མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་བོད་ཀྱི་རེ་བ་བསྐྱར་གསོ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བློ་བཟང་རྒྱ་མཚོ།

ལོ་ངོ་ལྔ་བཅུ་ཙམ་གྱི་རིང་བོད་མིའི་ཆབ་སྲིད་འཐབ་རྩོད་ལ་རྩོད་མེད་ཀྱི་རེ་བ་དང་གདེང་འཇོག་ཆོག་པ་བྱུང་ཡོད། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བོད་མིའི་འཐབ་རྩོད་ལ་འཛམ་གླིང་ནང་དོ་སྣང་མངོན་གསལ་བྱུང་ཡོད་པ་མ་ཟད། བོད་དོན་དཀའ་རྙོག་སེལ་ཐབས་ལ་ནུས་པ་གོང་འཕེལ་དང་ཐུན་མོང་གི་ནུས་པ་ཐོན་ཐུབ་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་ནང་བོད་མིའི་འཐབ་རྩོད་དེ་ཟང་ཟིང་གི་གནས་སུ་གྱར། ཁྱད་པར་དུ་སྤྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་སྐུ་དབང་རྣམས་འོས་བསྡུ་བྱས་པའི་བོད་མིའི་དབུ་ཁྲིད་ཚོར་རྩིས་སྤྲོད་གནང་རྗེས་དེ་སྔོན་དགའ་ལྡན་ཕོ་བྲང་གི་སྐུ་དབང་རྩིས་སྤྲོད་མ་གནང་གོང་གོ་ལ་ཁྱོན་ཡོངས་ནས་མཉམ་བསྡུས་དང་གོང་བུའི་རྒྱབ་སྐྱོར་ཐོབ་ཡོད་པ་དེ་ཆབ་སྲིད་དཀའ་རྙོག་ཅན་གྱི་བོད་མིའི་སྒྲིག་འཛུགས་ལ་གྱུར།

སྤྱི་ལོ་༢༠༢༡ ལོར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་ཉེའི་མཚམས་སུ་སླེབས་པ་དེས་བཙན་བྱོལ་ནང་བོད་དོན་འཐབ་རྩོད་བྱེད་མཁན་ཆབ་སྲིད་སྒྲིག་འཛུགས་དེ་རྙོག་འཛིང་གི་རང་བཞིན་ཡིན་པ་ར་འཕྲོད་བྱས་ཡོད་པ་དང་། དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་བརྟན་ལྷིང་ལ་གོད་ཆག་བཟོས་ཡོད་པ་མ་ཟད། འཛམ་གླིང་ཕྱི་ཕྱོགས་སུ་གཞིས་ལུས་བོད་མིའི་རེ་འདུན་དང་སྐུ་ཚབ་མཚོན་ཐུབ་པ་བྱ་རྒྱུ་དང་རྒྱ་ནག་ལ་ཁ་གཏད་བྱ་རྒྱུ་བཅས་ལ་བོད་མིའི་སྒྲིག་འཛུགས་ལ་གཡོ་འགུལ་མ་ཐུབ་པའི་གོང་བུའི་ནུས་པ་ཁྱད་འཕགས་ཅན་ཞིག་ཡོད་པ་དེ་ཉམས་རྒུད་སོང་། དེས་མ་ཚད་གནས་སྟངས་ནོར་འཁྲུལ་ཅན་དེའི་ཁར་ཤིན་ཏུ་མྱུར་བའི་འགྱུར་འགྲོས་དང་བཙན་བྱོལ་བོད་མི་རྣམས་ས་ཕྱོགས་གང་སར་གྱར་བ། སྤྱི་ཚོགས་དུམ་བུར་སོང་བ་བཅས་ཀྱིས་དངོས་ཡོད་ལ་བོད་དང་རྡ་རམ་ས་གཉིས་རྒྱང་ཐག་རིང་དུ་འགྲོ་འགོ་ཚུགས།

ད་ལྟ་མཐོང་བཞིན་པའི་ཆབ་སྲིད་དཀའ་རྙོག་འདི་དག་བོད་མིའི་འཐབ་ཚོད་ཀྱི་ནུས་ཤུགས་ཉམས་ཉེས་འགྲོ་གཞིའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་དེ་དག་སེལ་ཐབས་ལ་ཛ་དྲག་གིས་ལས་དོན་བྱེད་དགོས་པའི་མཛུབ་སྟོན་གསལ་པོ་བྱེད་ཀྱི་ཡོད་ཅིང་། མ་འོངས་བོད་ཀྱི་རེ་བ་སླར་གསོ་བྱ་རྒྱུར་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱིས་ད་ཡོད་ནུས་པ་དང་སྐྱོན་ཆ་རྣམས་ངོས་འཛིན་གསལ་པོ་གནང་ཐུབ་པ་དགོས། དེ་ལྟར་གནང་ཐུབ་ན་མ་འོངས་བོད་དོན་ལས་འགུལ་གྱི་འཆར་སྣང་དང་ལས་རིམ་བཅས་མདུན་བསྐྱོད་བྱ་རྒྱུའི་འགན་དེ་འཇོན་ཐང་དང་ནུས་པ་ཆེ་ཤོས་ཡོད་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱེད་ཐུབ་ཀྱི་རེད།

བོད་དོན་ལ་འགྱུར་བའི་ལྷགས་ཤུགས།

འདས་པའི་ལོ་བཞི་བཅུའི་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་ས་ཁོངས་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་བཅས་ལ་དངོས་ཡོད་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། འགྱུར་བ་དེ་དག་གི་ཁོངས་ནས་མང་པོས་བོད་མིའི་རང་དབང་འཐབ་རྩོད་ཀྱི་རེ་འདུན་ལ་ལྡོག་ཕྱོགས་བྱུང་ཡོད་པ་མ་ཟད། འཚོ་གནས་ལ་ཚད་འཛིན་བྱས་ཡོད་པ་ཤེས་ཐུབ། ད་དུང་སྤྱི་ལོ་ ༡༩༩༠ གོ་གྲངས་ནང་རྒྱ་ནག་འཛམ་གླིང་ནང་དཔལ་འབྱོར་དང་དམག་དོན་སྟོབས་ཆེན་རྒྱལ་ཁབ་ལ་གྱུར་བ་དེས་ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་རང་དབང་དང་རྒྱ་ནག་ནང་མང་གཙོ་གོང་འཕེལ་གྱི་ལས་དོན་བྱ་རྒྱུའི་ནུས་པ་སྐྱོ་རུ་སོང་ཡོད་པ་དང་། དེས་རྒྱ་ནག་གིས་བོད་ནང་དཔལ་འབྱོར་འགུལ་བསྐྱོད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཆོས་ལུགས་ལ་དམ་བསྒྲགས་དང་སྐད་ཡིག་སོགས་རྒྱ་ནག་དང་མཉམ་བསྲེས་བྱ་རྒྱུ་མྱུར་དུ་གཏོང་རྒྱུའི་རྐྱེན་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཟེར་བ་དང་དེ་མིན་བོད་ཀྱི་ས་ཁུལ་ནང་རྒྱ་ནག་གཞུང་གི་ལས་བྱེད་སོགས་དཔལ་འབྱོར་གྱི་ཁེ་ཕན་ཡོད་མཁན་ཕུད་དེ་མིན་གཞིས་ལུས་བོད་མི་མང་བ་དཔལ་འབྱོར་གྱི་དཀའ་ངལ་ནང་ལྷུང་བ་མ་ཟད། ཆོས་དང་རིག་གཞུང་ཐོག་སེམས་ཁམས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད།

དེ་དང་ཆབས་ཅིག འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་བཙན་བྱོལ་བོད་མིར་གཞི་རིམ་གྱི་འགྱུར་བ་ཆེན་པོ་བྱུང་ཡོད་པ་དེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀ་བྱེད་ཕྱོགས་དང་བོད་མིའི་སྤྱི་ཚོགས་བཅས་ལ་ངན་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རྐྱེན་བྱས་ཡོད། ད་ཆ་བཙན་བྱོལ་བོད་མིའི་གྲངས་འབོར་ཕྱེད་ཀ་ལྷག་ཙམ་རྒྱ་གར་དང་བལ་ཡུལ་ཕུད་པའི་ཕྱིའི་རྒྱལ་ཁབ་ནང་ཁ་འཐོར་དུ་གནས་ཏེ་ནུབ་ཕྱོགས་པའི་མི་ཚེ་བསྐྱེལ་སྟངས་ཀྱི་ཤན་ཞུགས་ཏེ་ཁོང་ཚོར་བཙན་བྱོལ་བོད་གཞུང་གི་དགོས་མཁོ་ཆུང་དུ་སོང་བ་དང་། ལྷག་པར་གཞོན་སྐྱེས་ཚོའི་བརྒྱུད་ལ་ཚོར་སྣང་དེ་ཆེ་བ་ཡོད། རྒྱ་གར་ནང་དུའང་གཞིས་ཆགས་བཞག་ནས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་གཏན་སྡོད་བྱེད་མཁན་ན་གཞོན་ཚོར་དེ་ལྟ་བུའི་ཚོར་སྣང་ཡོད་མཁན་མང་དུ་འགྲོ་བཞིན་པ་རེད།

དེ་ན་བཙན་བྱོལ་བོད་མིའི་མི་འབོར་ཕྱེད་ཀ་ཙམ་བོད་ནང་གི་དངོས་ཡོད་གནས་སྟངས་དང་བཙན་བྱོལ་བོད་མིའི་གཞིས་ཆགས་རྣམས་ཁོང་ཚོའི་ཉིན་རེའི་བསམ་བློ་དང་རྒྱང་ཐག་རིང་དུ་སོང་བ། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བོད་མིའི་རེ་འདུན་རྣམས་འབྲེལ་བ་དང་རྒྱུ་མཚན་མེད་པ་ལྟ་བུར་གྱུར་ནས་གཞུང་གི་མི་སྣ་དང་སྤྱི་འཐུས་རྣམས་ཆོལ་ཁའི་ཡོང་ཁུངས་གང་ཡིན་བདེ་བླག་གིས་གདམ་ག་བྱེད་ཀྱི་ཡོད། ཕྱོགས་གཞན་ནས་ཞུས་ན་ཆོས་སྡེ་རྣམས་ཆོལ་ཁའི་འོས་ཤོག་བང་མཛོད་དུ་གྱུར་བ་དང་། གོམས་གཤིས་དེ་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ནང་ཁྱབ་པ་བཅས་མང་གཙོའི་ལམ་ལུགས་ལ་ཕན་རྒྱུ་མེད་པ་སོགས་ནི་བཙན་བྱོལ་བོད་མིའི་གཞི་རིམ་དམིགས་ཡུལ་དང་མ་འོངས་བོད་ཀྱི་འགོ་ཁྲིད་གསོ་སྐྱོང་བཅས་ལ་སྔ་ལྟས་བཟང་པོ་གཅིག་མིན།

༧གོང་ས་མཆོག་གི་དབུ་ཁྲིད་དགོས་གལ་ཆེ་རུ་སོང་བ།

འགྱུར་བའི་འཕེལ་རིམ་དེ་དག་ལ་གཞིགས་ཏེ་བོད་ནང་དང་རྒྱལ་སྤྱི་བཅས་པར་བོད་མི་མང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ཀྱི་གནས་བབ་དགོས་གལ་ཆེ་རུ་སོང་བ་མ་ཟད། གནད་འགག་ཆེ་རུ་སོང་ཡོད། གཞིས་ལུས་བོད་མི་རྣམས་རྒྱ་ནག་གི་དབང་འོག་ལོ་དྲུག་ཅུ་ལྷག་སྡོད་དགོས་བྱུང་ཡོད་ནའང་རྒྱ་ནག་གིས་བོད་སྨེག་མེད་བཟོ་བའི་སྲིད་ཇུས་ལ་ནུས་པ་ལྡན་པའི་གདོང་ལེན་བྱས་ཡོད་ཅིང་། དེ་ཡང་གཞིས་ལུས་བོད་མི་ཚོ་འགྱུར་བ་མེད་པར་ཆིག་བསྒྲིལ་ལ་གནས་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལ་རྒྱབ་སྐྱོར་མཐའ་གཅིག་ཞུས་ཡོད། བོད་ནང་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་གཏོང་མཁན་མང་པོ་བྱུང་ཡོད་པ་རྣམས་ཀྱི་མཐའ་མའི་འབོད་ཚིག་གིས་༧གོང་ས་མཆོག་བོད་མིའི་མཚོན་རྟགས་དང་འདི་ཕྱི་གཉིས་ཀྱི་རེ་བའི་སྐྱབས་གནས་ཡིན་པ་གསལ་འདོན་བྱས་ཡོད། འདས་པའི་ལོ་དྲུག་ཅུའི་རིང་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་དང་ཆབ་སྲིད་སློབ་གསོ་ཟེར་བ་སོགས་ཐབས་ཇུས་ཇི་འདྲ་ལག་བསྟར་བྱས་ཀྱང་གཞིས་ལུས་བོད་མིས་༧གོང་ས་མཆོག་ལ་དད་གུས་དང་དགའ་ཞེན་ཞུ་རྒྱུར་བསྒྱུར་བ་གཏོང་ཐུབ་མེད། དེ་ལྟ་བུའི་ནུས་པ་དེ་ཕྱི་ཕྱོགས་ལ་ཡོད་པའི་བོད་པ་ཉུང་ཤས་ལས་མེད་པ་དེ་ཚོས་ཀྱང་ངོས་ལེན་བྱེད་ཀྱི་ཡོད། བོད་མི་ས་ཡ་མང་པོས་༧གོང་ས་མཆོག་ལ་གཡོ་བ་མེད་པའི་དད་གུས་དང་ཐུན་མོང་གི་ཡིད་ཆེས་ཞུས་ཡོད་པ་བཅས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་མུ་མཐུད་བོད་མི་མང་གི་དོན་གྱི་བདག་པོ་ཡིན་པ་རྩོད་མེད་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་རྒྱ་ནག་གི་བཙན་འོག་གནས་པའི་གཞིས་ལུས་བོད་མི་རྣམས་ཀྱི་བསམ་བློར་འགྱུར་བ་སོང་མེད།

འདས་པའི་ལོ་བཅུ་ཕྲག་འགའ་ཞིག་ནང་འཛམ་གླིང་ཁྱོན་ཡོངས་ལ་༧གོང་ས་མཆོག་གི་ཐུགས་བསྐྱེད་དང་གནས་བབ་བཅས་གོང་མཐོར་སོང་ཡོད་ཅིང་། དཔེར་ན་སྤྱི་ལོ་ ༡༩༧༠ དོན་གྲངས་ནང་འཛམ་གླིང་ཕྱི་ཕྱོགས་ལ་དེ་ཙམ་མཛད་པ་བསྐྱངས་མེད་ནའང་འཛམ་གླིང་མི་མང་ས་ཡ་མང་པོའི་བསམ་བློའི་ནང་༧གོང་ས་མཆོག་ནི་ཡ་རབས་བཟང་སྤྱོད་ཀྱི་འབྱུང་ཁུངས་དང་གལ་ཆེའི་མི་སྣ་ལ་ངོས་འཛིན་ཞུས་ཡོད། མི་མང་དེ་དག་དང་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་སྒྲིག་འཛུགས་དང་གཞུང་གི་མི་སྣ་བཅས་ཀྱིས་༧གོང་ས་མཆོག་ནི་བོད་ཀྱི་ཆོས་རིག་དང་གོམས་སྲོལ་བཅས་མཚོན་པ་མ་ཟད། བོད་མི་མང་གི་ཁྲིམས་མཐུན་གྱི་སྐུ་ཚབ་ལ་ངོས་འཛིན་ཞུས་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ལོ་རྒྱུས་ཐོག་བོད་ཀྱི་རྩོད་མེད་དབུ་ཁྲིད་ཡིན་པར་བོད་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་ཀྱིས་ངོས་ལེན་བྱས་ཡོད་པ་མ་ཟད། བོད་དང་བོད་མི་མང་གི་མགྲིན་ཚབ་པར་གུས་རྩིས་ཞུ་ཡི་ཡོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེ་ལྟར་ངོས་འཛིན་ཞུས་ཡོད་པ་དེ་རྒྱ་ནག་གི་དཔོན་རིགས་ཚོར་གསལ་རྟོགས་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐུགས་འགན་དང་ནུས་པ་ཡོད་པ་དེ་ཡང་ངོས་ལེན་བྱེད་ཀྱི་ཡོད། དེ་ལྟར་བྱེད་ཀྱི་ཡོད་པ་དེ་ནི་རྒྱ་ནག་གི་དཔོན་རིགས་ཚོས་ཕྱི་ཚུལ་ལ་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལ་གྲོས་བསྡུར་ཆེད་སྐུ་ཚབ་རྣམས་དང་འབྲེལ་བ་བྱེད་ཀྱི་ཡོད་ཅེས་བཤད་ཀྱི་ཡོད་ནའང་། དོན་ལ་༧གོང་ས་མཆོག་གི་སྐུ་ཚབ་དང་འབྲེལ་མོལ་བྱས་ཡོད་པ་ནས་གསལ་པོ་རྟོགས་ཐུབ། དེ་ལྟར་ནའང་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་སྨེག་མེད་བཟོ་ཐབས་ཀྱི་ཕུགས་རྒྱང་རིང་བའི་སྲིད་ཇུས་ལ་༧གོང་ས་མཆོག་འགག་རྡོར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཉེན་ཚབས་ཀྱང་མཐོང་གི་ཡོད། དེ་ལ་བརྟེན་ནས་༧གོང་ས་མཆོག་ལ་མཚན་སྨད་ཀྱི་དྲིལ་བསྒྲགས་བྱས་ཏེ་ཁོང་གི་ནུས་པ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་ཙམ་མ་ཟད། མ་འོངས་པར་༧སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱ་རྒྱུའི་ངན་སེམས་ཀྱང་བཅངས་ཡོད། དེ་ལ་གཞིགས་ཏེ་རྒྱ་ནག་གིས་༧གོང་ས་མཆོག་གི་ཤུགས་རྐྱེན་དང་ནུས་པ་མེད་པར་བཟོ་ཐབས་ལ་མདུང་རྩེ་གཉིས་ཅན་གྱི་་འཆར་གཞི་ཇུས་འགོད་བྱེད་ཀྱི་ཡོད།

༡། རྒྱལ་བའི་ཡང་སྲིད་ཚུད་པའི་བླ་མའི་ཡང་སྲིད་འདེམས་སྒྲུག་ལ་ཐེ་བྱུས་བྱ་རྒྱུར་རྒྱ་ནག་གིས་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཁྲིམས་སྒྲིག་བཟོས་པ་མ་ཟད། དེ་ལ་བོད་མི་ཚོས་མོས་མཐུན་བྱེད་ཀྱི་མེད་པ་ཤེས་ནས་དེ་དག་ལ་སོ་ལྟ་དང་དྲག་གནོན་བྱ་རྒྱུར་བདེ་འཇགས་དཔུང་སྡེ་འགྲེམས་འཇོག་བྱེད་བཞིན་པ་རེད།

༢། འཐབ་ཕྱོགས་གཅིག་འགྱུར་དང་བོད་མིའི་ཁོངས་ནས་གནད་ཡོད་མི་སྣ་བེད་སྤྱོད་བྱས་ཏེ་༧གོང་ས་མཆོག་ལ་དད་གུས་དང་ཡིད་ཆེས་ཉམས་དམས་སུ་གཏོང་ཐབས་ལ་དང་པོ་ཆོལ་ཁ་དང་ཆོས་ལུགས་དབར་འགལ་ཟླའི་སེར་ཀ་བཟོ་ཐབས་དང་། རིམ་བཞིན་དེ་དག་༧གོང་ས་མཆོག་ལ་འགལ་ཟླ་བྱེད་མཁན་ལ་འགྱུར་ཐབས་བྱེད་ཀྱི་ཡོད། སྤྱི་ཚོགས་དྲ་རྒྱ་སོགས་ཀྱི་ནང་ཤེས་བཞིན་བྱེད་ཀྱི་ཡོད་ཀྱང་རུང་། ཡང་ན་མ་ཤེས་པར་བྱེད་ཀྱི་ཡོད་ནའང་རེད། གང་ལྟར་བོད་མིའི་སྤྱི་ཚོགས་ནས་དགའ་ལྡན་ཕོ་བྲང་ལ་མཚན་སྨད་བྱེད་མཁན་མང་དུ་འགྲོ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་བའི་སྐུ་མཆེད་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་སོགས་མཐོང་རྒྱུ་ཡོད་པ་དེ་དག་གིས་ལོ་རྒྱུས་ཐོག་༧གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་གཉིས་ལ་ཆེས་མཐོང་དང་གུས་བསྐུར་ཡོད་པ་དེ་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད། ཉེ་བའི་འཆར་བོད་མིའི་སྒྲིག་འཛུགས་ཀྱིས་ཚབས་ཆེའི་དཀའ་རྙོག་ལ་གདོང་ལེན་བྱེད་དགོས་གྱུར་བ་དེ་ཡང་༧གོང་ས་མཆོག་གིས་བཙན་བྱོལ་ནང་གཞུང་གི་འཛིན་སྐྱོང་ལམ་ལུགས་མང་གཙོ་ཅན་གསར་གཏོད་མཛད་པའི་མཛད་འཕྲིན་རྣམས་ལམ་ལྷོང་ཡོང་གི་མེད་པ་བཟོ་ཐབས་ལ་རྒྱ་ནག་གིས་ཇུས་བཤོམས་བྱས་པར་ཐེ་ཚོམ་མེད།

བཙན་བྱོལ་བོད་གཞུང་དཀའ་རྙོག་ནང་ཚུད།

དེ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ལ་དེ་སྔ་བྱུང་མྱོང་མེད་པའི་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་དཀའ་རྙོག་འཕྲད་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་དེ་སྔའི་བོད་གཞུང་གི་རྒྱུན་མཐུད་མཁན་བཙན་བྱོལ་བོད་གཞུང་བཙུགས་ཡོད་ཅིང་། དེ་ནས་བཟུང་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་བོད་ཕྱི་ནང་གཉིས་ཀྱི་ཡང་དག་པའི་ཆབ་སྲིད་མགྲིན་ཚབ་པར་ངོས་འཛིན་ཐོབ་ཡོད། འོན་ཀྱང་བཙན་བྱོལ་བོད་མིའི་ཤེས་ཡོན་དང་གཞིས་ཆགས་འཛིན་སྐྱོང་བཅས་ལ་གྲུབ་འབྲས་སོན་ཡོད་པ་ལས་མགོ་རྙོག་ཆེ་ལ་འགྱུར་ལྡོག་ཆེ་བའི་རྒྱ་ནག་ལ་གདོང་ལེན་བྱེད་དགོས་པའི་ལས་དོན་དང་བོད་ནང་གནས་སྟངས་ཉེན་ཁའི་ཛ་དྲག་ཆེ་རུ་མུ་མཐུད་འགྲོ་བཞིན་པ་བཅས་ལ་གོདང་ལེན་བྱ་རྒྱུར་ནུས་པ་ཁྱད་པར་ཅན་གང་ཡང་ཐོན་ཐུབ་མེད། དེ་ལ་རྒྱུ་མཚན་གཙོ་བོ་གསུམ་ཡོད་པར་མཐོང་ཐུབ།

༡། རྒྱལ་སྤྱིའི་ནང་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་བོད་གཞུང་ངོ་མར་ངོས་འཛིན་བྱེད་མཁན་མེད་པ་དེས་བོད་དང་རྒྱ་ནག་གི་གནད་དོན་ཐད་ཕྱི་རྒྱལ་གྱི་གཞུང་དང་ཐབས་ཇུས་ཚོགས་འདུ་བྱེད་ཐུབ་ཀྱི་མེད། འོན་ཀྱང་༧གོང་ས་མཆོག་གི་སྐུ་ཚབ་རྣམས་དང་མཇལ་ནས་བོད་དོན་སྐོར་བཀའ་བསྡུར་གནང་གི་ཡོད་པ་མ་ཟད། མ་འོངས་པར་ཡང་མཇལ་འཕྲད་དེ་རིགས་ཡོང་ངེས་ཡིན།

༢། རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་བྱེད་ཀྱི་མེད་ཅེས་གསལ་པོར་བརྗོད་ཀྱི་ཡོད་པ་མ་ཟད། འབྲེལ་བ་ཡང་བྱེད་ཀྱི་མིན་ཞེས་ཡོངས་བསྒྲགས་བྱས་པ་དེའི་གོ་དོན་ནི་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་དབར་འབྲེལ་བ་མེད་པར་༧གོང་ས་མཆོག་གི་སྐུ་ཚབ་དང་དེ་མིན་བར་བཞུགས་མི་སྣ་སོགས་ཀྱི་མཉམ་དུ་འབྲེལ་བ་བྱས་པ་དེས་རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་དབར་འབྲེལ་མོལ་བྱ་རྒྱུ་དང་། ཡང་ན་སྒྲིག་འཛུགས་གཞན་དང་འབྲེལ་བ་བྱེད་རྒྱུར་ཆབ་སྲིད་ཀྱི་ནུས་པ་མེད་པར་གྱུར་ཡོད།

༣། ༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་སུ་འོས་བསྡུ་བྱས་པའི་མི་མང་གི་འགོ་ཁྲིད་ཚོར་བསྩལ་གནང་མཛད་པ་དེས་བཙན་བྱོལ་བོད་མིའི་ཆབ་སྲིད་བརྒྱུད་རིམ་ནས་༧གོང་ས་མཆོག་ཟུར་འདོན་བྱས་པ་ལྟ་བུར་གྱུར་བ་མ་ཟད།  རྒྱ་ནག་གི་བཙན་དབང་འོག་གནས་པའི་གཞིས་ལུས་བོད་མི་ཚོར་ཤུགས་རྐྱེན་བྱེད་ཐུབ་པའི་རྩོད་མེད་ཀྱི་དབུ་ཁྲིད་ཡིན་པ་དེ་ཡང་འབྲེལ་བ་མེད་པ་ལྟ་བུར་གྱུར།  བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྒྲོམ་གཞི་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱང་ཐག་རིང་དུ་སོང་བ་དེས་བོད་ནང་བོད་མི་ཚོར་ཐེ་ཚོམ་དང་སེམས་ཤུགས་ཆག་གཞིར་གྱུར་བ་མ་ཟད། ཕྱི་རྒྱལ་སྲིད་གཞུང་སོགས་ཀྱིས་རྡ་རམ་ས་ལ་དང་འབྲེལ་བ་བྱས་ན་བཙན་བྱོལ་བོད་གཞུང་ངོས་འཛིན་བྱས་སོང་ཞེས་རྒྱ་ནག་གིས་ནག་འཛུགས་བྱེད་ཀྱི་རེད་སྙམ་སྟེ་ཡིད་གཟབ་བྱེད་དགོས་གྱུར་ཡོད།

རྒྱུ་མཚན་དེ་དག་ལ་བརྟེན་ནས་དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ཐད་ཀར་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་མ་ཟད། ཕྱི་རྒྱལ་གྱི་སྲིད་གཞུང་གཞན་དང་འབྲེལ་བ་བྱེད་མ་ཐུབ་པར་བརྟེན་གཞིས་ལུས་བོད་མི་ཚོའི་བསམ་བློའི་ནང་འགོ་ཁྲིད་ཀྱི་སྟོང་ཆ་ཡོད་པ་དེ་བསྐང་ཐུབ་ཀྱི་མེད།

འགྱུར་བ་ལའང་འགྱུར་བ་དགོས་གལ།

བོད་དོན་འཐབ་རྩོད་ལ་རྒྱ་མཚོའི་རླབས་ལྟ་བུའི་འགྱུར་བ་ཤུགས་ཆེར་འགྲོ་བཞིན་པར་གདོང་ལེན་བྱེད་དགོས་པར་གཞིགས་ཏེ་བཙན་བྱོལ་བོད་མི་ཚོས་ཆབ་སྲིད་ཚགས་མ་ཚུད་པ་དང་ལྷན་སྐྱེས་ཀྱི་དགེ་དང་སྐྱོན་གཉིས་བཏང་འཛིན་བྱ་རྒྱུ་བཅས་ངོས་འཛིན་བྱས་ཏེ། བོད་ནང་བོད་མི་ཚོར་རེ་བ་བསྐྱར་གསོ་བྱ་རྒྱུར་འཛེམ་ཟོན་མེད་པར་དགོས་ངེས་ཀྱི་འགྱུར་བ་ཆེན་པོ་གཏོང་དགོས་པ་ཡིན། རྡ་རམ་ས་ལར་ད་ཡོད་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་དཀའ་རྙོག་ཡོད་མུས་ཀྱི་མཉམ་དུ་འོས་བསྡུ་བ་མང་ཚོགས་ཡི་མ་རང་བ་དང་། གོང་བུའི་ནུས་པ་ཉམས་པ་སོགས་ཆབ་སྲིད་ཀྱི་རྐྱེན་ངན་འདི་དག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་སྐུ་འཚོ་བཞུགས་སྐབས་སེལ་ཐབས་བྱེད་དགོས་པ་ནི་ཧ་ཅང་ཛ་དྲག་ཆགས་ཡོད། བོད་དོན་འཐབ་རྩོད་མདུན་བསྐྱོད་བྱས་ཏེ་བོད་ཀྱི་མ་འོངས་མདུན་ལམ་བསྐྱར་གསོ་བྱ་རྒྱུར་ད་ལྟ་དུས་ཚོད་ཡོད་པར་བརྟེན་བསམ་ཤོག་འདི་བརྒྱུད་གཞི་རིམ་ཆབ་སྲིད་ལ་འགྱུར་བ་གཏོང་དགོས་པར་གལ་ཆེའི་དོན་ཚན་གཉིས་ཞུ་རྒྱུ་ཡིན།

དང་པོ། དགའ་ལྡན་ཕོ་བྲང་གི་ཐུགས་འགན་ཆེ་རུ་གཏོང་དགོས།

བོད་དོན་འཐབ་རྩོད་ཀྱི་ཐུགས་འགན་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་བཞེས་ན་དུས་ཚོད་གང་ཙམ་ནས་བཙན་བྱོལ་བོད་མི་རྣམས་སོ་སོ་གནས་ཡུལ་རྒྱལ་ཁབ་ནང་ནུས་པ་མེད་པའི་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ལ་འགྱུར་རྒྱུ་ཡིན་པ་དང་། གནས་སྟངས་དེ་རྒྱ་གར་ནང་དུའང་གཅིག་འགྱུར་ཆགས་ཉེན་ཡོད། བོད་པ་བཙན་བྱོལ་བའི་མ་འོངས་པའི་གནས་སྟངས་ཇི་ཆགས་ནི་ནུབ་ཕྱོགས་ཡུལ་གྲུའི་ནང་འགྱུར་བ་དང་རྒྱ་དཀར་ནག་གི་འབྲེལ་བར་ཧ་ཅང་རག་ལུས་རྒྱུ་ཡིན་པ་དང་། སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་རྒྱ་ནག་གིས་འདེམས་སྒྲུག་བྱེད་ཉེན་ཡོད་པ་མ་ཟད། རྒྱ་ནག་གིས་བདམས་པའི་ཡང་སྲིད་ལ་བོད་མི་ཚོས་ངོ་རྒོལ་བྱས་ཚེ་རྒྱ་ནག་གིས་གནས་ཡུལ་རྒྱལ་ཁབ་ཚོར་ཕྱི་འབྲེལ་གནོན་ཤུགས་སྤྲོད་ཉེན་ཡོད། དེས་མ་ཚད་༧གོང་ས་མཆོག་ལ་ལོ་རྒྱུས་ནས་བསྐུར་བའི་ཐུགས་འགན་དང་ཆབ་སྲིད་ཀྱི་ཐུགས་འགན་གཉིས་མེད་པར་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་འཐོར་ཞིག་ཏུ་འགྲོ་ཉེན་གྱི་གནས་སྟངས་དེ་ད་དུང་ཐབས་སྐྱོ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། བོད་མིའི་སྤྱི་ཚོགས་དེ་མང་གཙོར་འགལ་ཟླའི་དཔུང་ཤུགས་དང་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་གྱི་བསྐུལ་ཤུགས་འོག་སོང་སྟེ་མི་མང་གི་ཡིད་ཆེས་དང་ངོས་འཛིན་མེད་པར་འགྱུར་རྒྱུ་རེད།

བོད་མི་ས་ཡ་བདུན་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་བློ་གཏད་ཞུས་ཏེ་མ་འོངས་པའི་འཆར་སྣང་དང་ལམ་སྟོན་གང་གནང་ལ་གུས་རྩིས་ཞུ་ཡི་ཡོད་པ་དང་། དེ་ལ་རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀས་དེར་ངོས་ལེན་བྱེད་ཀྱི་ཡོད་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་བོད་རྒྱའི་དཀའ་རྙོག་གསལ་ཐབས་ལ་རྒྱ་ནག་དང་འབྲེལ་བ་གནང་རྒྱུའི་ཐུགས་འགན་ཡོངས་སུ་བཞེས་ཏེ། ༧གོང་ས་མཆོག་བོད་ལ་ཕྱིར་ཕེབས་གནང་རྒྱུའི་ཐད་བཀའ་གྲོས་གནང་དགོས་པའི་གསོལ་འདེབས་ཞུ་རྒྱུ་ཡིན། དེ་ལྟར་ཡོང་བར་གོམས་པ་དང་པོ་ནི་ལམ་སྲོལ་མང་པོར་བརྒྱུད་དགོས་པའི་ད་ཡོད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཕྱག་ལས་གནང་ཕྱོགས་ཀྱི་སྒྲོམ་གཞི་དེ་ཚགས་ཚུད་ལྡན་ལ་རྒྱུན་གནས་ཐུབ་པའི་སྒྲོམ་གཞིར་བསྒྱུར་བཅོས་གནང་ནས་༧གོང་ས་མཆོག་གི་ཐུགས་དགོངས་རྣམས་ཐབས་ཇུས་ལྡན་པར་རྒྱལ་སྤྱིའི་ནང་འཁྱོལ་ཐུབ་པ་གནང་རྒྱུ་དང་། དེ་ཡང་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུའང་ལག་བསྟར་ཐུབ་པ་མ་ཟད། མ་འོངས་པར་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དང་གསན་བཞེས་འབུལ་རྒྱུ། ཁྲི་ཐོག་ཕེབས་རྒྱུ་སོགས་ཕྱི་གསལ་ནང་གསལ་གྱི་འགན་འཁུར་བཞེས་ཐུབ་ནས་བོད་མི་དང་འཛམ་གླིང་མི་མང་གིས་ཡིད་ཆེས་བྱེད་ཐུབ་པ་བྱེད་དགོས།

༢། བོད་མིའི་སྒྲིག་འཛུགས་འདི་བཙན་བྱོལ་བོད་མིའི་ཆེད་བསྒྱུར་དགོས།

བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་ནི་རྒྱལ་ཁབ་སུས་ཀྱང་གཞུང་འབྲེལ་ངོས་འཛིན་མེད་པའི་སྒྲིག་འཛུགས་ཆུང་ཆུང་ཞིག་ཡིན་ནའང་། ལམ་སྲོལ་མང་པོ་བརྒྱུད་དགོས་པའི་གཞུང་ཆེན་པོ་ཚོར་རན་པའི་མགོ་རྙོག་ཆེ་ལ་ལས་ཀ་བྱེད་དཀའ་བའི་སྒྲིག་སྲོལ་མང་པོས་འགོག་རྐྱེན་བྱེད་ཀྱི་ཡོད། ད་ཆ་བཙན་བྱོལ་གཞུང་ལ་ལེགས་བཅོས་བྱས་ཏེ་བཙན་བྱོལ་ནང་ཡོད་བོད་མི་ཚོའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སློབ་གསོ་དང་དཔལ་འབྱོར། ཆབ་སྲིད་བཅས་གཞི་རིམ་གྱི་ལས་དོན་ལ་དམིགས་ཚད་བཟུང་མཁན་གཞུང་ལ་བསྒྱུར་དགོས།  ཆབ་སྲིད་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རྒྱལ་སྤྱིའི་ནང་བོད་ཀྱི་ཆོས་རིག་དང་ཆབ་སྲིད་ལ་དོ་འཁུར་གྱི་རྨང་གཞི་འཛུགས་རྒྱུའི་གཞི་རིམ་གྱི་ལས་འགན་ཡོད་ནའང་། བཙན་བྱོལ་བོད་གཞུང་གི་ལས་འགན་གཙོ་བོ་དེ་རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་སྐུལ་སློང་གནང་བ་དང་ཆིབས་ཅིག བཙན་བྱོལ་ནང་ཡོད་པའི་བོད་མི་ཚོའི་ཤེས་ཡོན་དང་ལག་རྩལ། དཔལ་འབྱོར་གོང་མཐོར་གཏོང་རྒྱུ་བཅས་བཙན་བྱོལ་བོད་མི་ཚོའི་བདེ་དོན་ཁོ་ནར་བལྟ་སྐྱོང་བྱེད་རྒྱུ་གཙོ་འདོན་བྱེད་དགོས་པ་ཡིན། རྒྱ་ནག་དང་འབྲེལ་བ་གནང་རྒྱུའི་ཐུགས་འགན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞེས་ཐུབ་པ་དེས་ནུས་མེད་ཀྱི་བོད་མིའི་སྒྲིག་འཛུགས་དེ་ལས་འགྲོལ་ཐུབ་རྒྱུ་མ་ཟད། གཅིག་བྱས་ན་རྒྱ་ནག་དང་འབྲེལ་མོལ་ལ་འགོག་རྐྱེན་ཡིན་སྲིད་པ་དེ་ཡང་མེད་པར་གྱུར་ནས་བཙན་བྱོལ་ནང་ཡོད་བོད་མི་ཚོའི་བདེ་དོན་ཁོ་ནར་བལྟ་སྐྱོང་བྱ་རྒྱུའི་ལས་འགན་འཁྱེར་རྒྱུ་བྱེད་བདེ་དང་དམིགས་ཚད་བཟུང་རྒྱུར་དགེ་མཚན་ཡོང་རྒྱུ་ཡིན།

འགྱུར་བའི་ཆ་རྐྱེན་འདི་དག་འཛོམས་ན་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་སྲོལ་འོག་མུ་མཐུད་བསྐྱོད་ཐུབ་རྒྱུ་མ་ཟད། དེ་ལྟའི་བོད་མཚོན་ཐུབ་པའི་རྒྱལ་ཁབ་སྲིད་གཞུང་ནས་འགྱུར་བ་སོང་སྟེ། ནུས་པ་ལྡན་པའི་བཙན་བྱོལ་བོད་མིའི་སྲིད་གཞུང་ཡང་དག་པ་གཅིག་ལ་འགྱུར་ཐུབ་རྒྱུ་ཡིན། དེ་ལྟར་བྱེད་ཐུབ་ཚེ་བོད་མིའི་སྒྲིག་འཛུགས་དེ་འཛམ་གླིང་ཁྱོན་ཡོངས་ནང་གནས་པའི་བོད་མི་ཚོ་ཆིག་བསྒྲིལ་དང་གྲུབ་འབྲས། བདེ་དོན་བཅས་ལ་འགན་འཁུར་ཡོད་མཁན་སྒྲིག་འཛུགས་ལ་བསྐྱར་བསྒྲིགས་གནང་བ་དང་ཆབས་ཅིག  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པའི་དབུ་ཁྲིད་པའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་རྒྱུར་ཤུགས་བསྣོན་བརྒྱབ་ཐུབ། དེ་ལྟ་བུའི་དངོས་ཡོད་དང་མཐུན་ཞིང་གྲུབ་འབྲས་གཙོ་བོར་དམིགས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞིག་བྱུང་བ་ཡིན་ན་དེས་འཛམ་གླིང་ནང་འཕེལ་རྒྱས་འགྲོ་བཞིན་པའི་བོད་མིའི་སྤྱི་ཚོགས་དེ་ནུས་ཤུགས་ཆེ་རུ་སོང་ནས་དབུ་མའི་ལམ་དང་རང་བཙན་གྱི་འགལ་ཟླ་དང་། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་འདུ་ཤེས་མེད་པར་འགྱུར་ཏེ་ཕུགས་རྒྱང་རིང་པོར་དེ་དག་དགོས་མེད་དང་འབྲེལ་བ་མེད་པར་འགྱུར་ཐུབ།

གོ་ལ་ཁྱོན་ཡོངས་ཀྱི་འགྱུར་བ་གསར་པ།

མིག་སྔར་འཛམ་གླིང་ནང་ས་ཁམས་ཆབ་སྲིད་དང་མནའ་མཐུན་བཅས་ཁ་ཕྱོགས་གསར་པར་བསྐྱོད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཆབ་སྲིད་ལམ་ལུགས་ལ་འགྱུར་བའི་རྦ་རླབས་ཆེས་ཆེར་འཁྱུག་བཞིན་པའི་སྐབས་འདིར་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་འདུ་ཤེས་འཛིན་སྟངས་ལ་གོ་ལའི་འགྱུར་བ་དང་མཐུན་པའི་བསམ་བློ་གཏང་རན་ཡོད། བསམ་ཤོག་འདིས་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམས་ལ་བོད་མིའི་ཆབ་སྲིད་ཀྱི་འགུལ་བསྐྱོད་ལ་དགོངས་པ་བསྐྱར་ནན་བཞེས་ཏེ་མ་འོངས་བོད་ཀྱི་མདུན་ལམ་ལ་ཕན་ནུས་ལྡན་པའི་གོམས་པ་སྤོ་རྒྱུར་སྙིང་སྟོབས་ལྡན་པའི་ཐག་གཅོད་གནང་རན་འདུག་ཅེས་ཞུ་ཡི་ཡོད་ཅིང་། བོད་མིར་ནུས་པ་ཁྱད་འཕགས་ཅན་ཡོད་པ་གོ་རྟོགས་ཐུབ་པའི་སྒོ་ནས་མཐའ་མཇུག་བཟང་པོ་ཞིག་ཡོང་ཐབས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་དགའ་ལྡན་ཕོ་བྲང་ལ་ཐུགས་འགན་ཆེ་བ་འབུལ་དགོས་རྒྱུ་ནི་ཛ་དྲག་ཆགས་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་རྐྱང་གི་ཐུགས་བསྐྱེད་དང་འཛམ་གླིང་ཁྱོན་ཡོངས་ཀྱིས་བོད་མིའི་དབུ་ཁྲིད་ལ་ངོས་འཛིན་ཞུས་པ་བཅས་ཀྱིས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ནི་བོད་མི་མང་ལ་མ་འོངས་པའི་མདུན་ལམ་ཐག་གཅོད་མངོན་དུ་འགྱུར་རྒྱུའི་ལྡེ་མིག་ལྟ་བུ་སྔོན་ཆད་མ་བྱུང་བའི་བོད་མིའི་སྟོབས་ཤུགས་མཚོན་ཐུབ་ཀྱི་རེད།

ད་ལྟའི་དངོས་ཡོད་གནས་སྟངས་འདི་ནས་གོམ་པ་གསར་པ་ཞིག་སྤོ་རྒྱུར་ད་ཡོད་བོད་པའི་མི་རབས་ཚོས་ཆོད་སེམས་དང་སྙིང་སྟོབས་གཉིས་དང་ལེན་བྱེད་དགོས་པ་དང་། དེ་ལྟར་བྱེད་མ་ཐུབ་ཚེ་ཐབས་སྡུག་གི་གནས་ཚུལ་དེའི་ཚད་གཞི་དུས་རབས་ཉི་ཤུ་བའི་དཀྱིལ་ལ་བོད་ཤོར་བའི་གནས་སྟངས་བྱུང་བ་ལས་ཐབས་སྡུག་པ་ཆགས་རྒྱུ་ལས་མེད།

བསམ་ཤོག་འདི་འགོད་སྤེལ་གྱི་ཀུན་སློང་དང་དགོས་པ་ནི་མ་འོངས་བོད་དང་བོད་མིའི་མདུན་ལམ་སྲ་བརྟན་བཟོ་ཐབས་ལ་དམིགས་པ་ཡིན། བོད་རྒྱལ་ལོ།

རྩོམ་པ་པོ་བློ་བཟང་རྒྱ་མཚོ་ནི། ལྷ་སར་སྐྱེས་ཤིང་མེས་པོ་སྲིད་ཚབ་ཀླུ་ཁང་པ་ཚེ་དབང་རབ་བརྟན་ལགས་ཀྱི་ལྷན་དུ་རྒྱ་གར་ལ་འབྱོར་རྗེས་རྒྱ་གར་ནང་དང་དེ་རྗེས་དབྱིན་ཡུལ་དང་ཨ་རིར་སློབ་གྲྭར་བསྐྱོད། རི་མོའི་སྒྱུ་རྩལ་པ་དང་ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ཟུར་པ་ཡིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཚོང་ལས་དྲིལ་བསྒྲགས་བཟོ་ཚོང་ཞིག་གི་ནང་ལས་ཀ་བྱས་རྒྱུན་ཞོར་དུ་བོད་གནས་བསྐྱར་ཞིབ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། མ་གཅིག བོད་ཀྱི་ཐེབས་རྩ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོའི་ལས་དམ་རི་མོའི་བཟོ་བཀོད་བྲིས་ཡོད།

གོང་གི་རྩོམ་ཡིག་འདི་དབྱིན་ཡིག་ནས་ཕབ་སྒྱུར་བྱས་པས་ནང་དོན་གྱི་མ་གཞི་དབྱིན་ཡིན་ནང་ཡོད་པ་དེ་ལ་རྩ་འཛིན་གནང་དགོས།https://www.tibetanreview.net/restoring-hope-for-the-future-of-tibet/

 

མཆན། གོང་འཁོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 3 སྔོན།

    རྩོམ་འདི་རྩོམ་པ་པོའི་དགོངས་ཚུར་རེད། བཙན་བྱོལ་བོད་མི་དཀའ་རྙོག་ནང་ཚུད་པའི་གནས་དོན་དེ་ཡིད་གཟབ་དགོས་པའི་གནས་ཙམ་མ་ཟད་དེར་འགྱུར་བ་དགོས་ངེས་དངོས་འབྲེལ་རེད། དེ་ཡང་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པས་གཟིགས་གཤའ་ལ་ཐབས་ལམ་ཡང་ཁོང་རྣམ་པའི་དགོངས་ཞིབ་གནང་རྒྱུ་ལས་གཞན་ཕལ་ཆེར་དཀའ་གནས་ཡིན། ༢༠༡༡་ནས་བསྒྱུར་བཅོས་གང་བྱུང་རྣམས་དོན་གྱི་བདག་པོ་མཆོག་གིས་དགོངས་གཞི་ལས་བྱུང་བ་ཙམ་མ་ཟད་༸ཁོང་གི་དགོངས་གཞི་ལྟར་སྐྱབས་བཅོལ་གཞུང་གི་སྲིད་དོན་ལས་འགན་རྩིས་སྤྲོད་གནང་བའི་དགོངས་མོ་དམིགས་བསལ་གྱི་གཟིམས་སྤྲོ་བོ་བྱུང་བའི་བཀའ་གནང་ཡོད། དེ་ཡང་༸ཁོང་གི་དགོངས་གཞི་ལྟར་བསྒྲུབས་པའི་དགའ་སྤྲོ་ལས་བལྟས་པ་ལས་གཞན་གྱི་རྒྱུ་ཚན་ག་ནས་ཡོང་། ཁོང་གི་དགོངས་གཞི་ལྟར་ཤར་སྐྱོད་ཞུ་ཐབས་བྱུང་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་མ་རེད་དམ། རང་དོན་རང་གཅེས་རྩོན་ཕེབས་ཤོག བོད་རྒྱལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese