མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་རང་བྱུང་གནོད་སྐྱོན་འགོག་སྲུང་ལྷན་ཁང་ལ་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་རྒྱལ་ཡོངས་རང་བྱུང་གནོད་སྐྱོན་འགོག་སྲུང་ལྷན་ཁང་གི་མི་སྣར་བཀའ་སློབ་སྩལ་སྐབས་སྔ་མའི་ཚན་རིག་པ་དང་འཕྲུལ་རིག་པ་དག་གིས་ནང་སེམས་ཀྱི་ཞི་བདེའི་སྐོར་ལ་བསམ་བློ་གང་ཡང་བཏང་མེད་ཀྱང་དེང་སང་ནང་སེམས་ཀྱི་ཞི་བདེ་གལ་ཆེན་ཡིན་པ་ཉམས་མྱོང་གི་སྒོ་ནས་ར་སྤྲོད་བྱུང་སྟེ་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་རྒྱལ་ཡོངས་རང་བྱུང་གནོད་སྐྱོན་འགོག་སྲུང་ལྷན་ཁང་ (The National Institute of Disaster Management, MHA, GOI) གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་ལམ་བརྒྱུད་སྙིང་རྗེ་དང་བརྩེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་གནང་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བོད་དང་རྒྱ་གར་གཉིས་ཀྱི་བར་ལ་ཐུན་མོང་གི་འབྲེལ་བ་དམ་ཟབ་ཡོད་པ་རེད། དུས་རབས་བདུན་པའི་སྐབས་ཀྱི་བོད་ཀྱི་རྒྱལ་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་ནག་གོང་མ་དང་འབྲེལ་འདྲིས་ཆེན་པོ་ཡོད་སྟབས། རྒྱ་ནག་གོང་མའི་སྲས་མོ་བཙུན་མོར་བཞེས་པའི་ལོ་རྒྱུས་ཤིག་བྱུང་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་ནག་གི་བུད་མེད་ཀྱི་རྣམ་པ་དང་རྒྱའི་ཟས་རིགས་ལ་དགའ་པོ་ཡོད་ཀྱང་། རྒྱ་ནག་གི་ཡི་གེའི་འགྲོ་སྟངས་ལ་ལྟ་དུས་དེ་རྙོག་དྲ་ཚ་པོ་ཞིག་ཡིན་པར་གཟིགས་རྐྱེན། རྒྱ་ནག་གི་ཡི་གེ་མ་སྦྱང་བར་བོད་རང་གི་སྐད་ལ་བརྟེན་པའི་ཡི་གེ་ཞིག་དགོས་པར་དགོངས་ཏེ་རྒྱ་གར་ནས་དཔེ་བླངས་ཏེ་བོད་ཀྱི་སྐད་ཡིག་གསར་གཏོད་མཛད་ཡོད་པས། ལོ་རྒྱུས་ཀྱི་ཐོག་ནས་བཤད་ནའང་རྒྱ་གར་ནི་གནས་རྩ་ཆེན་པོ་ཁོ་ན་ཙམ་མ་ཡིན་པར། ནང་པའི་བཀའ་དང་བསྟན་བཅོས་ཀྱི་འབྱུང་ཁུངས་ལྟ་བུ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ཡོད་པ་རེད། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་སྐབས་ལེགས་སྦྱར་གྱི་ཆོས་བརྒྱུད་ཅིག་དང་། པ་ལི་ཡི་ཆོས་བརྒྱུད་ཅིག་བྱུང་བ་ཡིན། ཤི་རི་ལན་གཱ་དང་ཐའེ་ལེན་ཊི། འབར་མ་སོགས་ཀྱི་པ་ལི་ཡི་སྐད་ཀྱི་ཐོག་ནས་ནང་ཆོས་ཉམས་ལེན་བྱེད་ཀྱི་ཡོད།  དུས་རབས་བརྒྱད་པའི་ནང་དུ་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། སྐབས་དེའི་དུས་སུ་ནཱ་ལནྜིའི་མཁས་པའི་གཙུག་རྒྱན་དུ་འབོད་པའི་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་པས། ཁོང་གིས་བོད་ལ་སྐད་ཡིག་ཡོད་པས་རྒྱ་གར་གྱི་བཀའ་བསྟན་རྣམས་བོད་ཡིག་ཏུ་ཕབ་བསྒྱུར་བྱ་དགོས་པའི་བཀའ་སློབ་བསྩལ་ཡོད་བ་བཞིན། བཀའ་དང་བསྟན་བཅོས་མང་པོ་ཞིག་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ཏེ། ད་ལྟ་བོད་ཡིག་ཏུ་སངས་རྒྱས་ཀྱི་བཀའ་པོད་ ༡༠༠ ལྷག་ཡོད་པ་དང་། རྒྱ་གར་གྱི་མཁས་གྲུབ་གོང་མ་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱིས་མཛད་པའི་བཀའ་འགྱུར་གྱི་འགྲེལ་བ་བསྟན་འགྱུར་པོད་ ༢༠༠ ལྷག་ཡོད་པ་རེད། མཁན་ཆེན་ཞི་བ་འཚོ་ནི་རིག་པ་སྨྲ་བ་ཆེན་པོ་ཞིག་ཡིན་ལ། ཁོང་གིས་ཀྱང་ལྟ་བ་སོགས་ཀྱི་སྐོར་གྱི་གསུང་རབ་གླེགས་བམ་མཛད་ཡོད་པ་རེད། ཁོང་གིས་གཏན་ལ་ཕབ་བཞག་པའི་བོད་ཀྱི་ཆོས་བརྒྱུད་འདིར་རིག་པས་དཔྱད་པ་ཞིབ་མོ་བྱ་རྒྱུ་ཡོད་པ་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ར་སྤྲོད་བྱུང་། དེ་ཡང་ཡིད་ཆེས་ལས་རྒྱུ་མཚན་གཙོ་བོ་བྱས་ནས་སངས་རྒྱས་ཀྱི་གསུང་ལ་དཔྱད་པ་བྱ་རྒྱུ་ཡོད་པ་དང་། སངས་རྒྱས་ཀྱི་དགོངས་པར་རིག་པས་དཔྱད་པ་བྱས་ནས་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་དང་རིག་པ་དང་འགལ་བ་ཡིན་ན། དྲང་དོན་མ་གཏོགས་སྒྲ་ཇི་བཞིན་དུ་ངོས་ལེན་བྱེད་ཀྱི་མེད་པ་རེད། བྱས་ཙང་དད་པ་གཙོ་བོ་མིན་པར་རྒྱུ་མཚན་དང་ལྡན་པ་གཙོ་བོར་འཛིན་གྱི་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་སྐོར་ལ་ཞུས་ན། ང་ཚོས་རྒྱུ་མཚན་ཡང་དག་ལ་བསམ་བློ་གཏོང་གི་ཡོད་པས། ཚད་མའི་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། དབུ་མའི་གཞུང་ལ་ཆ་བཞག་ན། གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དང་།  དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པར་སློབ་གཉེར་བྱེད་ཀྱི་ཡོད་པ་རེད།  ངོས་རང་གིས་དཔལ་ལྡན་ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་དེ་མདུན་ཅོག་སྟེང་དུ་བཞག་ནས་ཉིན་ལྟར་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་དཔེ་ཀློག་བྱས་ཏེ། དེའི་ཐོག་ལ་བསམ་བློ་བཏང་ནས་སྡོད་ཀྱི་ཡོད། བྱས་ཙང་ང་ཚོའི་ཆོས་བརྒྱུད་འདི། བླ་མ་རེད་ཟེར་ནས་ཁོང་གི་བཀའ་ལ་ཡིད་ཆེས་བྱས་པ་ཞིག་གཏན་ནས་མིན་པར་རྒྱུ་མཚན་ལ་གཙོ་བོ་བརྟེན་གྱི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོང་གིས། བོད་པས་ཐོག་མར་ང་རང་ཚོའི་སྐད་ཡིག་གསར་གཏོད་བྱས་པ་དང་། དེ་ནས་རྒྱ་གར་གྱི་བཀའ་བསྟན་རྣམས་བོད་ཡིག་ཏུ་ལེགས་བསྒྱུར་བྱས་ཡོད་པས། ཆུང་དུས་ནས་དེ་དག་གི་རྩ་བ་རྣམས་བློར་འཛིན་བྱེད་ཀྱི་ཡོད་རེད།  ངོས་རང་ལ་མཚོན་ན། རང་ལོ་དྲུག་ཙམ་ནས་རྩ་བ་དེ་དག་བློར་འཛོན་བྱེད་མགོ་བཙུགས་ཏེ་ཡོངས་འཛིན་རྣམས་ལ་བློ་རྒྱུགས་སྤྲད་དགོས་ཀྱི་ཡོད་པ་རེད། རིམ་པས་གཞུང་ཆེན་སློབ་གཉེར་བྱས་ནས་རྩ་བ་དེ་དག་གི་འགྲེལ་བ་སོགས་ལྟ་དུས། གཞུང་དེ་དག་རྩ་ཆེན་པོ་ཡིན་པའི་ར་སྤྲོད་བྱུང་ལ། ངོས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གཞུང་ཆེན་སློབ་གཉེར་བྱས་པ་བརྒྱུད། དེ་དག་གིས་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་མཐོང་བྱུང་།  མདོར་བསྡུས་ན་བོད་བརྒྱུད་ནང་བསྟན་དེ་ནི་རིག་པ་དང་རྒྱུ་མཚན་ལ་གཙོ་བོ་བརྟེན་ཡོད་པས། དེང་རབས་ཀྱི་ཚན་རིག་པ་དང་མཉམ་དུ་ནང་ཆོས་ཀྱི་ལྟ་གྲུབ་དང་དངོས་ཡོད་ཀྱི་གནས་སྟངས་སྐོར་ལ་གོ་བསྡུར་བྱེད་པར་ཐེ་ཚོམ་སོགས་གང་ཡང་མེད་པར་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག  གང་ཡིན་ཟེར་ན། གཞི་དངོས་པོའི་གནས་ཚུལ་གཏན་ལ་ཕབ་ཡོང་དུས། གཙོ་བོ་རིག་པ་ལ་བརྟེན་རྒྱུ་དེ་གཅིག་འགྱུར་དུ་ཆགས་ཡོད། དེའི་ཕྱིར་དེང་གི་མཁས་པ་མང་པོས་ངོས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བློའི་རྣམ་གཞག་སོགས་ཀྱི་སྐོར་ལ་ཚན་རིག་པ་མང་པོས་དགའ་མོས་དང་དོ་སྣང་བྱེད་ཀྱི་ཡོད་པ་རེད། ང་ཚོས་གཙོ་བོ་བློའི་རྣམ་གཞག་དང་། སེམས་དང་སེམས་བྱུང་། དེ་བཞིན་ཉོན་མོངས་ཅན་གྱི་བློ་ཁོང་ཁྲོ་སོགས་བྱུང་ཚེ། དེར་གཉེན་པོ་ཇི་ལྟར་བསྟེན་དགོས་པ་སོགས་ཀྱི་སྐོར་ལ་གོ་བསྡུར་བྱེད་ཀྱི་ཡོད་སྟབས། མི་མང་པོ་ཞིག་གིས་ངོས་རང་ཚན་རིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། ངོས་རང་ཚན་རིག་པ་དང་ནང་པའི་ལྟ་གྲུབ་སྨྲ་བ་ཟུང་འབྲེལ་ཡིན་བསམ་པའི་སྤོབས་པ་ཡོད།  མིས་བརྩམས་པའི་བྱ་བ་གང་འདྲ་ཡིན་ཡང་། དེ་ནི་གཙོ་བོ་ཀུན་སློང་ལ་རག་ལས་པས། ཀུན་སློང་གི་རྩ་བ་བྱམས་དང་སྙིང་རྗེ་ནི་གལ་ཆེན་པོ་ཡིན་པ་རེད། རྒྱ་གར་ནི་འཛམ་གླིང་ནང་གི་མི་འབོར་མང་ཤོས་གཉིས་པ་དེ་ཆགས་ཡོད་ཀྱང་། ཞི་བདེ་བག་ཕེབས་ངང་གནས་ཡོད་པ་དང། ལྷག་པར་ཆོས་ལུགས་མཐུན་སྒྲིལ་ཡག་པོ་ཡོད་པ་རེད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པའི་སྙིང་རྗེའི་ཉམས་ལེན་དང་ཚད་མེད་ཞི་བ་དེ་ཧ་ཅང་རྩ་ཆེན་པོ་ཡིན་ཀྱང་། དེང་དུས་ཀྱི་ཤེས་ཡོན་དར་ཁྱབ་ཆེན་པོ་བྱུང་དུས། རྒྱ་གར་གྱི་གནའ་རབས་ཀྱི་གོམས་གཤིས་ཅུང་རྒྱང་དུ་ཕྱིན་པ་འདྲ་བོ་འདུག་པས། དེ་གཉིས་ཟུང་འབྲེལ་བྱ་དགོས་གལ་ཆེན་པོ་ཡིན་པ་མཐོང་གི་འདུག ངོས་རང་གིས་མི་ཚེ་ཕལ་ཆེ་བ་རྒྱ་གར་དུ་བསྐྱལ་བ་དང་ངོས་ནས་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་སོགས་བཤད་ཀྱི་ཡོད་པས། ངོས་རང་རྒྱ་གར་གྱི་རིགས་སྲས་ཤིག་ཡིན་པར་བློ་སྤོབས་ཆེན་པོ་ཡོད་ལ། ངོས་རང་གིས་གང་ནུས་ཅི་ཡོད་ཀྱིས་འཛམ་གླིང་མིའི་རིགས་ལ་ཕན་ཐོགས་བསྒྱུབ་འདོད་ཀྱི་འདུན་པ་བརྟན་པོ་ཡོད་ལ། ལྷག་པར་ཁོར་ཡུག་གཙོས་འཛམ་གླིང་ཞི་བདེ་སོགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་འདུན་པ་ཆེན་པོ་ཡོད། ཅེས་གསུངས་སོང་།

དེའི་རྗེས་སློབ་དཔོན་ཆེན་མོ་ཝི་ནུད་( Vinod  Menon ) ལགས་ཀྱིས། ཆོས་ལུགས་མང་པོ་ཞིག་གི་བར་དུ་དབྱེ་འབྱེད་དང་ཕྱོགས་ཞེན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྟབས། དབྱེ་འབྱེད་ཀྱི་བསམ་བློ་དོར་ནས་བྱམས་དང་སྙིང་རྗེའི་ཐོག་ནས་ཇི་ལྟར་སྐྱོད་ཐབས་བྱ་དགོས་མིན་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁྱེད་རང་གིས་བཤད་པ་དེ་བདེན་པ་རེད། ང་ཚོ་བོད་པ་ལ་མཚོན་ནའང་ཆོས་བརྒྱུད་ཀྱི་ཞྭ་མོ་མ་འདྲ་བའི་དབང་གིས། ཕྱོགས་ཞེན་དང་དབྱེ་འབྱེད་ཡོང་གི་ཡོད་པ་རེད། དེར་བརྟེན་དེ་ལྟ་བུའི་ཕྱོགས་རིས་བྱས་པ་ཡིན་ན། ཆོས་ཀྱི་སྙིང་པོ་བརྗེད་པ་འདྲ་བོ་རེད། སྤྱིར་ཆོས་ཞེས་པ་ནི་ཉོན་མོངས་གཉེན་པོར་བསྟེན་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་དགོས་པ་རེད། བྱམས་དང་སྙིང་རྗེ་སོགས་བསླབ་བྱ་བཟང་པོ་སྟོན་མཁན་གྱི་ཆོས་ལུགས་ཆ་ཚང་ལ་ཡིད་ཆེས་དགོས་རྒྱུ་གལ་ཆེན་པོ་རེད། ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་ཚང་མ་མི་འདྲ་ནའང་། ལྟ་གྲུབ་དེ་ལ་བསྟེན་ནས་བསྒྲུབ་བྱ་བྱམས་དང་སྙིང་རྗེ་ཉམས་ལེན་བྱེད་ཀྱི་ཡོད། རྒྱ་གར་ལ་མཚོན་ན་ལྟ་གྲུབ་འདྲ་མིན་ལ་བསྟེན་པའི་ཆོས་ལུགས་མང་པོ་ཡོད་པ་དང་། དེ་དག་གི་ཆོས་ལུགས་ཀྱི་བྱེད་སྒོ་སོགས་མི་འདྲ་ནའང་། བསྒྲུབ་བྱ་གཙོ་བོ་ནི་བྱམས་དང་སྙིང་རྗེ་གོང་འཕེལ་གཏང་རྒྱུ་དེ་ཡིན། འཛམ་གླིང་སྤྱི་ལ་བལྟས་ན་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་། དེ་དག་གིས་བྱམས་སྙིང་རྗེ་དང་ནང་སེམས་ཀྱི་ཞི་བདེ་བསྒྲུབ་ཀྱི་ཡོད་པ་རེད། ཁ་ཤས་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་པ་དང་། ཡང་ཁ་ཤས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་ཡིན། འཇིག་རྟེན་བཀོད་པ་པོ་འདོད་མཁན་རྣམས་ཀྱིས་ཚང་མ་དཀོན་མཆོག་གིས་བཟོས་པར་འདོད་ཀྱི་ཡོད་ཀྱང་། བསླབ་བྱ་ནི་བྱམས་དང་སྙིང་རྗེ་གཙོ་བོ་བཟུང་གི་ཡོད། ཡང་ནང་པ་དང་གཅེར་བུ་བས་འཇིག་རྟེན་བཀོད་པ་པོ་མི་འདོད་པར། རང་གི་སྔ་མའི་ལས་ལ་བརྟེན་ནས་བྱུང་བ་ཞིག་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། བྱམས་དང་སྙིང་རྗེའི་ཉམས་ལེན་གཙོ་བོ་བསྒྲུབ་ཀྱི་ཡོད། བྱས་ཙང་ལྟ་གྲུབ་མང་པོ་ཞིག་ཡོད་པ་ནི་ཐབས་ཤེས་ཤིག་ཡིན་པ་རེད། ཆོས་ལུགས་ཚང་མས་ཉམས་ལེན་གཙོ་བོ་ནི་བྱམས་དང་སྙིང་རྗེ་ཡིན། ཆོས་ཁས་མི་ལེན་མཁན་ཡིན་ཡང་། བྱམས་དང་སྙིང་རྗེ་ཡོད་པའི་མི་ལ་ཚང་མས་ཡི་རང་བྱེད་ཀྱི་ཡོད། ཆོས་ལུགས་མཐུན་སྒྲིལ་ལ་བསམ་བློ་བཏང་བའི་སྐབས། ཆོས་ལུགས་ཀྱི་བསྒྲུབ་བྱ་དང་ནང་དོན་སྙིང་པོའི་སྐོར་ལ་བསམ་བློ་བཏང་ན། ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་འགྱུར་ཡིན་པས་ཚང་མ་མཐུན་འགྲོ་ཡི་རེད། ཅེས་གསུངས་སོང་།

དེའི་རྗེས་སྐུ་ཞབས་པར་ཀ་ཤི ( Dr V S Prakash ) ལགས་ཀྱིས་ཚན་རིག་པ་དང་འཕྲུལ་རིག་པ་རྣམས་ཀྱིས་ལས་རིགས་ཁྲོད་དུ་བྱམས་དང་སྙིང་རྗེ་ཇི་ལྟར་མཉམ་བསྲེས་བྱ་དགོས་སྐོར་གྱི་བཀའ་འདྲི་ཞུས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྔ་མའི་ཚན་རིག་པ་དང་འཕྲུལ་རིག་པ་དག་གིས་ཁོང་ཅག་གི་ལས་རིགས་ནི་ཆེད་ལས་ཤིག་མ་གཏོགས། ནང་སེམས་ཀྱི་ཞི་བདེ་སྐོར་ལ་བསམ་བློ་གང་ཡང་གཏོང་གི་མེད། དེང་སང་མིའི་བསམ་བློ་མཐོང་རྒྱ་ཆེ་རུ་ཕྱིན་ཡོད་ཙང་། སོ་སོའི་ནང་སེམས་ཀྱི་ཞི་བདེ་གལ་ཆེན་ཡིན་པར་ཉམས་མྱོང་གི་སྒོ་ནས་ར་སྤྲོད་བྱུང་སྟེ། དེའི་ཐད་ལ་གོ་རྟོགས་གོང་འཕེལ་དུ་ཕྱིན་ནས་དེང་དུས་ཀྱི་ཀླད་པ་དང་བསམ་བློའི་ཚན་རིག་པ་ཚོས། འཕྲུལ་རིག་གི་ཐོག་ནས་མིའི་སེམས་ཁམས་ཡར་རྒྱས་གཏོང་ཐབས་ལ་བརྟག་དཔྱད་བྱེད་ཀྱི་ཡོད། ང་ཚོས་རྒྱ་ཆེ་ས་ནས་མིའི་རིགས་ཀྱི་དཀའ་ངལ་དག་ར་སྤྲོད་བྱ་རྒྱུ་དང་། མིའི་རིགས་ཀྱི་ཚོར་བ་དྲག་ཞན་དང་བློའི་འགྲོ་སྟངས། དེ་བཞིན་ནང་སེམས་ཞི་བདེ་ངང་འཚོ་གནས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་རེད། དེང་དུས་ཀྱི་འཕྲུལ་རིག་ཚད་ལྡན་ཞིག་ཡོད་ཀྱང་། ནང་སེམས་ལ་ཞི་བདེ་མེད་ཚེ་ཕན་ཐོགས་གང་ཡང་མེད་པས། མི་ཞིག་ལ་བྱམས་དང་སྙིང་རྗེའི་ཉམས་ལེན་ཡོད་ན། རང་བཞིན་གྱིས་སེམས་པ་སྐྱིད་པོ་ཡོད་ཀྱང་། ཁོང་ཁྲོ་དང་འཇིགས་སྣང་སོགས་ཡོད་ཚེ། སེམས་སུ་དངངས་སྐྲག་སོགས་ཡོང་གི་ཡོད་པས་ནང་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་གལ་ཆེན་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese