མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་ཇོ་ནང་པའི་སྐབས་དང་པོའི་རྟག་བརྟན་དགེ་བཤེས་ཀྱི་མཛད་སྒོ་ཚོགས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

དཔལ་རྒྱལ་བ་ཇོ་ནང་པའི་སྐབས་དང་པོའི་རྟག་བརྟན་དགེ་བཤེས་ཀྱི་མཐར་ཕྱིན་མཛད་སྒོའི་སྟེང་༧གོང་ས་མཆོག་གི་དབུས་པའི་བོད་ཀྱི་བླ་ཆེན་ཁག་གིས་གསུང་འཕྲིན་སྩལ་གནང་མཛད་པ་དང་ཐེངས་འདིར་ཁྱོན་རྟག་བརྟན་དགེ་བཤེས་བརྒྱད་བྱུང་ཡོད་འདུག

ཇོ་ནང་པའི་རྟག་བརྟན་དགེ་བཤེས་སྐབས་དང་པོ། པར། བོད་ཀྱི་དུས་བབ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན།

ཁ་སང་ཕྱི་ཚེས་ ༩ ཉིན་སིམ་ལར་རྟེན་གཞི་བྱས་པའི་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ། ཇོ་ནང་ཀུན་མཁྱེན་དྲུག་མཆོད་ཆེན་མོ་དང་། འཕགས་ཡུལ་ཇོ་ནང་མ་དགོན་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བ། སྐབས་དང་པོའི་ཇོ་ནང་རྟག་བརྟན་དགེ་བཤེས་ཀྱི་མཛད་སྒོ་སྟེ། དུས་ཚོད་གསུམ་འཛོམས་ཀྱི་མཛད་སྒོ་དང་བསྟུན། འཕགས་ཡུལ་ཇོ་ནང་མ་དགོན་ནས་བཀྲིན་རྗེས་དྲན་མཚོན་ཆེད། མཁན་པོ་དང་མཁན་ཟུར་རྣམ་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མ་ནྡྲལ་རྟེན་གསུམ་གྱི་རྟེན་དོད་ཕུལ་བ་དང་སྦྲགས། དམིགས་བསལ་སྐུ་མགྲོན་མཆོག་གིས་དྲུག་བརྒྱ་དྲུག་ཅུའི་ཇོ་ནང་ཀུན་མཁྱེན་དྲུག་མཆོད་ཆེན་མོའི་རྗེས་དྲན་དེབ་ཆུང་དང་ལོ་ཐོ། ཀུན་མཁྱེན་སྐུ་པར་བྱིན་ཅན་བཅས་དབུ་འབྱེད་དང་། སྐབས་དང་པོའི་ཇོ་ནང་དགེ་བཤེས་ཀྱི་མཚན་གནས་བཞེས་མཁན་གྱི་དགེ་བཤེས་བརྒྱད་ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཅས་གནང་སོང་།

རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་མ་ཚུལ་ཁྲིམས་བཟང་པོ་མཆོག་གིས། ཇོ་ནང་ཀུན་མཁྱེན་དྲུག་མཆོད་ཆེན་མོ་དང་། འཕགས་ཡུལ་ཇོ་ནང་མ་དགོན་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བ། སྐབས་དང་པོའི་ཇོ་ནང་རྟག་བརྟན་དགེ་བཤེས་ཀྱི་མཛད་སྒོ་སོགས་དང་འབྲེལ་ནས། ཀུན་མཁྱེན་དོལ་པོ་བ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཏེ། མི་ལོ་དྲུག་བརྒྱ་དྲུག་ཅུ་འཁོར་བ་དུས་ཆེན་ངོ་སྤྲོད་དང་སྦྲགས། དེ་རིང་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་། སྦྱིན་བདག་དང་དད་ལྡན་མང་ཚོགས་སོགས་ལ་ཐོག་མའི་འཚམས་འདྲི་ཞུས་སོང་ལ་། དེ་བཞིན་དེ་རིང་མཛད་སྒོ་དང་འབྲེལ་ནས། གཡུང་དྲུང་བོན་གྱི་སྨན་རི་གླིང་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་རིན་པོ་ཆེ་མཆོག་དང་། བཀའ་བརྒྱུད་པའི་མཁན་པོ་ཚུལ་ཁྲིམས་བཟང་པོ་མཆོག སྔ་འགྱུར་རྙིང་མའི་སློབ་དཔོན་ཨོ་རྒྱན་བསྟན་འཛིན་མཆོག ས་སྐྱའི་མཁན་པོ་ཁྲིཿའགྱུར་མེད་རྡོ་རྗེ་མཆོག དགེ་ལུགས་པའི་དགེ་བཤེས་ཨ་འཇིགས་མཆོག་བཅས་ཀྱིས། སྐབས་དང་པོའི་ཇོ་ནང་རྟག་བརྟན་དགེ་བཤེས་ཀྱི་མཚན་གནས་བཞེས་མཁན་རྣམས་ཀྱི་གཡུལ་དུ་ཟ་བའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་དང་། ལྷག་པར་ཇོ་ནང་མ་དགོན་གྱི་འཛིན་སྐྱོང་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་གནང་སོང་ལ། སླད་མར་ཡང་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་དེ་ཉིད་གོང་འཕེལ་ཡོང་བའི་སྨོན་འདུན་སོགས་གནང་སོང་།

ཇོ་ནང་གི་མཁན་ཟུར་ཀུན་དགའ་མཚམས་ཆུང་ལགས་ཀྱིས། དེ་རིང་དམིགས་བསལ་ཇོ་ནང་རྟག་བརྟན་དགེ་བཤེས་ཀྱི་མཛད་རིམ་དང་འབྲེལ་ནས།  སྤྱིར་བཏང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ལུང་རྟོག་གི་བསྟན་པ་གཉིས་ཡོད་པ་རེད། ལུང་གི་བསྟན་པ་ཐོས་བསམ་བྱེད་པ་ལ། ཐོག་མར་མདོ་ཕྱོགས་ལ་ང་ཚོས་མཐུན་མོང་གིས་སྡེ་སྣོད་གསུམ་ཞེས་གསུངས་བསྡད་པ་དེ་རེད། དེའི་སྡེ་སྣོད་གསུམ་པོའི་བརྗོད་བྱ་དེ་ཕྱོགས་གཅིག་ཏུ་བསྡུས་ནས་སྡོམ་བརྒྱབ་བཞག་པ་དེ། གཞུང་ཆེན་པོ་ཏི་ལྔ་ཞེས་པ་དེ་ཆགས་ཀྱི་ཡོད་པ་རེད།  གཞུང་པོ་ཏི་ལྔ་ཡི་ནང་དུ་སྡེ་སྣོད་གསུམ་གྱི་བརྗོད་དོན་ཆ་ཚང་འདུས་ཡོད་པ་དེར། གཞུང་ཆེན་པོ་ཏི་ལྔའམ། གཞུང་ཆེན་པོ་ཏི་བཅོ་བརྒྱད་སོགས་བརྩི་སྲོལ་ཁ་ཤས་ཡོད།  དེ་དག་ནང་གི་དོན་དག་ནི་སྡེ་སྣོད་གསུམ་གྱི་བརྗོད་བྱ་ཡོངས་སུ་རྫོགས་པ་འདུས་བཞག་པ་དེ། གཞུང་ཆེན་པོ་ཏི་ལྔ་ཆགས་བསྡད་ཡོད་པ་སོང་ཙང་། དེ་ལན་འདི་ནས་གཞུང་ཆེན་པོ་ཏི་ལྔ་ལ་བསླབ་པ་སློབ་གཉེར་བྱས་པ་ལ་བརྟེན་ནས། མཐར་བསླབ་པ་མཐར་ཕྱིན་རྒྱུའི་འབྲས་རྟགས་དེ་ལ་མཚན་གནས་ཕུལ་བ་དེ་ནི་རྟག་བརྟན་དགེ་བཤེས་ཞེས་པའི་མཚན་གནས་ཕུལ་བ་དེ་རེད། སྤྱིར་བཏང་དེ་འདྲ་ཡི་གཞུང་ཆེན་ལྔར་མཐར་ཕྱིན་པ་དེ་ལ། མཁན་པོ་དང་དགེ་བཤེས། སློབ་དཔོན་སོགས་དེ་འདྲའི་མཚན་གནས་ཕུལ་སྟངས་རིམ་པ་མང་པོ་ཞིག་ཡོད་བསྡད་པ་དེའི་ནང་ནས།  ད་ལན་ང་ཚོས་དགེ་བཤེས་ཀྱི་རིམ་པ་དེར་རྟག་བརྟན་དགེ་བཤེས་ཞེས་མཚན་གནས་ཕུལ་ཡོད་པ་རེད། སྔོན་ཆད་ཀུན་མཁྱེན་ཇོ་ནང་གོང་མ་རྣམས་གསུམ་གྱི་སྐབས་སུ་མདོ་ཕྱོགས་ལ་སློབ་གཉེར་ཧ་ཅང་ཆེན་པོ་ཡོད་པ་རེད།  ཇོ་ནང་རི་ཁྲོད་ཆེན་མོ་དེའང་སྒྲུབ་པའི་རྒྱལ་མཚན་འཛུགས་པ་མ་ཟད། སྒྲུབ་པའི་རྒྱལ་མཚན་བཙུགས་པའི་སྔོན་དུ་ཐོས་པ་སྦྱང་རྒྱུའི་གཞུང་ཆེན་པོ་ཏི་ལྔ་ལ་ཐོས་བསམ་བྱ་རྒྱུའི་ལུགས་སྲོལ་ཞིག་ཡོད་པ་རེད། དེ་བཞིན་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི་སྐབས་སུའང་གཞུང་ཆེན་ལ་སློབ་གཉེར་བྱ་རྒྱའི་ལུགས་སྲོལ་ཡོད་པ་རེད། དེ་བཞིན་རྗེས་བཙུན་ཏཱ་ར་ན་ཐ་ཇོ་ནང་རི་ཁྲོད་ཆེན་པོའི་མཁན་པོ་ལ་བཞུགས་ནས།  མདོ་ཕྱོགས་ནས་ཐོས་བསམ་སྒོམ་ཡོད་པ་རེད་འདུག  ད་ལོ་གཞུང་ཆེན་བཀའ་ཕོད་ལྔ་ལ་སློབ་གཉེར་ཚད་ལྡན་གནང་བས་རྟག་བརྟན་དགེ་བཤེས་ཀྱི་མཚན་གནས་ཐོབ་མཁན་བརྒྱད་བྱུང་ཡོད་ཅིང་། དེ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ནང་དགོས་སུ་རྒྱལ་བ་ཇོ་ནང་པ་དང་མ་དགོན་གཉིས་ཀྱི་གཡུལ་དུ་ཟ་བའི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།  རྟག་བརྟན་དགེ་བཤེས་རྣམས་མཐར་ཕྱིན་ཚར་བའི་རྗེས་ནས་སྔགས་ཀྱི་ཕྱོགས་ལ་སློབ་གཉེར་གྱིས།  དུས་འཁོར་སྦྱོར་དྲུག་ལ་ཉམས་ལེན་བྱ་རྒྱུའི་ལུགས་སྲོལ་ཡོད་པ་བཞིན། དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་ལ་ཞུགས་མེད་མཁན་རིགས་ཀྱིས།  དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་ལ་ཞུགས་འཆར་ཡོད་པ་རེད། སྤྱིར་རྒྱལ་བ་ཇོ་ནང་པ་ཞིག་ལ་མཚོན་ན་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་ནི་གལ་ཆེན་དུ་རྩི་ཡི་ཡོད་ལ།  དེར་ཞུགས་རྒྱུ་ནི་རྒྱལ་བ་ཇོ་ནང་པའི་མཐུན་མོང་མ་ཡིན་པའི་ལམ་སྲོལ་ཞིག་ཡིན་ཙང་། འདིའི་ཟླ་བ་གསུམ་གྱི་རྗེས་སུ་རྟག་བརྟན་དགེ་བཤེས་རྣམས་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་ལ་ཞུགས་རྒྱུ་ཡིན་པ་རེད།  ཅེས་གསུངས་སོང་།

ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་འདས་མཆོད་སྟེ་༦༦༠ དུས་དྲན་སྟེང་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  དེ་རིང་ཀུན་མཁྱེན་དོལ་པོ་བ་ཁོང་གི་རྗེས་དྲན་སྲུང་ཞུ་བ་ཞིག་ཡོང་གི་ཡོད་རེད། ཀུན་མཁྱེན་དོལ་པོ་བ་དངོས་གནས་དྲང་གནས། བོད་ཀྱི་མཁས་དབང་། ཉམས་ལེན་པ། རྦད་དེ་བསམ་གྱིས་མི་ཁྱབ་པ་ཞིག་རེད། ངས་ནམ་རྒྱུན་འདི་འདྲ་དྲན་གི་ཡོད་པ་རེད།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར། འཁོར་ལོ་བར་བ་ཤེར་ཕྱིན་གྱི་གཞུང་གིས་ཆོས་རྣམས་བརྟེན་ནས་བཏགས་ཙམ་མ་གཏོགས་ངོ་བོ་ཉིད་ཀྱི་སྤྲོས་པས་སྟོང་བ་དེ་གསུང་གི་ཡོད་རེད། ད་འཁོར་ལོ་ཐ་མའི་སྐབས་ལ་ནི་འཁོར་ལོ་བར་བའི་སྟོང་བ་ཉིད་ཀྱི་ལྟ་བ་དེ་དང་སྦྲེལ་ནས། ཡུལ་ཅན་སེམས་ཀྱི་རྣམ་བཞག་དེ་བསམ་བློ་བཏང་ཡོང་དུས་ན། སེམས་རང་བཞིན་གྱིས་འོད་གསལ་བ། དེའི་སྒང་ལ་དེ་འདྲ་དགོངས་པ་བཞེས་པ་ཞིག་ཆགས་ཡོད། ཇོ་ནང་གི་སྔོན་གྱི་མཁས་པ་ཚོས་དགོངས་པ་བཞེས་པ་ཞིག་དེ་མཐོང་། འཁོར་ལོ་བར་བའི་སྐབས་སུ་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གཏམ་དེ་གསུངས་ཚར་བ་རེད། རྟེན་འབྱུང་དེ་གོམས་མཁན་གྱི་ཡུལ་ཅན་འོད་གསལ་དེའི་སྒང་ནས་མཐར་ཐུག་སྔགས་ལམ་གྱི་གཉུག་མའི་འོད་གསལ་བ་དེ་གསུང་གི་ཡོད་རེད།  སྔོན་ལ་སྔགས་ལམ་ལ་མ་སླེབ་གོང་ནས་འཁོར་ལོ་ཐ་མའི་སྐབས་སུ་སེམས་རང་བཞིན་གྱིས་འོད་གསལ་བ་དེ་དེ་འདྲ་གསུང་གི་འདུག

ཇོ་ནང་པའི་རྟག་བརྟན་དགེ་བཤེས་སྐབས་དང་པོ། པར། བོད་ཀྱི་དུས་བབ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན།

ཀུན་མཁྱེན་དོལ་པོ་བས། སེམས་རང་བཞིན་གྱིས་འོད་གསལ་བ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་ཟེར་བ་དེའི་ཡུལ་ཅན་འོད་གསལ་གྱི་རྣམ་བཞག་དེ་གསུངས་པ་རེད།  ཁ་ཐུག་ལ། འཁོར་ལོ་བར་བས་ཡུལ་གྱི་འོད་གསལ་སྟོང་བ་ཉིད་དེ་གསུང་། འཁོར་ལོ་ཐ་མས་ཡུལ་ཅན་གྱི་འོད་གསལ་དེ་གསུང་། དེ་འདྲ་ཡིན་ཕྱིར། ཡུལ་ཅན་གྱི་འོད་གསལ་ལབ་དུས། རང་བཞིན་གྱིས་སྤྲོད་པས་སྟོང་པ་ད་རེད་དེ་ཁོ་རང་གསལ་ཙམ་རིག་ཙམ་ཞིག་གི་སྒང་ནས་བསམ་བློ་བཏང་གི་ཡོད་པ་རེད། ང་རང་ཚོས་དཔེར་ན་སྒོམ་རྒྱག་པའི་སྐབས་སུ་སྟོང་བ་ཉིད་ཀྱི་ལྟ་བ་གོམས་ཡོང་དུས་དགག་བྱ་བཀག་ཙམ་ཞིག་བློ་ལ་ཤར་བསྡད་པ་ཞིག  དེ་ནས་ཆོས་སྐུའི་ང་རྒྱལ་ཕྱོགས་ནས་བརྩིས་པ་ཡིན་ན།  ངོ་བོ་ཉིད་ཀྱིས་སྟོང་བའི་སེམས་སྐྱེ་འགགས་གནས་གསུམ་དང་བྲལ་བ། དེའང་ཞིབ་ཚགས་སུ་བྱས་ན། རང་བཞིན་བརྒྱད་ཅུའི་ཀུན་རྟོག་དེ་ཕར་བསལ་ནས། ཐ་མར་སྣང་མཆེད་ཐོབ་གསུམ་གྱི་འོད་གསལ་སྒང་ལ་ཕར་སེམས་བཞག་པ་ཞིག  ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་གསུངས་པ་དེ་དེའི་སྒང་ལ་སླེབ་ཀྱི་བསམ་ནས་ངས་དེ་དྲན་གྱི་ཡོད་རེད། འཁོར་ལོ་ཐ་མའི་སྐབས་ཀྱི། ཡུལ་ཅན་འོད་གསལ་གྱི་རྣམ་བཞག་དེའི་སྒང་ལ་སྟོང་ཉིད་སྒོམ་པ་སྟེ།  དེ་ནས་ཡུལ་ཅན་འོད་གསལ་གྱི་རྣམ་བཞག་གསལ་བ་ཞིབ་ཚགས་པོ་དེ་ཅི་ལྟར་གོམས་མཁན་ཚོའི་འགྲེལ་བཤད་ཡོད་པ་དེ་དང་། སྤྱིར་གསང་སྔགས་དེའི་ནང་ནས་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་དེ་ཞེ་བོ་ཞིག་འདུག ཀུན་མཁྱེན་ཇོ་ནང་བས་དགོངས་པ་དེ་བཞེས་ཀྱི་ཡོད་པ་རེད་དྲན།

ཀུན་མཁྱེན་ཇོ་ནང་བས་སེམས་རང་བཞིན་གྱིས་འོད་གསལ་བ་དེའི་སྒང་ནས་དགོངས་པ་དེ་འདྲ་བཞེས་དུས། ཏོག་ཙམ་བསམ་བློ་གུ་དོག་པོར་གཏོང་མཁན་ཚོའི་གྲལ་ནས་ཕར་བལྟས་པ་ཡིན་ན། ཡུལ་གྱི་འོད་གསལ་དེའི་སྐོར་ལ་རྩལ་འདོན་མ་གནངས་པར་བྱས། ཡུལ་ཅན་གྱི་འོད་གསལ་སྒང་ལ་གསུང་ཡོང་དུས།  གཞན་སྟོང་ཟེར་བ་དེའི་སྐད་ཆ་དེ་བཤད་བསྡད་པ་རེད།  ཁོ་ཡག་པོ་ཞིག་བསམ་བློ་བཏང་བ་ཡིན་ན། སོ་སོའི་ཉམས་ལེན་དང་སྦྲེལ་ནས་བསམ་བློ་བཏང་ན། འཁོར་ལོ་བར་ཐ་གཉིས་སྦྲེལ་ནས་འགྲོ་དགོས་པ་དེ་གསལ་བོ་ཞེ་དྲགས་རེད། དེ་རིང་ཀུན་མཁྱེན་དོལ་པོ་བའི་རྗེས་དྲན་དུས་ཚིགས་ཤིག་ཤར་ནས།  བོད་ཀྱི་དངོས་གནས་དྲང་གནས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་དམ་པ་དེ་འདྲ་ཞིག་རེད།  དེའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། ང་རང་ཚོས། སྤྱིར་བཏང་གཞན་སྟོང་དང་རང་སྟོང་ཟེར་བ་འདྲ་བོ། རྩོད་པ་རྩོད་དུས། ཁ་ཐུག་གིས། དེ་འདྲ་ནམ་རྒྱུན་ཚིག་སྐམ་པོ་ཞིག་ལ་འཇུས་བསྡད་ཡོད་པ་འདྲ་བོ་ཞིག་ཡོང་གི་ཡོད་རེད། ད་དེ་འདྲ་མེད་པ་གྱིས། ལྷོད་ལྷོད་བྱས་ནས།  ཀུན་མཁྱེན་དོལ་པོ་བས་དགོངས་པ་བཞེས་ཕྱོགས་དངོས་གནས་གཞན་སྟོང་ཟེར་ས་དེ། དགོངས་པ་བཞེས་ས་ག་འདྲ་ཞིག་ལ་སླེབ་ཀི་འདུག  ཕར་ཞིབ་ཚགས་པོ་བྱས་ནས་བསམ་བློ་བཏང་། དེ་ནས་ཉམས་མྱོང་དང་སྦྲེལ་ནས་བལྟས་པ་ཡིན་ན་དངོས་གནས་དྲང་གནས་ཀུན་མཁྱེན་དོལ་པོ་བ་ཁོང་ང་ཚོ་བོད་གངས་ཅན་གྱི་ལྗོངས་ཀྱི་མཁས་པའི་དབང་པོ། མཁས་གྲུབ་གཉིས་ལྡན་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། ངོ་ཚོས་རྗེས་དྲན་འོས་པ་ཞིག་ཆགས་བསྡད་ཡོད་པ་ཞིག་རེད།  ཅེས་གསུངས་སོང་།

གཞན་ཡང་༧རྒྱལ་བ་ཀརྨ་པ་མཆོག་ནས་དཔལ་ཇོ་ནང་ཀུན་མཁྱེན་དོལ་པོ་བ་མཆོག་གི་མཛད་འཕྲིན་དང་དཔལ་ཇོ་ནང་ཆོས་བརྒྱུད་ཀྱི་ལོ་རྒྱུས་དང་སྦྲགས། ང་རང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་འཕགས་ཡུལ་ཇོ་ནང་གི་གདན་སའི་མཁན་སློབ་རྣམས་དང་འབྲེལ་བ་བྱུང་བ་རེད་ལ། ཇོ་ནང་མ་དགོན་ལ་ཐེངས་གཅིག་བཅར་རྒྱུའི་གོ་སྐབས་བྱུང་། དེ་བཞིན་ནམ་རྒྱུན་ཡིན་ནའང་ང་རང་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཇོ་ནང་གི་བསྟན་པ་མི་ཉམས་ཡུན་དུ་གནས་བའི་ཆེད་དུ་སྨོན་ལམ་རྒྱག་གི་ཡོད་ལ། དངོས་ཤུགས་བརྒྱུད་གསུམ་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཞབས་འདེགས་ཞུ་ཡི་ཡོད། དེར་བརྟེན་དེ་རིང་དོན་སྙིང་ལྡན་པའི་མཛད་སྒོ་འདི་ལྟ་བུ་ཞིག་ལ་མཉམ་ཞུགས་བྱས་ཏེ་ཚིག་འགའ་ཤས་ཞུ་རྒྱུ་བྱུང་བ་དེར་ཧ་ཅང་དགའ་བོ་བྱུང་། ཞེས་གསུངས་སོང་།

ས་སྐྱ་ཁྲི་འཛིན་༧རཏྣ་བཛྲ་རིན་པོ་ཆེ་མཆོག་ནས། སྤྱིར་བཏང་ང་རང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཚང་མས། ཐོག་མའི་ཀུན་སློང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་དང་བར་དུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ། མཐར་གོ་འཕང་ཐོབ་པ་སོགས་དགོངས་པ་གཅིག་མཚུངས་རེད། ཡིན་ནའང་རྩལ་སྟོན་ཕྱོགས་ཀྱི་ཐོག་ནས་ཁྱད་པར་ཡོད་པ་རེད། དེའི་ནང་ནས་ཇོ་ནང་གི་ཆོས་བརྒྱུད་འདིའི་༧ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་མཆོག་གིས་ཐུན་མོང་གདུལ་བྱའི་སྣང་ངོར་བསྟན་དང་འགྲོ་བའི་དོན་དུ་སྲིད་པ་བཟུང་བར་མཛད་པ་དང་ཚུལ་ཁྲིམས་རྣམ་པར་དག་པར་གནས་པའི་ཐོག བླ་མ་དུ་མར་བསྟེན་པར་མཛད་ནས་མདོ་དང་སྔགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་རྒྱ་ཆེན་པོ་ལ་གསན་བསམ་མཛད་པ་དང་། དེ་བཞིན་གོམས་པ་ཉམས་ལེན་མཛད་ནས་གོ་འཕང་མཐོན་པོར་གཤེགས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་རེད། ཅེས་དང་ད་དུང་དགུང་ལོ་ ༣༡ སྟེང་ལ་ཇོ་ནང་དུ་ཕེབས་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་གསན་ནས་ཇོ་ནང་གི་ཆོས་བརྒྱུད་ལ་ཞུགས་པར་མཛད་ཡོད་སྐོར་དང་། བསྟན་བཅོས་ཆེན་པོ་དུ་མ་བརྩམས་པ་ལ་སོགས་པའི་ལོ་རྒྱུས་ངོ་མཚར་ཅན་མང་པོ་བྱུང་ཡོད་པ་དང་། དེ་རིང་གི་དུས་ཆེན་འདིར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ལོ་གཅིག་རིང་བཀའ་དྲིན་རྗེས་དྲན་གྱི་གནང་སྒོ་མཐའ་དག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཡོད་སྐོར་གསུངས་སོང་།

དེ་བཞིན་སྨན་རི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནས་གནང་བའི་གསུང་འཕྲིན་ནང་། ད་ལན་ཀུན་མཁྱེན་དོལ་པོ་བ་བདེ་བར་གཤེགས་པའི་དུས་ཚིགས་ཁྱད་པར་བ་ཞིག་ཡིན་སྟབས། མགོན་པོ་གང་ཉིད་ཀྱི་གསང་གསུམ་གྱི་མཛད་འཕྲིན་རྣམས་རྗེས་སུ་དྲན་པའི་ཐོག་ནས་གསུང་གི་བདུད་རྩི་ཟབ་མོ་རྣམས་ཉམས་ལེན་དང་། ཐུགས་ཀྱི་དགོངས་པ་ཇི་བཞིན་སྒྲུབ་པ་ནི་བཀའ་དྲིན་རྗེས་དྲན་གྱི་ཚུལ་ཞིག་རེད། དཔལ་ཇོ་ནང་པའི་གཞུང་ལུགས་དྲི་མ་མེད་པ་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་བྱས་པའི་འབྲས་རྟགས་སུ། དགེ་བའི་བཤེས་གཉེན་ཆེན་པོའི་དམ་བཅའ་འཇོག་ཐུབ་པ་འདི་ནི་བཀའ་དྲིན་རྗེས་དྲན་ཞུ་སྟངས་ངོ་མ་ཞིག་རེད། དེ་ལས་ལྷག་པའི་བཀའ་དྲིན་རྗེས་དྲན་ཞུ་ཚུལ་ཞིག་ཡོད་པ་མ་རེད། ཅེས་གསུངས་སོང་།

༧ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། དེ་རིང་སྤྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ དང་བོད་ཟླ་ ༡༠ ཚེས་ ༦ གི་ཉིན། ཇོ་ནང་སྐུ་ཕྲེང་ཀུན་མཁྱེན་དོལ་པོ་བ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༦༦༠ འཁོར་བའི་དུས་ཚིགས་ཁྱད་པར་ཅན་དང་། ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བ། དེ་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་གཉེར་མཐར་ཕྱིན་ནས་རྟག་བརྟན་དགེ་བཤེས་གཏོང་བ་བཅས་དུས་ཚིགས་གསུམ་འཛོམས་ཀྱི་ཉིན་མོ་ཁྱད་པར་ཅན་འདིར། སྐུ་མགྲོན་རྣམ་པ་གཙོ་བོ་བྱས་པའི་དགེ་འདུན་པ་རྣམ་པ་ཚང་མར་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། དེ་རིང་རྒྱལ་སྤྱིའི་འགྲོ་ཕན་ལྷན་ཚོགས་ཀྱིས་ཚིག་ཁ་ཤས་ཤིག་བཤད་དགོས་རེད་གསུངས་བ་ལྟར། དེ་རིང་ཀུན་མཁྱེན་དོལ་པོ་བའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་མཛད་སྒོ་ཞིག་དབུ་ཚུགས་པ་དང་། ལོ་གཅིག་གི་བཀའ་དྲིན་རྗེས་དྲན་ཞུ་ཡུལ་དེར་མཆོད་འབུལ་དང་བསོད་ནམས་གསོག་པའི་ཐབས་ལ་འབད་འབུངས་བྱེད་པའི་དུས་ཤིག་ཡིན་སྐོར་དང་། འདས་མཆོད་ལ་སོགས་པའི་ཐབས་ལ་མཆོད་འབུལ་བྱས་ནས་བསོད་ནམས་རྒྱ་ཆེན་པོ་གསོག་གི་ཡོད་པ་དང་བསོད་ནམས་དེ་ལ་བརྟེན་ནས་ཡུལ་ཕྱོགས་ས་ཕྱོགས་ཀྱི་སེམས་ཅན་མང་པོར་ཕན་ཡོན་སྒྲུབ་ཀྱི་ཡོད་པ་མདོ་རྒྱུད་མང་པོའི་ནང་གསུངས་ཡོད་སྐོར་གསུངས་སོང་།

ཇོ་ནང་པའི་རྟག་བརྟན་དགེ་བཤེས་སྐབས་དང་པོ། པར། བོད་ཀྱི་དུས་བབ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན།

ས་གནས་སྤྱི་ཁྱབ་སྐུ་ངོ་མི་འགྱུར་གཡུ་སྒྲོན་ལགས་ཀྱིས།  དེ་རིང་གི་ཉིན་མོ་དང་འབྲེལ་ནས།   སིམ་ལ་སྤྱི་ཁྱབ་ལས་ཁུངས་ཀྱི་ཁྱབ་ཁུངས་སུ་ས་གནས་ཁག་དགུ་དང་། དགོན་ཁག་ ༢ ཡོད་པའི་ནང་ནས་འཕགས་ཡུལ་ཇོ་ནང་མ་དགོན་ཕུན་ཚོགས་གཅིག་ཆགས་ཀྱི་ཡོད་རེད། ༧རྒྱལ་བ་ཇོ་ནང་བ་དེ་བཞིན་སྤྱི་ཡོངས་ཐོག་ནས་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་གི་ནང་གཅིག་ཡིན་པ་དང་། དེ་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྔགས་གཉིས་ཀྱི་ཐོག་ནས། སློབ་གཉེར་དང་ཉམས་ལེན་གནང་མཁན་ཁྱད་པར་འཕགས་པའི་ཆོས་བརྒྱུད་ཅིག་ཆགས་བསྡད་ཡོད་རེད།  དེ་རིང་འཕགས་ཡུལ་ཇོ་ནང་འཕགས་ཡུལ་ཇོ་ནང་མ་དགོན་ཕུན་ཚོགས་ཆོས་གླིང་གི་སྐབས་དང་པོའི་རྟག་བརྟན་དགེ་བཤེས་ཀྱི་མཛད་སྒོ་ཡང་འཁེལ་གྱི་ཡོད་སྟབས། སྐབས་དང་པོའི་དགེ་བཤེས་རྣམས་དང་སློབ་གཉེར་གནང་བཞིན་པའི་མ་འོངས་པའི་དགེ་བཤེས་རྣམ་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་སློབ་ཉམས་ལེན་ཞུས་དེ་དག་ད་ལྟའི་དུས་རབས་ ༢༡ འཛམ་གླིང་འདིར་མུན་པ་སེལ་བའི་སྒྲོན་མེ་ལྟར་འཛམ་གླིང་ནས་སྔར་ལས་ལྷག་བདེ་སྐྱིད་བསྐྲུན་ཐུབ་མཁན་གྱི་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་མཁན་ཡོང་ཐུབ་པའི་སྨོན་འདུན་ཞུ། ཞེས་གསུངས་སོང་།

ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་སྐུ་ངོ་བདུད་འདུལ་རྡོ་རྗེ་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱོར་གྱི་འོག་ནས། བོད་མི་རྣམས་ནི་བཙན་བྱོལ་བ་འདྲའི་ནང་གི་མི་འདྲ་བ་ཞིག་ཏུ་འགྱུར་ཡོད་པ་རེད། བོད་ནང་དུ་མཚོན་ན། རྒྱ་ནག་གཞུང་གིས་བོད་ནང་གི་རིག་གཞུང་གི་སྟི་གནས་ཁག་དང་། སྒེར་ཚུགས་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་ནས་དྲག་གནོན་བྱེད་མུས་ཡིན་པ་རེད།  བོད་ཀྱི་ཆོས་རིག་ལ་བརྟེན་ནས། བོད་མི་ཚོར་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་པ་དང་། ལྷག་པར་བོད་ཀྱི་ཆོས་རིག་ནི་འཛམ་གླིང་གི་གཅེས་ནོར་དུ་ངོས་འཛིན་བྱེད་ཀྱི་ཡོད་པས། བོད་ཀྱི་ཆོས་རིག་ཉར་ཚགས་དང་། རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་རེད། བཙན་བྱོལ་ནང་གི་བོད་ཀྱི་རིག་གཞུང་གི་སྲོག་རྩ་ནི་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཆགས་ཡོད་སྟབས། མི་ལོ་དུ་མར་བསླབ་པ་སློབ་གཉེར་གནང་གི་ཡོད་ལ། ཁོང་ཅག་གིས་ཀྱང་དགོན་སྡེ་སོ་སོར་རང་ཁ་རང་གསོ་བྱེད་མུས་ཡིན་པ་དང་། ལྷག་པར་རྟག་བརྟན་དགེ་བཤེས་རྣམས་ཀྱིས་ཀྱང་ངལ་བ་ཁྱད་དུ་བསད་ནས། གཡུལ་ཟའི་འབྲས་བཟང་སྨིན་པར་དགའ་བསུ་དང་། སླད་མར་ཡང་མུ་མཐུད་ཤེས་རིག་ཡར་སྐྱེད་ཡོང་བའི་སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 1

  1. Asanga says:
    ལོ་ 3 སྔོན།

    ངས་ནམ་རྒྱུན་འདི་འདྲ་དྲན་གི་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར། འཁོར་ལོ་བར་བ་ཤེར་ཕྱིན་གྱི་གཞུང་གིས་ཆོས་རྣམས་བརྟེན་ནས་བཏགས་ཙམ་མ་གཏོགས་ངོ་བོ་ཉིད་ཀྱི་སྤྲོས་པས་སྟོང་བ་དེ་གསུང་གི་ཡོད་རེད། ད་འཁོར་ལོ་ཐ་མའི་སྐབས་ལ་ནི་འཁོར་ལོ་བར་བའི་སྟོང་བ་ཉིད་ཀྱི་ལྟ་བ་དེ་དང་སྦྲེལ་ནས། ཡུལ་ཅན་སེམས་ཀྱི་རྣམ་བཞག་དེ་བསམ་བློ་བཏང་ཡོང་དུས་ན། སེམས་རང་བཞིན་གྱིས་འོད་གསལ་བ། དེའི་སྒང་ལ་དེ་འདྲ་དགོངས་པ་བཞེས་པ་ཞིག་ཆགས་ཡོད། ཇོ་ནང་གི་སྔོན་གྱི་མཁས་པ་ཚོས་དགོངས་པ་བཞེས་པ་ཞིག་དེ་མཐོང་། འཁོར་ལོ་བར་བའི་སྐབས་སུ་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གཏམ་དེ་གསུངས་ཚར་བ་རེད། རྟེན་འབྱུང་དེ་གོམས་མཁན་གྱི་ཡུལ་ཅན་འོད་གསལ་དེའི་སྒང་ནས་མཐར་ཐུག་སྔགས་ལམ་གྱི་གཉུག་མའི་འོད་གསལ་བ་དེ་གསུང་གི་ཡོད་རེད། སྔུན་ལ་སྔགས་ལམ་ལ་མ་སླེབ་གོང་ནས་འཁོར་ལོ་ཐ་མའི་སྐབས་སུ་སེམས་རང་བཞིན་གྱིས་འོད་གསལ་བ་དེ་དེ་འདྲ་གསུང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese