བོད་རིགས་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་སྐྱེས་པའི་རྒྱང་རྒྱུག་འགྲན་སྡུར་ཁྲོད་ཡང་བསྐྱར་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་འདུག
སྐབས་བཅུ་བཞི་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱུག་མཆོང་འཕེན་གསུམ་གྱི་ལུས་རྩེད་འགྲན་ཚོགས་ཞིང་ཨན་དུ་ཚོགས་བཞིན་ཡོད་པ་ལྟར། ཁ་སང་ བོད་རིགས་རྒྱང་རྒྱུག་པ་གྲགས་ཅན་སྟོབས་རྒྱལ་ལགས་ཀྱིས་སྐྱེས་པའི་སྨི་༡༠༠༠༠ རྟིང་རྩོད་འགྲན་སྡུར་ཁྲོད་སྐར་མ་ ༢༨ དང་སྐར་ཆ་ ༣༥ ལྷག་ལས་མ་འགོར་བའི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་ཐོབ་ཡོད་འདུག་ལ། ཁོང་གིས་རྒྱ་ནག་རྒྱལ་ཡོངས་ནས་ལོ་གཉིས་བསྟུན་མར་ཨང་རིམ་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་འདུག
དེ་བཞིན་འདི་ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་རྩེད་འགྲན་ནང་བོད་རང་སྐྱོང་ལྗོངས་ནས་བོད་ཀྱི་ལུས་རྩལ་བ་བསོད་ནམས་ཚེ་རིང་། རྟ་མགྲིན་ཚེ་དབང་གཉིས་ཀྱིས་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད་འདུག
གཞན་ཡང་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་རུ་ཁག་གི་ལུས་རྩལ་བ་པདྨ་མ་གཡུ་སྒྲོན་ལགས་ཀྱིས་ཀྱང་། རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཆོགས་སྟེང་། བྲག་འཛེགས་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་སྟེ། ཁོང་མོར་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་རེད་འདུག
བོད་ཀྱི་ལུས་རྩལ་བ་སྟོབས་རྒྱལ་ནི་ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་ཚོགས་པའི་ཨོ་རྩལ་འགྲན་ཚོགས་དང་། ཕྱི་ལོ་ ༢༠༡༦ ལོར་ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་ནང་ལོགས་ཀྱི་རྒྱལ་སྤྱི་དང་རྒྱལ་ཡོངས་རང་བཞིན་གྱི་འགྲན་ཚོགས་མང་པོའི་ཐོག་གསེར་དངུལ་གྱི་རྟགས་མ་ ༢༠ ཙམ་ཐོབ་ཡོད་འདུག
དཔལ་ལྡན།