོགས་འདྲིས་ཀྱི་ལོ་ཟླ། 

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

—དགེ་རྒན་དམ་པ་ཨ་མཁར་བློ་བཟང་རྒྱ་མཚོ་རྗེས་སུ་དྲན་པ།

རྔ་བ་ཚེ་རྒྱམ། 

དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་བློ་བཟང་རྒྱ་མཚོ་མཆོག་ཟླ་བ་༥ཚེས་༩ཉིན་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གངས་ར་རྫོང་གི་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་ཤིང་། སྐུ་སྙུང་བཞེས་སྐབས་སྐུ་གཡོག་ཞབས་ཞུ་ཞིག་བསྒྲུབ་ཐུབ་རྒྱུ་ཕར་བཞག  ཁ་བརྡ་མོལ་མཆིད་ཙམ་ཡང་བྱེད་སྟབས་མ་བདེ་བས་འགྱོད་གདུངས་དྲག་པོས་ཤིན་ཏུ་མནར་ཡང་། འཇིག་རྟེན་སྤྱི་ཐོག་ལ་བབ་པའི་ནད་ཡམས་ཀྱི་ལས་དབང་ལ་སྡིགས་དམོད་འདོན་ས་ཞིག་གང་ན་ཡོད། དགེ་རྒན་དམ་པ་དྲན་ཐེངས་རེ་རེར་ཡ་ཁོག་དབུགས་ཀྱིས་བཙངས་ཏེ་མིག་ཟུང་མཆི་མས་བརླན་རུང་དོན་དངོས་ལ་འགྱུར་བ་འགྲོ་མི་སྲིད་པས། རྐྱེན་ངན་ལ་བསམ་བློ་མ་བཏང་བར་མ་ཎིའི་སྨོན་ལམ་རེ་བགྲངས་ན་རང་སེམས་ཅུང་ཙམ་བདེ། ང་རང་ལ་མཚོན་ན། དགེ་རྒན་དམ་པ་ཁོང་ནི་ཤིན་ཏུ་བཀའ་དྲིན་ཆེ་ཞིང་། རང་གི་རྒྱུད་ལ་བོད་ཀྱི་རིག་གནས་ཀྱི་འབྲས་བུ་ཕྲན་བུ་ཞིག་ཐོགས་པའང་ཕལ་ཆེར་དགེ་རྒན་ཁོང་གི་བཀའ་དྲིན་ལ་བརྟེན་ཅིང་འབྲེལ་ནས་བྱུང་ཡོད།

དགེ་རྒན་དམ་པ་ཁོང་དང་འགྲོགས་འདྲིས་ཀྱི་ལོ་རྒྱུས་སམ་གནས་སྟངས་སྐོར་དེ་སྔ་ཡིག་ཐོག་ཏུ་འབྲི་མ་མྱོང་ལ། རྒྱ་གར་དུ་བསླེབས་རྗེས་ངག་ཐོག་ནས་ཀྱང་བགོ་བཤའ་རྒྱག་ཡུལ་མེད་པས། ད་བར་བཤད་ས་ཞིག་དང་བཤད་དགོས་པ་ཞིག་མེད་པར་སྙམ་ནས་བཤད་མེད། དགེ་རྒན་དམ་པ་སྐུ་གཤེགས་འཕྲལ་གང་གི་བུ་སློབ་རེ་ཟུང་གིས་ཚིག་བཅད་ལྷུག་གང་རུང་གི་སྒོ་ནས་མྱ་ངན་གདུང་འབོད་དང་། དགེ་ལས་དང་སློབ་ཁྲིད་ཀྱི་མཛད་པ་སོགས་ཡིག་ཐོག་ཏུ་བཀོད་པ་འགའ་མཐོང་སྟེ། བདག་གི་དྲན་ངོས་ན་ཡོད་`པའི་དགེ་རྒན་དམ་པ་ཁོང་དང་འབྲེལ་བའི་སྔར་གྱི་གནས་ཚུལ་རྣམས་ཀྱང་ཡིག་འཇོག་བྱེད་ཐུབ་ན། ཕྱོགས་གཅིག་ནས་དགེ་རྒན་དམ་པ་ཁོང་ལ་རྗེས་དྲན་བྱེད་པ་དང་ཆབས་གཅིག་རང་སེམས་གསོ་ཆེད་དང་། ཕྱོགས་གཞན་ཞིག་ནས་གཞིས་བྱེས་གཉིས་སུ་ཡོད་པའི་ཁོང་གི་སློབ་བུ་རྣམས་ལ་རྩིས་སྤྲོད་ཞིག་དང་། བོད་ཀྱི་རིག་གནས་སློབ་གསོའི་ཕྱག་ལས་གནང་མཁན་རེ་ཟུང་ལ་སེམས་ཤུགས་སྤར་བའི་ཕན་ཐོགས་ཕྲན་བུ་རེ་ཡོང་སྲིད་པ་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ཚིག་ཁ་ཤས་སུག་བྲིས་སུ་བཏབ་པ་ལགས། 

༼གཅིག༽

སྤྱི་ལོ་ ༡༩༨༠ ལོར་སྨྱུག་ཐོགས་པ་ཕྲན་འབར་ཁམས་དགེ་འོས་སློབ་གྲྭར་ཡིག་རྒྱུགས་འཕྲོད། རྔ་བ་ནས་འབར་ཁམས་སུ་མ་བསྐྱོད་གོང་། ངེད་ཚང་གི་ཨ་ཁུ་བཀའ་དྲིན་ཅན་ཁང་སར་དར་རྒྱས་མཆོག་གིས་འབར་ཁམས་ན་རྔ་བ་ཀིརྟི་དགོན་གྱི་གྲྭ་མཐེབ་ལི་བློ་བཟང་རྒྱ་མཚོ་ཟེར་བ་ཞིག་ཡོད། ངས་ཁོང་ལ་ཁྱོད་བཅོལ་དམ་བྱས་ཡོད་ཅེས་གསུངས། དགེ་རྒན་དམ་པའི་མཚན་ཐོག་མར་གོ་བ་དེ་དུས་ཡིན། འབར་ཁམས་སུ་འབྱོར་ནས་ཅང་མ་འགོར་བར། སློབ་གླེང་གི་དགེ་རྒན་གཅའ་བག་ཐོའམ་བསྟན་འཛིན་ཆོས་སྒྲོན་གྱི་ངག་ནས་ཨ་ཁུ་བློ་བཟང་རྒྱ་མཚོ་འབར་ཁམས་སུ་<<རྔ་བའི་གསར་འགྱུར་>>ཞེས་པའི་བོད་ཡིག་ཚགས་ཤོག་ཁང་དུ་ཕྱག་ལས་གནང་གི་ཡོད་པ་ཤེས་རྟོགས་བྱུང་། 

ཉིན་ཞིག་ཕྲན་འབར་ཁམས་གྲོང་བརྡལ་དུ་ཕྱིན་ཞིང་། རྔ་བའི་གསར་ཁང་གི་ལས་ཁུངས་ཡོད་སའི་རི་ངོས་སུ་ཡར་མར་བར་གསེང་མང་པོ་བརྒྱུད་དེ་ཨ་ཁུ་བློ་བཟང་རྒྱ་མཚོའི་ལས་ཤག་རྙེད། ཨ་ཁུ་ཐེངས་དང་པོར་མཇལ་དུས་ཁོང་གིས་སྐྱ་ཆས་མནབས་ཤིང་སྐུ་གཟུགས་དེ་ཙམ་རིང་པོ་མེད་ལ། སྐུ་ཤ་ཅུང་སྐམ་རུང་ཞལ་རས་དཀར་མདངས་ལྡན་ཞིང་། གསུང་སྐད་ཀྱི་སྒྲ་གསང་མཐོ་གདངས་ཅན་ཞིག་ཡིན་པའི་སྐབས་དེའི་སྣང་བརྙན་ད་ལྟ་ཡང་ཡིད་ལ་ཤར། ཨ་ཁུ་ངོ་ཤེས་རྗེས།ཁོང་གི་མདུན་ནས་བསྡུས་གྲྭ་ཞིག་འཁྲིད་རོགས་ཞེས་ཞུས་མོད། ཨ་ཁུས་འཕྲལ་དུ་ཁྱོད་ལ་བསྡུས་གྲྭ་ལས་སུམ་རྟགས་གལ་ཆེ་གི་རེད། དང་པོ་ངས་ཁྱོད་ལ་<<བློ་གསལ་འཇུག་ངོགས་[1]>>ལྟ་རོགས་བྱེད། དེ་ནས་རིམ་པས་ལྟ་ཆོག་ཅེས་གསུངས།  དེ་ནས་བཟུང་གཟའ་ཉི་མའི་གུང་སེང་འཆར་ཅན་ལ་ཕྲན་ཨ་ཁུ་བློ་བཟང་རྒྱ་མཚོའི་སྐུ་མདུན་དུ་སུམ་རྟགས་བསླབ་ཏུ་བཅར། 

འབར་ཁམས་དགེ་འོས་སློབ་གྲྭ་ནི་རྒྱལ་རོང་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་ཡོད་སའི་ཉེ་འགྲམ་གྱི་ཅོག་ཙེ་གྲོང་བརྡལ་ཞེས་པར་ཆགས་ཡོད་ལ། དེ་ནས་འབར་ཁམས་རྫོང་ཐོག་གི་བར་སྤྱི་ལེ་བཅུ་ཙམ་ཡོད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་རྒྱ་ནག་ད་དུང་ཡར་རྒྱས་གང་ཡང་སོང་མེད་པས། སློབ་གྲྭ་ནས་འབར་ཁམས་གྲོང་བརྡལ་བར་འགྲུལ་སྐྱེལ་རླངས་འཁོར་མེད་པ་མ་ཟད། གཞུང་ལམ་ཞིག་ཡོད་པ་དེ་ཡང་སྣུམ་ནག་གི་ལམ་ཆེན་མིན་པར་ཐལ་རྡུལ་གྱིས་ཁེངས་པའི་ཀྱག་ཀྱོག་གི་ལམ་ཁ་ཞིག་ཡིན། ཕྲན་ཐེངས་མང་པོར་རྐང་ཐང་ལ་བསྐྱོད་ཅིང་། སྐབས་རེར་རླུུང་རྟ་རྒྱུག་ན་འདྲུད་འཐེན་འཁོར་ལོར་འདུག་རྒྱུ་རག 

གཟའ་ཉི་མའི་ཞོགས་ཀ ཉི་གཞོན་གྱི་གསེར་འོད་རི་རྩེར་ཕོག་པ་དང་དུས་མཚུངས་སུ་ཕྲན་ལམ་ལ་ཆས། དྲག་ཏུ་འཕྱོ་བའི་སོ་མང་གཙང་པོའི་བཞུར་རྒྱུན་འགྲམ་གྱི་གཞུང་ལམ་བརྒྱུད་ནས་རྐང་ཐང་ལ་སྐྱོད་སྐབས། གྲོག་རོང་གི་དབུས་སུ་གཙང་ཆུའི་བཞུར་སྒྲ་ཤག་ཤག་ཏུ་སྒྲོག་ཅིང་། དབྱར་དུས་མེ་ཏོག་དང་རྩི་ཤིང་སྣ་མང་གི་དྲི་བསུང་སྣ་ལམ་དུ་འཐུལ། སོ་མང་གཙང་པོའི་ནང་དུ་གསོམ་པ་དཀར་ནག་གི་ཤིང་སྡོང་མང་པོ་རྒྱ་ཡུལ་དུ་དབོར་འདྲེན་བྱེད་པ་དང་། ལམ་བར་དུ་སིན་ཀུང་ཅུས་(森工局)ཞེས་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱིས་ཆེད་གཉེར་ཤིང་ནགས་གཅོད་འབྲེག་གྱི་ལས་ཁུངས་དག་དང་། ལས་མི་རྒྱ་རིགས་གོས་སྔོན་ཅན་མང་པོས་རྒྱུག་ཆུའི་ནང་ཤིང་སྡོང་དབོར་འདྲེན་བྱེད་པ་མཐོང་དུས། བོད་ཡུལ་གྱི་ཤིང་ནགས་གང་བྱུང་དུ་གཅོད་འབྲེག་དབོར་འདྲེན་བྱས་པར་ཕངས་སེམས་དང་ཁོང་ཁྲོ་གཏིང་ནས་སྐྱེས་མྱོང་། 

དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་བློ་བཟང་རྒྱ་མཚོས་སྒྲ་དག་སྒྲོས་གཙང་གི་སྒོ་ནས་བདག་ལ་འཆད་འཁྲིད་ཞིབ་ཚགས་པོ་གནང་སྟེ། གཟའ་ཉི་མ་ཆད་ལྷག་མེད་པར་ཟླ་ངོ་བཞི་ཙམ་གྱི་རྗེས་སུ་<<བོད་ཀྱི་ཡེ་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་>>ཞར་བྱུང་རྩོམ་ལུགས་ཀྱི་རྣམ་གཞག་དང་བཅས་ཁྲིད་ཚར། ཁོང་སྐབས་དེར་<<རྔ་བའི་གསར་འགྱུར་>>ཁང་གི་ཞུ་སྒྲིག་པ་གཞོན་པ་ཡིན་པས་ཐོབ་ཐང་དང་ཆ་རྐྱེན་སོགས་ལྟོས་འཇོག་གིས་བཟང་པོ་ཡོད། ཕྲན་གྱིས་ཨ་ཁུའི་མདུན་ནས་རིག་གནས་སྦྱང་བ་ཙམ་དུ་མ་ཟད། བདུན་རེའི་ནང་ཟ་མ་ཞིམ་ཤོས་ཤིག་ཟ་རྒྱུ་རག་པ་ནི་སློ་གྲྭའི་ནང་གི་ལྟོ་སྐྱ་གོས་ཧྲིལ་གྱི་འཚོ་བའི་ཁ་གསབ་ཡག་ཤོས་ཤིག་ཏུ་གྱུར། 

ཡང་སྐབས་དེར་ཨ་ཁུ་བློ་བཟང་རྒྱ་མཚོས་ངོ་སྤྲོད་གནང་བའི་བཀའ་དྲིན་ལ་བརྟེན་ནས། ཕྲན་འབར་ཁམས་གྱི་རི་གྲོང་དེར་ཤག་ཚང་གཅིག་ཏུ་བཞུགས་ཡོད་པའི་ཨ་མཆོག་མཚན་ཉིད་དགོན་གྱི་ཨ་ལགས་སོག་ཚང་ཚང་དང་། རྔ་བ་ཀིརྟི་དགོན་གྱི་ཨ་ལགས་དགོན་ཚང་གཉིས་ཀྱི་གཟིམ་ཤག་ཏུ་ཤ་མོག་ཟ་བར་ཐེངས་ཁ་ཤས་བཅར་མྱོང་ཞིང་། ཨ་ཁུ་དང་མཉམ་དུ་རྨེའུ་ཚང་གི་བློན་ཆེན་ཇ་མ་མཐུ་སྟོབས་ཚང་གི་གཅའ་བསོད་གཅེས་ཀྱི་སྡོད་ཤག་ཏུའང་བོད་ཇ་འཐུང་བར་ཐེངས་མང་པོ་བསྐྱོད། སྐབས་དེར་ཁོང་རྣམས་རྔ་བ་ཁུལ་སྲིད་གྲོས་རྒྱུན་ལས་ཀྱི་མཚན་ཐོག་ཏུ་འབར་ཁམས་ན་བཞུགས་ཤིང་། རི་ངོས་དེར་ད་དུང་མཁས་དབང་དམུ་དགེ་བསམ་གཏན་ཚང་དང་། ཟུང་ཆའི་ཨ་སྟོང་གུ་རུ། རྨེ་བའི་ཚེ་རིང་དཔལ་ལྡན། ཁྲོ་ཆུའི་བདུད་འདུལ་དབང་གྲགས་སོགས་མི་སྣ་གྲགས་ཅན་མང་པོ་བཞུགས་ཡོད་པ་རྗེས་སུ་རིམ་གྱིས་ཤེས་རྟོགས་བྱུང་། ཕྲན་ལ་དེ་ལྟའི་བཟའ་བཏུང་དང་གཏམ་གླེང་ཞུ་ཡུལ་མང་པོ་ཐོབ་པའང་ཨ་ཁུ་བློ་བཟང་རྒྱ་མཚོའི་སློབ་མའི་མིང་བླ་དྭགས་པས་བཀའ་དྲིན་ལོས་ཡིན།

༡༩༨༡ལོའི་སློབ་གྲྭའི་དབྱར་གནང་སྐབས། དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་ཚང་གིས་རྐ་ཁོག་གམ་ཁྱུང་མཆུ་རྫོང་ནས་བོད་ཀྱི་རིག་གནས་སློབ་སྦྱོང་འཛིན་གྲྭ་ཞིག་གསར་འཛུགས་བྱས་ཤིང། ང་ནི་ཕ་མའི་རེ་བ་བཞིན་དབྱར་གནང་སྐབས་སློབ་གྲོགས་གཞན་ལྟར་ཕ་ཡུལ་དུ་ཕྱིར་ལོག་སྟེ་པེ་མོ་(ཨ་བྷི་ཥ)འཐུ་བར་མ་ཕྱིན་པར། ཐད་ཀར་འབར་ཁམས་ནས་རྐ་ཁོག་ཏུ་རིག་གནས་སློབ་སྦྱོང་འཛིན་གྲྭར་བསྐྱོད། སྐབས་དེར་ཡང་ཨ་ཁུ་བློ་བཟང་རྒྱ་མཚོ་དང་ཨ་ལགས་སོག་ཚང་གཉིས་ཀྱིས་སྒོར་མོ་དང་ཟས་ཡིག་[2] སོགས་ཀྱིས་མཐུན་རྐྱེན་མི་དམན་པ་སྦྱར། བདག་ལ་དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་ཚང་གི་ཞལ་སྔ་ནས་བརྡ་སྤྲོད་བློ་གསལ་འཇུག་ངོགས་དང་བློ་གསལ་དགའ་སྟོན་གཉིས་ཀྱི་ཁྲིད་རྒྱུན་ཐོབ་པ་མ་ཟད། སྐབས་དེའི་བརྡ་སྤྲོད་འཛིན་གྲྭའི་ནང་རང་ལོ་བཅུ་བདུན་ཙམ་ལས་སོན་མེད་པ་ཕྲན་ལ་སྦྱང་འབྲས་རྩེ་ཕུད་ཐོབ་པ་ནི། དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོའི་མདུན་ནས་སུམ་རྟགས་ཆ་ཚང་སྦྱང་ཟིན་པའི་བཀའ་དྲིན་ཉག་གཅིག་ཡིན། 

ཡང་དགེ་རྒན་བཀའ་དྲིན་ཅན་ཁོང་གིས་རྒྱུས་སྟོན་གནང་བ་ལྟར། ལོ་དེའི་ལོ་མཇུག་གི་སློབ་གྲྭའི་དགུན་གནང་སྐབས་ང་རང་ཕ་ཡུལ་དུ་ཕྱིར་ལོག་སྟེ། ཇོ་ལེབ་གྲོང་ཚོའི་ཨ་ཉ་གྲགས་པའི་ནང་བཞུགས་ཡོད་པའི་རྔ་བ་ཀིརྟི་དགོན་གྱི་མཁས་པའི་དབང་པོ་ཨ་ཁུ་བཀྲ་ཤིས་ཚང་གི་མདུན་ནས་རྭ་སྟོད་བསྡུས་གྲྭ་ལས་རིགས་ལམ་ཆུང་འབྲིང་གཉིས་ཁྲིད་རྒྱུའི་སྐལ་བ་ལྡན། ཨ་ཁུ་བཀྲ་ཤིས་ཚང་ནི་དུས་འགྱུར་མ་བྱུང་སྔོན་དགེན་བློ་བཟང་རྒྱ་མཚོའི་རིགས་ལམ་སྦྱང་སའི་དགེ་རྒན་ཡང་ཡིན་འདུག 

༡༩༨༢ ལོའི་ཟླ་༤ བ་ནས་བཟུང་། ཕྲན་སྔར་བཞིན་དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོའི་མདུན་དུ་བཅར་ཏེ། <<སྙན་འགྲེལ་ཡང་གསལ་སྣང་མཛོད་[3]>>འཆད་འཁྲིད་ཞུས། སྐབས་དེར་<<སྙན་འགྲེལ་ཡང་གསལ་སྣང་མཛོད་>>ད་དུང་ལྕགས་དཔར་དུ་བསྐྲུན་མེད་པར་སྣུམ་དཔར་ཉུང་ཤས་ལས་མེད་ཅིང་། དགེན་ཁོང་ལའང་སྙན་ངག་དེའི་འཁྲིད་རྒྱུན་ཐོབ་སྟེ་ཅང་འགོར་མེད་པ་འདྲ། དཔེ་ཁྲིད་བྱེད་སྐབས་དགེ་རྒན་དང་ངེད་གཉིས་ཀྱིས་སྣུམ་དཔར་དེབ་གཅིག་ལ་མཉམ་དུ་བལྟས། སྣུམ་དཔར་དེབ་ཏུ་ཁོང་གིས་སྨྱུ་གུ་དམར་པོས་ཨམ་བྲིས་ཀྱིས་མཆན་མང་པོ་བཏབ་ཡོད་པ་ད་ལྟའང་དྲན་སོས། དགེན་རང་གི་སྙན་ངག་ལེའུ་གཉིས་པའི་དཔེ་བརྗོད་ཆ་ཚང་ཞིག་ཡོད་པ་དེ་ཡང་མཉམ་ལྟ་བྱས་ཤིང་། དཔེ་བརྗོད་དེ་ལ་སྙན་ངག་སྨྲ་བ་ཤེར་གྲགས་ཀྱིས་ལེགས་བཅོས་བྱས་ཡོད་ཅེས་གསུངས་པའང་དྲན། སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་དཔེ་བརྗོད་རྣམས་ནང་ཆོས་དང་སྦྱར་ཡོད་པས། རབ་བྱུང་དགེ་འདུན་པ་རྣམས་ཀྱིས་སྙན་ངག་བསླབ་ན་གཞུང་འདི་ཧ་ཅང་འཚམས་པོ་ཡོད་ཅེས་ཡང་ཡང་གསུངས་མྱོང་། ལེའུ་གཉིས་པ་དོན་རྒྱན་སོ་ལྔ་དཔེ་བརྗོད་དང་བཅས་ཁྲིད་ཚར་རྗེས། དགེན་མཆོག་ནས་ལེའུ་དང་པོ་དང་གསུམ་པ་རྗེས་སུ་ལྟ་ཆོག  གནས་སྐབས་དེས་མ་འགྲིག་པ་མེད་ཅེས་གསུངས། དེའི་རྗེས་སུ་ཁོང་གི་མདུན་ནས་<<ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་[4]>>ཆ་ཚང་འཆད་འཁྲིད་ཞུས། 

དགེ་རྒན་དམ་པ་ཁོང་གི་དཔེ་ཁྲིད་ཀྱི་ཁྱད་ཆོས་ནི། སུམ་རྟགས་དང་སྙན་ངག་སོགས་གཞུང་གང་ཞིག་འཆད་ཀྱང་གཞུང་དེའི་བརྗོད་བྱའི་ངོ་གདོང་གི་འགྲེལ་བཤད་ཞིབ་ཅིང་གསལ་བ་བློ་ལ་ངེས་ཐུབ་པ་ཞིག་གནང་བ་ལས། དཔེ་ཆ་གཞན་ནམ་ལྟ་བ་གཞན་མང་པོ་ལུང་འདྲེན་བྱེད་པའི་ལུགས་སྲོལ་མེད་པ་མ་ཟད། སྐབས་རེར། དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ། །ཞེས་བཀའ་བཀྱོན་ཡང་གནང་། གཙོ་བོ་རང་གིས་མཁས་ཉམས་གང་ཡང་མི་སྟོན་པར་སློབ་མའི་རྒྱུད་ལ་གང་བསླབ་པ་དེ་ཏག་ཏག་ཅིག་ཞོག་པར་བརྩོན། དཔེ་བརྗོད་སོགས་འཇོག་སྐབས་ཨ་ཁུའི་མིག་ནས་ཡིག་ནོར་ཞིག་ཐར་དཀའ། དེ་ནི་ཕལ་ཆེར་ལོ་མང་རིང་གསར་ཤོག་གི་ཞུས་ཆེན་གནང་བའི་གོམས་སྟོབས་ཀྱིས་མིན་ནམ་སྙམ། 

༼གཉིས།༽

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་འགོ་སྟོད་ནས་བཟུང་། རྒྱ་ནག་གི་སྤྱི་ཚོགས་རེ་ཞིག་གུ་ཡངས་ཅན་དུ་གྱུར་བ་དང་ཆབས་གཅིག ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་ཕལ་མོ་ཆེར་གཟིགས་ཞིབ་ཏུ་ཆིབས་བསྒྱུར་གནང་། ༡༩༨༢ལོའི་ལོ་མཇུག་ཙམ་ལ་པཎ་ཆེན་རིན་པོ་ཆེ་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་ཕེབས་ལ་ཉེ་བའི་སྔ་རོལ་ཏུ། དེར་ཡོད་བོད་ཀྱི་ཤེས་ཡོན་པ་ཁག་གཅིག་གི་རེ་འདུན་དང་བསམ་གྲོས་ལྟར་ཨ་ཁུ་བློ་བཟང་རྒྱ་མཚོས་འགན་ཁུར་ཏེ་པཎ་ཆེན་རིན་པོ་ཆེ་ལ་གསང་སྙན་ཞིག་འབུལ་རྩིས་བྱས། དགེན་ཁོང་་ཉིན་ཤས་རིང་ལས་ཤག་ཏུ་འཛུལ་ཏེ་སྒོ་ལྕགས་ཕྱི་ནས་བརྒྱབ། ཤོག་ལེ་ཉི་ཤུ་རྩ་གྲངས་ཡོད་པའི་སྙན་ཞུ་ཞིག་ལག་བྲིས་བྱས་ཤིང་། པཎ་ཆེན་རིན་པོ་ཆེ་རྔ་བ་ཁུལ་སྲིད་གཞུང་གི་ལས་བྱེད་པ་དང་ཐུག་འབྲེལ་གྱི་ཚོགས་འདུ་མ་འཚོགས་པའི་གོང་ལ། སྙན་ཞུ་དེ་གསང་ཐབས་ཀྱི་སྒོ་ནས་༧པཎ་ཆེན་རིན་པོ་ཆེའི་ཕྱག་ལ་འཕྲོད་ཐུབ་ཡོད་འདུག  

སྙན་ཞུ་དེའི་ནང་དོན་གཙོ་བོ་ནི། མི་རིགས་ས་གནས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་བར་བོད་ཀྱི་སྐད་ཡིག་བཀོད་སྤྱོད་ཤུགས་ཆེར་གཏོང་དགོས་སྐོར་དང་། རྔ་བ་ཁུལ་གྱི་རྒྱ་མིའི་ལས་བྱེད་དབང་འཛིན་པ་ཚོར་ད་དུང་གཡོན་ཕྱོགས་ཀྱི་ལྟ་བ་ཚབས་ཆེན་ཡོད་པས། ཁོ་ཚོས་བོད་ཀྱི་སྐད་ཡིག་དར་སྤེལ་ལ་འགོག་རྐྱེན་བཟོ་བཞིན་པའི་སྐོར་སོགས་ཡིན་འདུག། དབུ་ཅན་གྱིས་ལག་བྲིས་བྱས་པའི་སྙན་ཞུའི་ཟིན་བྲིས་དེ་བདག་གིས་ཀྱང་ཚར་གཅིག་བཀླགས་མྱོང་མོད། དེ་དུས་ལོ་ན་ཆུང་བ་དང་ལོ་མང་འགོར་ཟིན་པས་ནང་དོན་ཆ་ཚང་ད་ལྟ་དྲན་ངོས་ན་མི་གསལ། གང་ལྟར་གསང་སྙན་དེ་ཕུལ་རྗེས། པཎ་ཆེན་རིན་པོ་ཆེས་རྔ་ཁུལ་ལས་བྱེད་པའི་ཚོགས་ཐོག་ཏུ་འགོ་ཁྲིད་རེ་ཟུང་གི་བསམ་བློ་ད་དུང་བཅིངས་འགྲོལ་ཐོབ་མེད་པར་གཡོན་གྱི་ལྟ་བ་ཤུགས་ཆེན་ཡོད་པའི་བཀའ་བཀྱོན་ཚ་བོ་གནང་འདུག་ཟེར། རྗེས་སུ་གནས་ཚུལ་དེའི་སྐོར་རྒྱ་རིགས་འགོ་ཁྲིད་འགས་ཤེས་རྟོགས་བྱུང་སྟེ། དགེན་བློ་བཟང་རྒྱ་མཚོ་ནི་ལྟ་བ་རྙིང་འཛིན་པ་ཞིག་ཡིན་པར་བསྙད་དེ་གོ་གནས་སྤར་མ་ཐུབ་པར་ཡང་བཤད། 

དགེན་བློ་བཟང་རྒྱ་མཚོ་སོགས་ཀྱིས་རྔ་བའི་གསར་ཤོག་ནང་དུ་མིང་ཚིག་བེད་སྤྱོད་གཏོང་སྟངས་སྐོར་ལ་རྒྱ་མིའི་རྩོམ་སྒྲིག་པ་དང་རྩོད་གླེང་ཐེངས་མང་པོ་བྱས་པ་གོ་ཐོས་བྱུང་། དེ་ནི་སྐབས་དེར་རྒྱ་གཞུང་གིས་གཏན་འབེབས་བྱས་པ་ལྟར་ན། ཀྲུང་གོ་དང། ཀྲུང་དབྱང་། ཀྲུའུ་ཞི། ཙུང་ལི། ཨུ་ཡོན། ཧྲུའུ་ཅི་ལྟ་བུའི་མིང་ཚིག་གསར་བ་དེ་དག་ལ་རྒྱ་སྐད་ཀྱི་སྒྲ་གདངས་སོར་བཞག་བྱས་ཏེ་འབྲི་དགོས་པ་ལ། དགེན་བློ་བཟང་རྒྱ་མཚོས་དེ་དག་གི་ཚབ་ཏུ་རྒྱ་ནག་དང་། དབུས་གཞུང་། གཙོ་འཛིན། སྲིད་བློན། འཐུས་མི། དྲུང་ཆེ་བཅས་དང་། ཅུའུ་དང་ཁྲུའུ་སོགས་ལ་ཡང་ལས་ཁུངས་དང་ལས་ཁང་ལྟ་བུ་བྲིས་ན་བོད་སྐད་བོད་ཡིག་གི་འགྲོས་དང་མཐུན་པ་མ་ཟད། དམངས་ཀྱིས་གོ་བདེ་བས་དེ་ལྟར་འབྲི་དགོས་པའི་རྩོད་པ་མང་པོ་བརྒྱབ་རུང་། རྒྱའི་རིག་གནས་ཀྱིས་མི་སེར་སྤེལ་བའི་དབང་བསྒྱུར་འོག་ལས་སླ་བོ་ཡོང་ཐབས་དཀའ་ན་ཡང། པཎ་ཆེན་རིན་པོ་ཆེ་ཕེབས་རྗེས་ཐ་སྙད་དེ་ལྟར་འགྱུར་བ་གཏོང་སླ་རུ་ཕྱིན་པར་བཤད་ཀྱང་། རྗེས་སུ་རྒྱུན་བསྲིང་ཐུབ་ཡོད་མེད་ཤེས་རྟོགས་མ་བྱུང་། 

༡༩༨༣ལོར་ཕྲན་གྱིས་དགེ་འོས་སློབ་གྲྭ་མཐར་ཕྱིན་ཡིག་རྒྱུགས་སྤྲོད་དགོས་པ་དང་། དེ་བཞིན་སྐ་ཁོག་རྫོང་བོད་ཡིག་སློབ་འབྲིང་དུ་དངོས་སྦྱོང་ལ་འགྲོ་དགོས་པ་སོགས་ཀྱིས། དགེན་བློ་བཟང་རྒྱ་མཚོའི་མདུན་ནས་དམིགས་བསལ་དཔེ་ཁྲིད་ཞུ་རྒྱུ་མ་བྱུང་ཡང་། སྔར་བཞིན་དུས་ཚོད་ནམ་ཁོམ་ལ་ཁོང་གི་སྐུ་གམ་དུ་བཅར་ཏེ་མོལ་མཆིད་རྒྱུན་ཆད་མ་མྱོང་། 

དགེ་རྒན་དམ་པ་ཁོང་འབར་ཁམས་ཀྱི་རི་ངོས་དེ་ན་གསར་ཤོག་ཞུ་སྒྲིག་གི་ཕྱག་ལས་གནང་བཞིན་པ་དང་དུས་མཚུངས་སུ། མཁས་དབང་དམུ་དགེ་བསམ་གཏན་ཚང་གི་མདུན་ནས་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་སོགས་གནས་ལྔ་རིག་པའི་སྐོར་གྱི་ཁྲིད་རྒྱུན་དང་མན་ངག་ཆ་ཚང་ཐོབ་ཡོད་ལ། དེ་བཞིན་ཁང་དམར་དགོན་གྱི་སློབ་དཔོན་ཤེས་རབ་གྲགས་པ་ལས་སྙན་ངག་དབྱངས་ཅན་དགྱེས་གླུ་དང་བོད་མཁས་པའི་སྙན་ངག་རྩ་འགྲེལ་སྦྲགས་མའི་ཁྲིད་ལུང་ཐོབ། དམུ་དགེ་དགོན་གྱི་རས་ཆུང་བ་ཤེས་རབ་ལས་འདར་ལོའི་སྒྲ་ཊཱིཀ་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སྦྱང་ཞིང་། དགེན་ཁོང་གིས་བོད་ཤོག་ཁ་ཤས་ཐོག་སུམ་རྐང་གི་དཔེ་བརྗོད་བྲིས་ཡོད་པའང་དྲན། ཚོ་བདུན་དགོན་གྱི་སྨན་རམས་པ་ཨ་ཁུ་བསྟན་འཛིན་ཚང་ནས་གསོ་རིག་རྒྱུད་བཞིའི་ཁྲིད་ལུང་གསན་ཞིང་། རྩ་རྒྱུད་སྡོང་འགྲེམས་གྱི་རི་མོ་ཚོན་ཁྲ་ལྡན་པ་ཞིག་བྲིས་ཡོད་པ་བདག་གིས་མཐོང་མྱོང་བ་མ་ཟད། ཁོང་ལ་དེའུ་དམར་དགེ་བཤེས་ཀྱི་<<ཤེལ་གོང་ཤེལ་འཕྲེང་[5]>>གི་དེབ་རྙིང་སྨན་སྡུམ་གྱི་དཔེ་རས་ཚོན་ཁྲ་ཅན་བོད་ལྗོངས་པར་མ་སྤུས་ལེགས་ཤིག་ཡོད་པ་ཡང་ཕྲན་གྱིས་དྲན་ངོས་ན་གསལ་བ་བཅས། མདོར་ན་དགེན་ཁོང་གིས་དེ་དུས་རིག་གནས་ཆེ་ཆུང་ཀུན་ལ་གསན་བཞེས་རྒྱུན་ཆད་མེད་པར་གནང་། ཡང་དེ་དུས་འབར་ཁམས་སུ་ཡོད་པའི་རྔ་ཁུལ་གློག་བརྙན་ལས་ཁུངས་ཀྱི་སྐད་བསྒྱུར་བ་རྨེ་སྐོར་ག་བུར་དང། བོད་སྨན་ཁང་གི་སྨན་རམས་པ་སྤྲོ་ཚིགས་བློ་ཚུལ་སོགས། བོད་ཀྱི་སྐད་ཡིག་ལས་རིགས་ཀྱི་ལས་བྱེད་ཁ་ཤས་ཀྱིས་ཀྱང་ཨ་ཁུ་བློ་བཟང་རྒྱ་མཚོའི་མདུན་ནས་སྙན་སུམ་གང་རུང་སློབ་ཁྲིད་ཞུ་གི་ཡོད་པ་ཐོས་མོད། ཞིབ་ཕྲའི་གནས་སྟངས་མ་ངེས་སོ། ། 

༼གསུམ།༽

སྤྱི་ལོ་༡༩༨༣ལོའི་ཟླ་༧པའི་ནང་ཕྲན་དགེ་འོས་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་དུ་ཕྱིར་ལོག། རྔ་བ་རྫོང་རིག་སློབ་ཅུས་(ཤེས་རིག་ལས་ཁུངས་) ལ་མི་ངོ་ཤེས་ཀྱི་འབྲེལ་བ་དང་ལྟག་སྒོ་བརྒྱུད་ཐབས་སོགས་གང་ཡང་མེད་པས། ཕྲན་སེ་འཛོ་ཞེས་པའི་གྲོང་གསེབ་ཀྱི་སློབ་ཆུང་གི་དགེ་རྒན་དུ་ལས་བགོས་བྱས། སྟབས་ལེགས་པ་ཞིག་ལ་༡༩༨༤ལོར་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གསར་འཛུགས་གྲ་སྒྲིག་པའི་གྲས་སུ་ཚུད་དེ། མཚན་ཉིད་དུ་སློབ་མ་གསར་བསྡུ་དང་བོད་ཡིག་དགེ་རྒན་གྱི་ལས་འགན་ཁུར། སྐབས་དེར་ཁ་པར་སོགས་འཕྲིན་ལམ་གྱི་གནས་སྟངས་ཧ་ཅང་ཞན་པས་དགེན་བློ་བཟང་རྒྱ་མཚོ་དང་དམིགས་བསལ་འབྲེལ་བ་ཉུང་མོད། བོད་ཡིག་སློབ་གྲྭ་གསར་འཛུགས་སྐབས། དགེ་བའི་བཤེས་གཉེན་ཆེན་མོ་དམུ་དགེ་བསམ་གཏན་ཚང་གིས་བོད་ཡིག་སློབ་འབྲིང་གསར་འཛུགས་ལ་དགེན་བློ་བཟང་རྒྱ་མཚོ་རྔ་བར་ཆེད་གཏོང་གིས། ཉིན་ཤས་རིང་ང་ཚོ་དགེ་རྒན་དག་ལ་སློབ་ཚན་བསྒྲིགས་ཕྱོགས་སོགས་ལམ་སྟོན་དང་བསམ་འཆར་གང་མང་གནང་། 

སྐབས་དེར་རྔ་བ་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་ཁག་བཅུ་གསུམ་ཡོད་པ་ལས། མཛོད་དགེ་རྫོང་དུ་མཁས་དབང་མཛོད་དགེ་ཉི་མའི་བཀའ་དྲིན་ལ་བརྟེན་ནས་བོད་ཡིག་སློབ་འབྲིང་ཚད་ལྡན་ཞིག་བཙུགས་ཏེ་ལོ་ཤས་ཕྱིན་པ་དང་། ཁྱུང་མཆུ་རྫོང་དུའང་སྐ་བ་སྤྲུལ་སྐུ་སོགས་ཀྱིས་བོད་ཡིག་སློབ་འབྲིང་གསར་འཛུགས་བྱས་ཟིན། རྔ་བ་རུ་བསམ་ཤེས་ཅན་དབང་ཐང་སོགས་ཀྱིས་འགོ་བརྩམས་ཞིང་། ཨ་ཁུ་བློ་གསལ་དང་ངེད་ཅག་ལྷན་གཅིག་བོད་ཡིག་སློབ་འབྲིང་ཞིག་གསར་འཛུགས་ཀྱི་སྟ་གོན་བྱས་པར། མཁས་དབང་དམུ་དགེ་བསམ་གཏན་ཀྱིས་གཙོས་དགེན་བློ་བཟང་རྒྱ་མཚོ་སོགས་ཀྱིས་བསམ་བློའི་རྒྱབ་སྐྱོར་ཆེན་པོ་གནང་། ད་ལྟ་བསམ་ན་དེ་ནི་ཆེས་གལ་ཆེ་བའི་སྐུལ་ལྕག་ཅིག་རེད་འདུག། 

༡༩༨༤ལོའི་ལོ་མཇུག་ཙམ་ལ། དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོ་རྔ་བའི་བོད་ཡིག་གསར་འགྱུར་ཁང་གི་ལས་གནས་ནས་འཁྱུར་ཏེ། རྔ་བ་རྫོང་རིག་སློབ་ལས་ཁུངས་སུ་གནས་སྤོས་ཀྱིས་ཟབ་སྦྱོང་དགེ་རྒན་གྱི་མིང་ཐོག་ཏུ་ཕྱག་ལས་གནང་། རྔ་བའི་རིག་སློབ་ལས་ཁུངས་ཀྱི་སྒོ་འགྲམ་ནས་ཡར་འཛུལ་ན། ལག་པ་གཡོན་ཕྱོགས་སུ་ཁང་པ་ཐོག་རྩེག་གཉིས་ཅན་རིང་གཤར་ཞིག་ཡོད་ལ། དེའི་ཐོག་རྩེག་དང་པོ་ཆ་ཚང་ལས་ཤག་དང་། ཐོག་རྩེག་གཉིས་པ་གཞུང་ལས་ཁང་(ཡིག་ཚང་)ཡིན། ཕྲན་ག་དུས་རྫོང་ཐོག་ཏུ་བསླེབས་ན་དགེན་ཁོང་གི་མདུན་དུ་བཅར་གྱི་ཡོད་ལ། དགེན་ཁོང་ནམ་རྒྱུན་ནས་གཙང་སྦྲ་འཕྲོད་བསྟེན་ཧ་ཅང་ཡག་པོ་ཡོད་པས། ལས་ཤག་ཆུང་ཆུང་དེ་ཡང་ཧ་ཅང་གཙང་སྦྲ་ལྡན་པ་མ་ཟད། ཨར་འདམ་གྱི་པང་གཅལ་ཕྱི་བདར་བྱས་ཏེ་འོད་ཆེམ་ཆེམ་ཞིག་ཡིན་པ་ད་ལྟའང་མིག་ལམ་དུ་ཤར། 

༡༩༨༥ལོའི་ཟླ་༣པར། མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་རྒྱ་ནག་ཁྲིན་ཏུས་སམ་སྤོས་ལྡན་གྲོང་ཁྱེར་དུ་ཡོད་པའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་རིག་གནས་དམིགས་བསལ་འཛིན་གྲྭ་ཞིག་གསར་དུ་བཙུགས་ཤིང་། སྨྱུག་ཐོགས་པ་བདག་ཀྱང་དེར་ཞུགས་རྒྱུའི་གོ་སྐབས་ལྡན། སྐབས་དེར་དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོ་ནི་དམུ་དགེ་བསམ་གཏན་ཚང་གི་ཞབས་ཞུ་བ་དང་། ཟུར་ཁྲིད་དགེ་རྒན་གཅིག་ལྕོགས་བྱས་ཏེ་ཁྲིན་ཏུས་ལ་ཕེབས་འདུག  རྔ་བ་ཁུལ་དང་དཀར་མཛེས་ཁུལ་ནས་ཕེབས་པའི་མདོ་སྟོད་སྨད་ཀྱི་དགེ་རྒན་དང་ལས་བྱེད་སུམ་ཅུ་ལྷག་དང་། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ལས་རིགས་ཁག་ནས་ཕེབས་པའི་མི་ལྔ། དེ་བཞིན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་དགེ་རྒན་བཅུ་གྲངས་བཅས་ལ། ཟླ་ངོ་བཞི་ཙམ་རིང་དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་ཚང་གིས་<<སྙན་འགྲེལ་ཡང་གསལ་སྣང་མཛོད་>>ལེའུ་གསུམ་ཆ་ཚང་དང་། <<བརྡ་སྤྲོད་བློ་གསལ་དགའ་སྟོན་>>བཅས་འཆད་ཁྲིད་གནང་ཞིང་། དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོས་སྙན་ངག་ཟུར་ཁྲིད་དང་ཆབས་གཅིག  <<ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་>> ཆ་ཚང་དཔེ་ཁྲིད་གནང་།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དམིགས་བསལ་བོད་ཀྱི་རིག་གནས་འཛིན་གྲྭའི་སློབ་མ་མཉམ་འཛོམས་ཀྱི་འདྲ་པར། དབུས་སུ་མཁས་དབང་དམུ་དགེ་བསམ་གཏན་མཆོག་དང་། ཁོང་གི་གཡས་སུ་དགེ་རྒན་བློ་བཟང་རྒྱ་མཚོ། ༡༩༨༥ ལོའི་ཟླ་ ༥།

 དགེན་བློ་བཟང་རྒྱ་མཚོས་ད་དུང་ང་ཚོ་སློབ་མ་ཡོངས་ཀྱི་སྙན་ངག་གི་དཔེ་བརྗོད་ལ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལས་བྱ་ཇི་བཞིན་རེ་རེ་བཞིན་སྨྱུ་གུ་དམར་པོས་ཞིབ་བཅོས་གནང་ཞིང་། མཚན་མོའི་རང་སྦྱོང་གི་དུས་སུ་སྐྱོན་གྱི་ཆ་རྣམས་ཡིག་ངག་གཉིས་ཐོག་ནས་གསལ་བརྗོད་བྱེད། སྐབས་དེའི་སློབ་གྲོགས་མང་པོས་དགེ་རྒན་འདི་འདྲའི་ཡག་པོ་ཞིག་ལ་སྔོན་མ་ནས་འཕྲད་ཡོད་ན། བོད་ཡིག་གི་ཤེས་ཚད་ལེགས་པོར་ཆགས་རྒྱུར་ཐེ་ཚོམ་མེད་ཅེས་བསྔགས་བརྗོད་བྱས། དེ་ལྟར་ཁོང་གིས་དཀའ་ལས་དང་སྐུ་ཚེགས་ལ་མ་འཛེམས་པར་ཉིན་མཚན་སྦྲེལ་ནས་སློབ་མ་དག་ལ་ལྟ་སྐྱོང་དང་སློབ་སྟོན་བྱེད་པའི་འགན་ཁུར་གནང་སྟངས་འདིས། གཞན་ཕན་གྱི་ཀུན་ནས་བསླངས་པའི་རང་རིགས་སློབ་གསོ་བ་ཞིག་གིས་མི་རིགས་དང་རིག་གཞུང་ལ་བཅིངས་པའི་བརྩེ་སེམས་ཟམ་མོ་དེ་མཚོན་ཐུབ། ཡང་སྐབས་དེར་དགེན་ཁོང་གིས་ཉིན་ལྟར་དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་ཚང་གི་ཟས་གོས་གནས་མལ་སོགས་ལ་བསམ་སྦྱོར་ཟུང་གིས་ཞབས་ཞུ་ཚུལ་བཞིན་བསྒྲུབས་པའི་གུས་རྟག་བརྩོན་པའི་རྣམ་ཐར་ནི། རྗེ་བདག་ཉིད་ཆེན་པོས་དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་རྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་་་་་ཞེས་གསུངས་པ་ཇི་བཞིན་ཉམས་ལེན་བགྱིས་པར་སློབ་མ་མང་པོའི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད། 

བདག་དང་སློབ་གྲོགས་ཁྱི་ཕྲུག་ཐར་གཉིས་ལ་ཉིན་རེའི་སྔ་དྲོ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བསམ་གཏན་ཚང་གཟིམ་ཤག་ནས་སློབ་ཁང་བར་ཞབས་ཐང་ལ་ཕར་ཚུར་བསུ་སྐྱེལ་གྱི་ལས་འགན་བསྐོས། བསོད་ནམས་ཀྱི་བགོ་སྐལ་འདི་ཡང་དགེན་བློ་བཟང་རྒྱ་མཚོས་གོ་སྒྲིག་གནང་སྟེ་ཐོབ་པ་ཡིན་ལ། སློབ་གྲོགས་སྡེ་དགེ་བ་བདུད་འདུལ་ལགས་དང་ངེད་གཉིས་ལ་ཨ་ཁུ་བསམ་གཏན་ཚང་གི་མདུན་ནས་དམིགས་བསལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་ཐོབ་པའང་། དགེ་རྒན་བློ་བཟང་རྒྱ་མཚོས་གསོལ་འདེབས་དང་གོ་སྒྲིག་བྱས་པའི་བཀའ་དྲིན་ཁོ་ན་ཡིན། 

དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་ཚང་གིས་ང་ཚོར་སློབ་ཁྲིད་གནང་བའི་ཀྱི་བར་གསེང་དུ་<<ལོ་རྒྱུས་ཀུན་དགའི་མེ་ལོང་[6]>>གསར་རྩོམ་གནང་བཞིན་ཡོད་པ་འདྲ་ལ། ལོ་རྒྱུས་ཀྱི་ཟིན་བྲིས་ཤོག་དྲིལ་ཁ་ཤས་དགེན་བློ་བཟང་རྒྱ་མཚོས་འཐེན་སྒམ་ཞིག་ཏུ་ཉར་ཚགས་བྱས་ཡོད་པ་མཐོང་སྟེ་དེའི་སྐོར་དྲིས་པར། ཨ་ཁུ་བསམ་གཏན་ཚང་གིས་ལོ་རྒྱུས་འདི་འདྲ་ཞིག་རྩོམ་རྒྱུ་ནི་རྒྱ་གར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེས་ཐུགས་བཀོད་ཡིན་པ་འདྲ་ཞེས་དང་། ལོ་རྒྱུས་འདིའི་དཔྱད་གཞིའི་རྒྱུ་ཆ་གཙོ་བོ་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཡིན་པ་སོགས་ཨ་ཁུའི་བློ་བཟང་རྒྱ་མཚོའི་ངག་ནས་གོ་ཐོས་བྱུང་། 

དེ་དུས་མཐོ་སློབ་དེའི་དངོས་གཞིའི་སློབ་མ་རྨེའུ་རུ་མ་ཚེ་ཁོས་ཀྱང་སློབ་སྦྱོང་གི་བར་གསེང་དུ་ཨ་ཁུ་བློ་བཟང་རྒྱ་མཚོའི་མདུན་ནས་སུམ་རྟགས་སྦྱང་། དུས་ཚོད་ཀྱིས་གནང་བ་སྦྱིན་ཚེ། དགེན་དམ་པ་ཁོང་དང་ཚེ་ཁོ་ངེད་གསུམ་སློབ་གྲྭའི་ཉེ་འགྲམ་གྱི་ཝུའུ་ཧུ་ཚི་(武侯祠)དང་། ནན་ཅའོ་སྤྱི་གླིང་(南郊公園)གང་རུང་དུ་རྐང་འཆག་དང་རྒྱ་ཇ་མེ་ཏོག་ཡོངས་འཛིན་འཐུང་བར་སྐྱོད་ཀྱིན་ཡོད། ཚེ་ཁོ་ངེད་གཉིས་དང་བསྡུར་ན་ཨ་ཁུ་ཁོང་གནའ་མྱི་ཡིན་པས་ཁ་བརྡ་བྱེད་རྒྱུ་མང་པོ་ཡོད་ལ། མཚམས་རེར་ཀུ་རེ་དང་ཀྱལ་ཀའི་ཚུལ་དུ་གད་མོ་སློང་བར་བྱེད། ང་ཚོ་ཁ་བརྡའི་གཏིང་ལ་ལྷུང་སྟེ་དགོད་སྒྲ་ཆེ་དྲགས་ནས་ཉེ་མཁྲིས་ཀྱི་རྒྱ་རྒན་རེ་ཟུང་གིས་མིག་ལོག་གིས་ལྟ་བའང་ཐེངས་ཁ་ཤས་བྱུང་། 

དགེ་རྒན་དམ་པ་ཁོང་གིས་ཚེ་ཁོ་ལ་ད་ལྟ་སློབ་སྦྱོང་གི་དུས་ཚོད་ཡིན་པས། བསམ་བློ་གཞན་ལ་མ་གཡེང་བ་གཟབ་གཟབ་བྱེད་དགོས་པའི་བསླབ་བྱ་ཡང་ཡང་གནང་བར་དྲན་གྱིན་འདུག། རྗེས་སུ་བསམ་བློ་བཏང་དུས། ཚེ་ཁོ་ནི་རྒྱ་སྐད་རྒྱ་ཡིག་གི་ཤེས་ཚད་ཧ་ཅང་ལེགས་པ་མ་ཟད། སློབ་མའི་ཁྲོད་ཤུགས་རྐྱེན་ཡོད་མཁན་ཞིག་ཡིན་པས་ལས་འགུལ་འདྲ་མིན་སྤེལ་རྒྱུར་གྲུང་པོ་ཡོད་ལ། <<སི་ཁྲོན་རྩོམ་རིག་[7]>>ཅེས་པའི་དུས་དེབ་ཏུ་བོད་ལ་ཟུར་ཟའི་རྩོམ་ཡིག་ཅིག་དཔར་བསྐྲུན་བྱས་པར་བརྟེན། ཁོང་གིས་སློབ་མ་མང་པོའི་སྣེ་ཁྲིད་དེ་ངོ་རྒོལ་གྱི་ལས་འགུལ་མཐའ་འཁྱོངས་པར་སྤེལ་ནས། མཐར་རྩོམ་སྒྲིག་ཁང་གིས་བོད་མི་རྣམས་ལ་ཡོངས་བསྒྲགས་དགོངས་དག་ཞུ་དགོས་བྱུང་འདུག། ཚེ་ཁོ་སློབ་མཐར་ཕྱིན་རྗེས་ཁོང་གི་ལས་བགོས་དང་ལས་གནས་སོགས་ལ་གཞུང་གིས་བཀག་རྒྱ་མང་པོ་བྱས་པ་ནི། ཁོང་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཞིག་ཡིན་མིན་ལ་མ་ལྟོས་པར། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་བལྟས་ཡོད་པ་གསལ་བོ་རེད། དགེན་བློ་བཟང་རྒྱ་མཚོས་ཁ་ཏ་བསླབ་བྱ་ཡང་ཡང་གནང་བ་ནི། རྒྱ་དམར་གྱི་ཆབ་སྲིད་གནག་པོའི་གཏིང་དཔོག་པའི་སྔོན་བརྡ་ལྟ་བུ་ཡིན་ཚོད་གདའ། 

ཡང་སྐབས་དེར་སི་ཁྲོན་མི་རིགས་སྐད་ཡིག་ཞིབ་འཇུག་ཁང་གིས་གོ་སྒྲིག་ལྟར། མཁས་དབང་དམུ་དགེ་བསམ་གཏན་ཚང་དང་། ཨ་ཁུ་བློ་བཟང་རྒྱ་མཚོ་གཉིས་རིག་གཞུང་གི་བགྲོ་གླེང་ཞིག་ལ་ཕེབས། ང་ཚོ་སློབ་གྲོགས་ཁག་གཅིག་ཀྱང་ཟུར་ཉན་ལ་བཅར། བགྲོ་གླེང་དེར་གཟན་དཀར་ཐུབ་བསྟན་ཉི་མ་དང་། སྐལ་བཟང་འགྱུར་མེད།
བཙན་ལྷ་ངག་དབང་། སྡེ་དགེ་བ་དགེ་འདུན་སོགས་བོད་ཀྱི་མཁས་པ་སྐོར་ཞིག་དང་། བོད་རིག་པའི་མཁས་པ་ཟེར་བའི་རྒྱ་མི་ཁ་ཤས་ཀྱང་ཕེབས་འདུག། མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་འབྲུག་དཀར་གཙང་པོའི་རྒྱུད་ཀྱི་ཐེ་བོའི་མི་རྣམས་བོད་རིགས་ཡིན་པའི་སྐོར་གསུངས་ཤིང་། འགོ་བཙུགས་མ་ཐག་“རྒྱ་མི་འགའ་ཞིག་གིས་རྒྱུས་མེད་ཀྱིས་རྒྱུས་གཏམ་བཤད་དེ། མདོ་སྨད་ཐེ་བོ་རོང་གི་མི་རིགས་འདི་བོད་རིགས་མིན་ཞེས་བཤད་པ་ལ་་་་”ཞེས་དགག་སྒྲུབ་གནང་བའི་སྣང་བརྙན་ད་ལྟའང་མིག་ལམ་དུ་གསལ་ཐུབ། སྡེ་དགེ་དགེ་འདུན་གྱིས་གླིང་གེ་སར་གྱི་སྐོར་ཞིག་གསུངས་པ་དྲན་པ་ལས་དེ་མིན་གཞན་རྣམས་ཅི་ཞིག་བགྲོ་གླེང་གནང་བ་དྲན་ངོས་ནས་ཡལ་ཟིན་ཏོ།།

གཡོན་གྱི་དང་པོ་སྨྱུག་ཐོགས་པ་ཕྲན། དབུས་སུ་རྒན་བློ་བཟང་རྒྱ་མཚོ། གཡས་སུ་རྨེའུ་རུ་མའི་ཚེ་ཁོ། ༡༩༨༥ ལོའི་ཟླ་ ༦ པ། རྒྱ་ནག་ཁྲིན་ཏུས།

 ༼བཞི།༽

སྤྱི་ལོ་༡༩༨༥ལོའི་དགུན་ཁར་ངེད་ཅག་གིས་གདན་འདྲེན་ཞུས་པ་ལྟར། དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོ་རྔ་བ་རྫོང་ཐོག་ནས་ཨ་མཆོག་མཚན་ཉིད་དགོན་གྱི་ཉེ་འགྲམ་ལ་ཡོད་པའི་བོད་ཡིག་སློབ་འབྲིང་དུ་ཕེབས། དུས་ཡུན་ཟླ་ངོ་གཉིས་ལྷག་རིང་བོད་ཡིག་སློབ་འབྲིང་གི་འཛིན་གྲྭ་གཉིས་ལ་<<སྙན་འགྲེལ་ཡང་གསལ་སྣང་མཛོད་>>ཆ་ཚང་འཆད་ཁྲིད་གནང་། 

༡༩༨༧ ལོའི་ལོ་འགོར་རྔ་བའི་བོད་ཡིག་སློབ་འབྲིང་མཚན་ཉིད་གྲོང་སྡེ་ནས་རྔ་བ་རྫོང་ཐོག་ཏུ་སྤོས། རིང་བོ་མ་ཐོགས་པར་དགེན་བློ་བཟང་རྒྱ་མཚོ་ཡང་བོད་ཡིག་སློབ་འབྲིང་གི་དགེ་རྒན་དུ་བསྐོས།  སྐབས་དེར་ཕྲན་གྱིས་སློབ་འབྲིང་གི་དགེ་ཆེའི་ལས་འགན་ཁུར་ཐོག་སློབ་གྲྭ་སྤྱི་ཡོངས་ཀྱི་སྒྲིག་ལམ་སོགས་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་ན་ཡང་།  དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་བློ་བཟང་རྒྱ་མཚོ་དང་ཨ་ཁུ་བློ་གསལ་གཉིས་ཀྱིས་རྒྱབ་ནོན་མགོན་སྐྱབས་གནང་བའི་འོག  སློབ་མའི་སློབ་སྦྱོང་དང་ཤེས་ཚད། སྒྲིག་ལམ་དང་ཀུན་སྤྱོད། འཚོ་བའི་མཐུན་རྐྱེན་སོགས་སྔར་ལྷག་ཡར་རྒྱས་བྱུང་ཞིང་། སྐབས་དེར་སློབ་འབྲིང་དུ་རིགས་ལམ་སྐོར་དཔེ་ཁྲིད་དང་། སུམ་རྟགས་སོགས་ཀྱང་རིགས་ལམ་གྱི་འགྲོས་དང་བསྟུན་ཏེ་རྟགས་གསལ་གཏོང་བའི་ལམ་སྲོལ་ཞིག་སྔ་ས་ནས་བཙུགས་ཏེ་རྒྱུན་སྐྱོང་བཞིན་ཡོད་ལ། “མི་སྐྱ་ཕོ་མོ་ཚོས་ཆོས་རྩོད་ཀྱིན་འདུག་”ཅེས་མཛུབ་མོ་ཀེར་ཏེ་འཕྱ་སྨོད་དང་ཟུར་ཟ་བྱེད་མཁན་འགའ་རེ་བྱུང་མོད། ད་ལྟ་བསམ་བློ་བཏང་དུས། ངེད་ཅག་གི་བྱ་བ་འདི་དག་༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་བཀའ་དགོངས་དང་ཡོངས་སུ་མཐུན་འདུག་པར་སྤོབས་པ་བསྐྱེད་འོས་པ་ཞིག་རེད་སྙམ། 

དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོ་ནི། བོད་རྒྱའི་དགེ་རྒན་ཀུན་ཀྱིས་བརྩི་བཀུར་ཞུ་ས་ཞིག་དང་། སློབ་མ་ཆེ་ཆུང་ཚང་མས་བཀུར་ཞིང་སྐྲག་ཡུལ་ཞིག་ཀྱང་ཡིན། གཟའ་མཇུག་གི་གུང་སེང་འཆར་ཅན་ལ་ཨ་ཁུས་ལྕགས་རྟ་ཞོན་ཏེ་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་ཨ་རིག་བློ་བསྟན་ཚང་གི་མདུན་ལ་དཔེ་ཁྲིད་དུ་བཅར་ཀྱི་ཡོད། སློབ་མ་རྣམས་གྲོང་ཁྱེར་ནང་གུང་སེང་གི་རྣམ་གཡེང་དང་སྤྲོ་འཁྱམ་ལ་འགྲོ་སྐབས། ཡར་མར་གྱི་ལམ་ཁ་ནས་ཨ་ཁུ་ལ་ཐུག་ཡོང་བསམ་ནས་ཞེད་སྣང་དང་སྦྲགས་ཏེ་བཟུར་ནས་འགྲོ་ཞིང་། ཨ་ཁུ་རྒྱང་རིང་ནས་མཐོང་དུས་གཞའ་ཐབས་བྱེད། སློམ་མ་གཤིས་རྩུབ་རྩལ་རྒོད་དམ་འཚུབ་པོ་དེ་འདྲ་ལ་ཨ་ཁུས་སྔར་གྱི་ལུགས་སྲོལ་ལྟར་མཚམས་རེེར་“དབྱུག་པའི་སློབ་གསོ་”བྱེད་ཀྱང་། ཀུན་སློང་རྣམ་པར་དག་པས་སློབ་མ་སུ་གང་འཁོན་འཛིན་མི་བྱེད། སྐབས་དེར་ཨ་ཁུ་བློ་བཟང་རྒྱ་མཚོས་སློབ་མའི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་གསོ་སྐྱོང་བྱེད་ཐབས་ལ་ཕ་ཡུལ་དུ་གདེང་འཇོག་ཡོད་ལ། ཡུལ་མི་ཀུན་གྱིས་རྩི་མཐོང་ཡང་བྱེད། 

ཉིན་ཞིག་ཕྲན་གྱི་ལས་ཤག་ཏུ་ཧྲ་ལའོ་ཧྲི་(དགེ་རྒན)དང་། མངྒ་ལའོ་ཧྲི། སྤུན་མཆེད་བུ་ཆབ་འཕགས་པ་སོགས་གྲོགས་པོ་ཁ་ཤས་མཉམ་འཛོམས་བྱས། ང་ཚོས་ལྦུ་ཆང་འཐུང་བཞིན་ཁ་བརྡ་གློད་དེ་སྣང་བ་དྭངས་བཞིན་པའི་སྐབས། གློ་བུར་དུ་ཐག་ཐག་གི་སྒོ་བརྡ་བརྒྱབ་པ་དང་ཨ་ཁུ་ནང་དུ་བསླེབས། ང་ཚོ་ཚང་མ་རྟབ་རྟབ་པོར་གྱུར་སྟེ་ལམ་སང་ཤེལ་དམ་ཁ་ཤས་སྦས་ཁུལ་བྱས། ཨ་ཁུས་“ཁྱེད་ཚོས་ར་ཁུ་(ཨ་རག)འཐུང་གི་ཡོད་ཀཱ་”ཟེར། ངས་དེའི་ལན་དུ“ཕིས་ཅིའུ་(啤酒)ཤེལ་དམ་གཅིག་གཉིས་ཤིག་འཐུང་བ་ཡིན་”ཞེས་ཞུས་པར། ཨ་ཁུས་མདུན་ཅོག་གི་གཡས་གཡོན་ལ་ཡར་ལྟ་མར་ལྟ་ཞིག་བྱས་ནས། “ཨ་ཡ་མཚར། ཁྱེད་ཚོའི་ཤེལ་དམ་གཅིག་གཉིས་ལ་ཁ་གཅོད་དེ་འདྲ་མང་བ་ལ་”ཞེས་བཞད་མོ་དང་སྦྲགས་ཏེ་གསུངས། ང་ཚོ་ཚང་མ་གད་མོ་ཤོར། སྐབས་དེའི་སྣང་བརྙན་བསྐྱར་དྲན་རེ་བྱེད་དུས། སེམས་ལ་ཤ་ཚ་བ་དང་བག་དྲོ་བོའི་ཚོར་གདུངས་ཟབ་མོ་ཞིག་ངང་གིས་སྐྱེ། 

ང་རང་དགེ་རྒན་དམ་པ་ཁོང་དང་སློབ་གྲྭ་གཅིག་ཏུ་ལས་ཤག་མཚེས་ནས་ཡོད་སྟབས། དགོང་མོའི་དུས་ཚོད་སྟོང་བའི་སྐབས་དང་བསྟུན་ཏེ་དགེན་གྱི་མདུན་ནས་ཀུན་མཁྱེན་འཇིགས་མེད་དབང་བོའི་གྲུབ་མཐའ་རིན་ཆེན་འཕྲེང་བ་དང་། པཎ་ཆེན་བསོད་གྲགས་ཀྱི་ས་ལམ་ཀྱི་རྣམ་བཞག་སོགས་ཁྲིད་རྒྱའི་གོ་སྐབས་བྱུང་བ་སྐལ་བ་བཟང། དེ་དུས་གྲོགས་པོ་སྨན་རམས་པ་གཅའ་བསོད་རྡོར་(འདས་ཟིན)ལགས་དང་ལྷན་དུ་ཨ་ཁུའི་མདུན་ནས་<<དག་ཡིག་མཁས་པ་དགའ་སྐྱེད་>>ཀྱི་ཁྲིད་ལུང་ཞིག་ཀྱང་ཐོབ། ཡང་སྐབས་དེར་ཕྲན་གྱིས་དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོ་ལ་རེ་སྐུལ་ཞུས་འབྲས་སུ། ཁོང་གིས་བོད་ཡིག་སློབ་འབྲིང་གི་སློབ་གྲྭའི་གླུ་དབྱངས་ཀྱི་ཚིག་༼ཤིས་ཚིག་སྐྱེ་བ་ལྔ་བའི་དབྱངས་སྙན།[8]༽ཞེས་པ་བརྩམས་ཤིང་། ཕྲན་གྱིས་དེར་དབྱངས་ཤིག་བརྩམས་ཁུལ་གྱིས་གླུ་དབྱངས་འདི་སློབ་མ་ཀུན་གྱིས་ལེན་ཤེས་མོད། རྗེས་སུ་རྒྱུན་སྐྱོང་ཐུབ་ཡོད་མེད་ཆ་མ་འཚལ་ཞིང་། དགེ་རྒན་དམ་པ་ཁོང་གིས་བརྩམས་པའི་སྡོམ་བརྩོན་དམ་པའི་བཤད་པ་དང་། མཐུན་པ་སྤུན་བཞིའི་བཤད་པ་རི་མོ་དང་བཅས་པའི་སྙན་རྩོམ་ཧ་ཅང་ལེགས་པོ་ཞིག་ཀྱང་ཡོད་པ་དྲན་མོད། རྩོམ་ཡིག་དེ་དག་གི་མ་ཡིག་ཉར་ཚགས་བྱས་ཡོད་མེད་བཤད་རྒྱུ་མེད།

གཡོན་གྱི་དང་པོ་རྒན་ཨ་ཁུ་བློ་བཟང་རྒྱ་མཚོ་དང་། དབུས་སུ་སྨྱུག་ཐོགས་པ་ཕྲན། གཡས་སུ་རྒན་ཨ་ཁུ་བློ་གསལ་རྒྱ་མཚོ། རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ། ༡༩༨༧ ལོ།

 ཐེངས་གཅིག་གཉིས་ཤིག་ལ། དགེ་རྒན་དམ་པ་ཁོང་རྔ་བ་ཀིརྟི་དགོན་དུ་ཚོགས་ལངས་ལ་ཁེལ་ནས་ཆོས་འཁོར་དང་དོན་བདུན་ཅུའི་སྐོར་རྟགས་བསལ་གཏོང་དགོས་པར། ཨ་ཁུ་བློ་གསལ་དང་ངེད་གཉིས་ཁོང་གི་ལས་ཤག་ཏུ་བོས་ཏེ་རྩོད་ཟླ་བྱེད་བཅུག  ཁོང་གིས་ཚོགས་ལངས་གནང་གི་ཡོད་པ་ལྟར་སྦྱོང་བརྡར་བྱས་ཤིང་། གསུང་སྐད་ཧ་ཅང་མཐོ་གདེང་ལྡན་ལ་སྙན་ཆ་ཡོད། རྟགས་གསལ་གཏོང་བའི་ཐལ་སྐད་དང་རྩོད་པའི་རྣམ་འགྱུར་ལ་གཟི་བརྗིད་ལྡན། མཇུག་ཏུ་སྒྲ་དག་ཅིང་གསལ་བའི་སྒོ་ནས་ཚིག་བཀྲ་དབྱངས་སུ་འཐེན་སྐབས། བདག་གི་ཡིད་ལ་བཅོས་མིན་གྱི་ཚོར་བ་ཟབ་མོ་སྐྱེས་མྱོང་། རྩོད་ཟླའི་ལས་འགན་གྲུབ་མཚམས། ཨ་ཁུའི་ཤག་ནས་ཤ་མོ་མོ་དང་ཡང་ན་གྲོ་མ་མར་ཁུ་ལྟ་བུའི་ཟ་མ་ཞིམ་པོ་རེ་ཟ་རྒྱུ་རག་པར་ཐེ་ཚོམ་མེད། ཐེངས་གཅིག་ཨ་ཁུས་ཁོང་གི་ཚོགས་ལངས་ཀྱི་ཟླ་བོ་ཨ་ལགས་སྒོ་རུ་ཚང་ཡིན། ཁོང་གཉིས་མཉམ་དུ་ཐེངས་ཁ་ཤས་སྦྱང་བརྡར་བྱས་མོད། “སྤྲུལ་སྐུ་རིག་པ་རྒོད་པས་ཏན་ཏན་མེད། གཟབ་གཟབ་མ་བྱས་ན་ཚོགས་མང་གི་དབུས་སུ་ངའི་རྟགས་གསལ་གཅོད་ཀི་རེད།” ཅེས་གསུངས་ཏེ་ང་ཚོ་གད་མོ་ཤོར་བ་དྲན་ངོས་ན་གསལ་བོ་འདུག 

༡༩༨༨ལོར་ཕྲན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རྒྱ་སྐད་གཉིས་སྨྲ་བའི་དྲུང་ཡིག་འཛིན་གྲྭར་ཚུད་དེ་སླར་ཡང་སྤོས་ལྡན་གྲོང་ཁྱེར་ལ་འགྲོ་དགོས་བྱུང་། དེ་ནས་བཟུང་སློབ་སྤྱི་བཟོད་རྒྱམ་དང་ཨུ་རྒྱན་སོགས་ནི་མིང་ཙམ་མམ་གཞུང་གི་ཚོགས་འདུ་སོགས་ལ་བསྐྱོད་པ་ལས། རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་སྦྱོང་དང་སྒྲིག་ལམ་ཀུན་སྤྱོད་ཆ་ཚང་དགེ་རྒན་དམ་པ་ཨ་ཁུ་བློ་བཟང་རྒྱ་མཚོ་དང་ཨ་ཁུ་བློ་གསལ་ཟུང་གིས་དོ་དམ་ལྟ་སྐྱོང་གནང་ངོ།། 

༼ལྔ།༽

སྤྱི་ལོ་ ༡༩༩༡ ལོར་སྨྱུག་ཐོགས་པ་ཕྲན་རྒྱ་ནག་ཁྲིན་ཏུས་ནས་མདོ་སྟོད་སྨད་ཀྱི་ཡུལ་ལུང་བསྙེག་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། ཨ་ཁུ་བློ་བཟང་རྒྱ་མཚོའང་ཁྲིན་ཏུས་ལ་འབྱོར་ཡོད་པ་གོ།  ཉིན་ཞིག་ཨ་ཁུ་བཙལ་ཏེ་ཤིས་མེན་(西門)གྱི་ཇ་ཁང་ཞིག་ནས་མཉམ་དུ་འཛོམས། ཇ་འཐོང་ཞོར་ལ་ཁ་བརྡ་བྱེད་སྐབས། ཨ་ཁུས་ཁོང་དབུས་ཕྱོགས་སུ་གནས་སྐོར་ལ་འགྲོ་རྒྱུ་དང་། བསམ་ཡས་ནས་ཟླ་ཤས་རིང་མཚམས་ལ་འདུག་རྒྱུ་ཡིན་ཞེས་བཤད། ངས་ནི་དེ་ལྟར་ཡིན་ཤག་བྱས་མོད། ཉིན་ཤས་རྗེས་ཨ་ཁུའི་སློབ་མ་ཡིན་པ་རྔ་བའི་གློག་བརྙན་སྐད་བསྒྱུར་ཁང་གི་ལས་བྱེད་རྨེ་སྐོར་ག་བུར་གྱིས་ང་ལ། ཨ་ཁུ་གནས་སྐོར་ལ་འགྲོ་བ་ཨེ་ཡིན་ནམ། བཅའ་ལག་བསྡུ་གསོག་རྒྱག་དུས་སྒམ་ནང་དྲང་ངེས་སོགས་དཔེ་ཆ་མང་པོ་ཡོད་པ་མཐོང་སོང་། གནས་སྐོར་ལ་དཔེ་ཆ་ལྗིད་པོ་དེ་འདྲ་ཁུར་དགོས་དོན་ཡོད་དམ་ཞེས་དོགས་སློང་བྱས། ཡུན་རིང་མ་འགོར་བར་ཨ་ཁུ་བློ་བཟང་རྒྱ་མཚོ་འགྲམ་འགག་སྒོ་བརྒྱུད་ནས་རྒྱ་གར་ལ་འབྱོར་འདུག་ཅེས་པའི་སྐད་ཆ་ཐོས། 

༡༩༩༢ ལོའི་ཟླ་ ༥ བའི་ནང་སྨྱུག་ཐོགས་པ་བདག་ཀྱང་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར། རྡ་ས་ནས་ཨ་ཁུ་བློ་བཟང་རྒྱ་མཚོའི་མདུན་ལ་བཅར་སྐབས། ཁོང་གིས་ཀིརྟི་བྱེས་པ་གྲྭ་ཚང་ཆེས་མཐའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་སྤྱི་དང་། རིག་གནས་དགེ་རྒན་གཅིག་ལྕོགས་གནང་བཞིན་འདུག་ལ། ཁོང་གིས་བོད་ནས་རང་རིགས་སློབ་གསོའི་བྱ་བཞག་དང་། ལོ་མང་ལས་བྱེད་ཀྱི་ཐོབ་ཐང་དང་མཐུན་རྐྱེན་བཟང་པོ་སོགས་རྒྱབ་ཏུ་གཡུགས་ཏེ་རྒྱ་གར་ལ་ཕེབས་པ་ནི། སྐྱབས་རྗེ་ཀིརྟི་རིན་པོ་ཆེས་བཀའ་ཡིག་ཅིག་ལ་བརྟེན་ནས་ཡིན་པ་དེ་དུས་ཤེས་མོད། ཡ་མཚན་པ་ཞིག་ལ། ཁོང་གི་བཀའ་ཡིག་དེ་ངོམ་སོ་བྱས་ནས་མི་སུ་ལ་ཡང་སྟོན་གྱི་མེད་པ་འདྲ་ལ། ཁོ་བོས་ཀྱང་མིག་གིས་མཐོང་མ་མྱོང་། 

སྐབས་དེར་ཀིརྟི་རིན་པོ་ཆེས་ཁོང་ལ་དབྱུ་གུ་ཞིག་དང་ཚིགས་བཅད་ཤླཽ་ཀ་གཅིག་གནང་སྟེ། དགེ་ཕྲུག་རྣམས་ཞི་དྲག་ཟུང་འབྲེལ་གྱི་སྒོ་ནས་བསྐྱང་ཆོག་པའི་གནང་བ་སྦྱིན་ཡོད་པར་སྐད་གྲགས་འདུག་མོད།  འོན་ཀྱང་ཡུལ་ལུང་འདིར་བོད་གཞིས་ཀྱི་དགོན་གྲྭ་ལྟར་དབྱུག་པའི་སློབ་གསོ་མི་འགྲོ་བས། ཨ་ཁུའི་དབྱུག་པ་ལའང་བྱེད་ལས་གཞན་མེད་པར་བྱིན་རླབས་ཀྱི་རྟེན་དུ་ཉར་བར་བཤད། སྐབས་དེར་སྐྱབས་བཅོལ་བ་སྤྱི་མཚུངས་ཀིརྟི་བྱེས་པ་གྲྭ་ཚང་གི་ཕྱིའི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡིན་ན་ཡང་། ནང་གི་རིག་གནས་སློབ་གཉེར་སྐོར་ལ་དགེ་རྒན་དམ་པ་ཁོང་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་འབྲས་བུ་གཡུར་དུ་སྨིན་ཞིང་། བོད་ཀྱི་རིག་གནས་ཆེ་ཆུང་ཀུན་ལ་སྦྱང་བ་མཐར་ཕྱིན་པའི་སློབ་མ་གང་མང་ཞིག་གསོ་སྐྱོང་བྱས་ཏེ། ད་ལྟ་གཞིས་བྱེས་གཉིས་ཀར་རིག་གཞུང་གི་བྱ་བ་གལ་ཆེན་གནང་མཁན་ཡང་མི་ཉུང་ཞིག་ཡོད་དོ།།

དགེ་རྒན་དམ་པ་ཁོང་བོད་ནས་རྒྱ་གར་དུ་འབྱོར་ཏེ་སྐུ་མ་གཤེགས་ཀྱི་བར་དུ། སློབ་གཉེར་ཁང་གཅིག་ཏུ་གདན་ཐོག་གཅིག་ལ་མི་ལོ་སུམ་བཅུའི་རིང་ཤེས་ཡོན་སློབ་གསོའི་ཕྱག་ལས་རྒྱུན་འཁྱོངས་གནང་བའི་སྤྱི་བྱེའི་མཛད་པ་དག་འབྲི་རྒྱུ་ནི། རྒྱུས་མངའ་དང་གང་ཅིའི་ཆ་ནས་སྨྱུག་ཐོག་པ་ཁོ་བོར་བབ་མེད་པས་འདིར་མི་ཤེས་ཤེས་མདོག་མི་བྱེད་ལ། ཁོང་གི་འདོད་ཆུང་ཆོག་ཤེས་དང་མངོན་ཆུང་གི་སྤྱོད་ཚུལ་ལ་གཅིག་ཤེས་ཀུན་གྲོལ་གྱི་དཔེ་མཚོན་ཞིག་དྲངས་ན། བོད་ནས་ཤེས་ཡོན་སྐོར་གྱི་ཕྱག་ལས་གང་མང་གནང་བ་དང་། ལྷག་པར་པཎ་ཆེན་རིན་པོ་ཆེར་སྙན་ཞུ་ཕུལ་བའི་སྐོར་སོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་སྙན་གསན་ཞིག་ཞུས་ན་སྙམ་པར། ༧རྒྱལ་བ་རིན་པོ་ཆེ་ནི་བོད་ཙམ་མ་ཟད་འཛམ་གླིང་སྤྱིའི་དབུ་ཁྲིད་རེད། ཕྱག་ལས་ཧ་ཅང་མཛད་བྲེལ་དང་རྒྱ་ཆེན་པོ་རེད། ངའི་དོན་དག་ཆུང་ཆུང་ཞིག་༧ཁོང་ལ་ཞུ་དགོས་དོན་མེད། ལོ་འདི་དག་གི་རིང་༧གོང་ས་མཆོག་གི་མདུན་ནས་དབང་ལུང་ཁྲིད་གསུམ་གང་མང་ཐོབ་པ་ལས་ལྷག་པ་ཞིག་ང་ལ་དགོས་རྒྱུ་གང་ཡང་མེད་ཅེས་གསུངས་ཏེ་ཁ་བཀག་པ་ཐེངས་གཅིག་ཙམ་མིན།  དེ་ལྟ་བུའི་མཛད་སྤྱོད་དག་ནི་རྗེ་གུང་ཐང་བསྟན་པའི་སྒྲོན་མས། མཁས་པ་ཡོན་ཏན་ཀུན་ལྡན་དེ། །རློམ་སེམས་མེད་པར་ཞི་ཞིང་དུལ། །སྙེ་མའི་ཁུར་གྱི་ལྗིད་པ་ཡི། །ལྗོན་ཤིང་རྩེ་མོ་དུད་དེ་གནས། །ཞེས་པ་དང་ཀུན་ནས་མཚུངས་སོ། ། 

དེ་ལྟར་དགེ་རྒན་དམ་པ་རྗེས་སུ་དྲན་པའི་ཡིག་འཕྲེང་འདི་དག་ནི།  མི་ཞིག་ལྷ་རུ་སྒྲོག་པའི་འུད་བསྟོད་དང་། ཆུང་ཆུང་ཆེན་པོར་བཟོ་པའི་འུར་གཏམ་སོགས་ཀུན་བཏགས་ཀྱི་སྒྲོ་འདོགས་རིང་དུ་དོར་ཏེ། རང་ལ་བློ་སྒོ་འབྱེད་པའི་དགེ་རྒན་ཞིག་གི་བཀའ་དྲིན་དང་། བློས་ཐུབ་གྲོགས་པོ་ཞིག་དང་མཛའ་མཐུན་གྱི་འགྲོགས་འདྲིས་སོགས་མི་བུ་དཀྱུས་མ་ཞིག་གི་འདས་བྱུང་གི་གནས་སྟངས་སྲོང་བོར་བརྗོད་པ་གཙོ་བོར་བཟུང་མོད། བོད་ཀྱི་ཤེས་ཡོན་སློབ་གསོའི་བྱ་བཞག་ཐད་རང་ནུས་ཀྱིས་མཛད་རྗེས་མི་དམན་པ་བཞག་སྟེ་མི་ཚེའི་མཐའ་འཁྱོངས་ཡོད་པ་ཡང་ཞོར་ནས་རྟོགས་སླའོ་སྙམ་མོ། ། 

ཡི་གེ་འདི་དག་བྲེལ་བ་མ་བྱས་པར་དལ་ལྷོད་བྱས་ཏེ་འབྲི་ཁུལ་བྱེད་དོན་ནི། འདས་དོན་རྣམས་དྲན་གསོས་པའི་ཆེད་དུ་ཡིན་མོད། བརྗེད་ངས་ཀྱི་རྐུན་པོས་ཁྱེར་ཟིན་པ་ལ་ཉིན་འགྱང་ཞག་འཕུལ་ཀྱིས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་ཚུར་གསལ་ཐབས་ནི་མི་འདུག་པས། ད་ནི་མཚམས་འདི་ནས་མཇུག་བསྡུ་བར་བྱའོ། །ཨོཾ་མ་ཎི་པདྨེ་ཧཱུཾ།

 སྤྱི་ལོ་༢༠༢༡ལོའི་ཟླ་༥ཚེས་༡༦ལ་བྲིས་ཤིང། ཟླ་༦ཚེས་༡༣ལ་བསྐྱར་བཅོས་བྱས།

འཕགས་ཡུལ་དྷ་རམྴ་ལ་ནས།


[1]
མཁས་དབང་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་༼བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས།༽

[2]
རྒྱ་ནག་གཞུང་གིས་སྤྱིལོ་༡༩༦༠ཡས་མས་སུ་འཆར་ལྡན་དཔལ་འབྱོར་གྱི་སྒྲོམ་གཞིིའི་འོག་མི་རེ་ལ་ཟ་འབྲུ་ཚད་ངེས་ཅན་ལས་མི་ཐོབ་པར་བཟོས་ཏེ་ཟས་ཡིག་粮票བགོ་འགྲེམས་བྱས། སྤྱི་ལོ་༡༩༨༣ཡས་མས་སུ་ཟས་ཡིག་དང་རས་ཡིག་སོགས་མེད་པ་བཟོས།

[3]
མཁས་དབང་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་༼སྙན་ངག་དབྱངས་ཅན་ཞལ་ལུང་གི་འབྲུ་འགྲེལ་ཡང་གསར་སྣང་མཛོད་༽ལེའུ་གསུམ་གྱི་བདག་ཉིད་ཅན།

[4]
མཁས་དབང་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་༼ཤེས་བྱའི་རྣམ་གྲངས་བློ་གསར་རིག་སྒོ།༽ ༡༩༨༡ལོར་ཀན་སུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བཏབ།

[5]
དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་དུས་རབས་༡༧པའི་ནང་བརྩམས་པའི་༼བདུད་ནད་གཞོམ་པའི་གཉེན་པོ་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང་དང་། བདུད་རྩི་སྨན་གྱི་རྣམ་དབྱེ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་༽ཞེས་པ་གཉིས་མཉམ་དུ་དེབ་གཅིག་བཟོས་པ།

[6]
མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་བརྩམས་པའི་<<བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་>>སྟེ། སྤྱི་ལོ་༡༩༨༧ལོའི་ཟླ་༡༠ནང་རྔ་བ་ཁུལ་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་དཔྱད་ཡིག་བདམས་བསྒྲིགས་ཨང་ལྔ་བའི་ཚུལ་དུ་པར་བསྐྲུན་བྱས། ལོ་རྒྱུས་འདི་འབྲི་བའི་རྒྱུད་རིམ་དང་ཐོག་མར་པར་བསྐྲུན་བྱེད་མ་ཐུབ་པའི་སྐོར་སོགས་ལ་གནས་ཚུལ་མང་རུང་འདིར་སྐབས་སུ་མ་བབ་པའམ་ཡིག་ཚོགས་སྐྱུངས་ཕྱིར་མ་བྲིས།

[7]
རྒྱ་ནག་གི་རྩོམ་པོ་པོའི་མཐུན་ཚོགས་ཀྱི་ཁོངས་གཏོགས་སི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཏོན་པའི་རྒྱ་ཡིག་གི་གཞུང་འབྲེལ་རྩོམ་རིག་ཟླ་རེའི་དུས་དེབ་སྟེ། སྤྱི་ལོ་༡༩༥༩ལོར་ཐོག་མར་གསར་བཏོན་བྱས་ཞིག་ཡིན།

[8]
བགྲང་ཡས་ཚོགས་གཉིས་གོམས་པའི་མཐུས།།བསོད་ནམས་ཞིང་འདིར་ལེགས་འཁྲུངས་པའི།།གང་སྐུ་དཔག་བསམ་ལྗོན་པའི་དབང་།།དྲིན་ཆེན་པོ་པཎ་རྣམས་ལ་འདུད།།བདེ་གཤེགས་མཁྱེན་རབ་མཚན་དཔེའི་གཟུགས།།ལི་ཁྲིའི་མདངས་རྫོགས་ཡེ་ཤེས་དཔལ།།མི་ཡི་རྣམ་རོལ་ཐོན་མིའི་གསུང་།།ཕྱོགས་ཀུན་ཁྱབ་པའི་བཀྲ་ཤིས་ཤོག།ཟླ་བྲལ་བཤེས་གཉེན་ཉིན་བྱེད་གཟིས།།བཅུ་ཕྲག་རིག་པའི་འདམ་མའི་ཁ།།ཅི་དགར་ཕྱེས་པའི་བསུང་མངར་བཅུད།།ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག།འཆད་མཁས་དབྱིག་གཉེན་དང་མཚུངས་བཤེས།།རྩོད་མཁས་ཆོས་ཀྱི་གྲགས་པ་བཞིན།།རྩོམ་པ་དཔའ་བོའི་རྗེས་འགྲོ་བའི།།སློབ་མས་གང་བའི་བཀྲ་ཤིས་ཤོག།རྒྱ་ཆེན་ཐོས་པ་མང་དུ་བཙལ།།ཚིག་དོན་རབ་གོམས་རྨོངས་བྲལ་ཞིང་།།ལྟ་སྤྱོད་ཞི་དུལ་བག་ཡོད་ཀྱིས།།ས་གསུམ་ཁྱབ་པའི་བཀྲ་ཤིས་ཤོག།འདིར་འབད་བསོད་ནམས་གང་གཱའི་རྒྱུན།།བྱང་ཆེན་རྒྱ་མཚོར་ཡོངས་འདྲེས་ཏེ།།དགེ་མཚན་བྱེ་བའི་རྦ་རླབས་ཆེ།།རྟག་ཏུ་གཡོ་བའི་བཀྲ་ཤིས་ཤོག།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 1

  1. བློ་བཟང་དཔལ་ལྡན། says:
    ལོ་ 4 སྔོན།

    ཧ་ཅང་ཡག་ད་དེ་རིང་གི་གཟའ་ཉི་མ་ངས་ཀྱང་འཕྲོ་བརླགས་གཏོང་དགོས་མ་བྱུང་། བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese