མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་བུད་མེད་སྲིད་བློན་ཐོག་མ་སིང་གྷ་ལའི་ཡུག་མོ་ཞིག་གི་ལོ་རྒྱུས།

བོད་ཀྱི་དུས་བབ།
༢༠༢༢/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཕུར་བུ། བོད་ཀྱི་དུས་བབ་གསར་འགོད་པ།

Bandaranaike pictured in 1960

ཨེ་ཤ་ཡའི་ལྷོ་བརྒྱུད་ཀྱི་གླིང་ཕྲན་རྒྱལ་ཁབ་སིང་གྷ་ལ་ནི་མི་འབོར་ས་ཡ་ཉེར་གཅིག་ལྷག་ལས་མེད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ལ། དེ་ཡང་སྔོན་གྱི་དུས་སུ་སེ་ལོན་ (Ceylon) ཞེས་འབོད་པའི་ཡུལ་ལུང་དེ་ནི་འཛམ་གླིང་ནང་གི་བུད་མེད་སྲིད་བློན་ཐོག་མ་བྱུང་ས་རུ་ངོས་འཛིན་བྱེད།

སིང་གྷ་ལར་ལོ་རྒྱུས་གསར་པ་སྐྲུན་མཁན་གྱི་ཁྱིམ་ཚང་གཅིག

ཡུལ་དེའི་ལྷོ་དབུས་སུ་ཡོད་པའི་ཞིང་ཆེན་སཱ་བྷ་རཱ་གྷ་མུ་ཝཱ་ (Sabaragamuwa Province) ཡི་གྲོང་ཁྱེར་ལྟེ་བ་རཱ་ནཱ་པུ་རཱ་ (Ratnapura) ཡི་ནང་དུ། སེ་ལོན་ཞེས་འབོད་པའི་ཡུལ་ལུང་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དང་སེ་ལོན་ཞེས་འབོད་པའི་ཡུལ་ལུང་དེའི་གྲོས་ཚོགས་གོང་མའི་འཐུས་མིའི་ཕྱག་ལས་གཉེར་བཞིན་པའི་སྐུ་ཞབས་རཱ་ཝཱ་ཊི་ (Barnes Ratwatte) དང་། ཁོང་གི་བཟའ་ཟླ་དཔྱད་བཅོས་སྨན་པ་ (Rosalind Hilda Mahawalatenne Kumarihamy) གཉིས་ལ་བྱིས་པ་བུ་མོ་ ༢ དང་བུ་ ༤ སྐྱེས། ཁོང་གཉིས་ཀྱི་བུ་མོ་ཆེ་བ་སི་རི་མཱ་རཱ་ཝཱ་ཊི་ (Sirima Ratwatte) ནི་ ༡༩༡༦ ཟླ་ ༤ ཚེས་ ༡༧ ལ་སྐྱེས་ཤིང་། ཁོང་མོ་ཆུང་དུས་ནས་ཕ་མ་གཉིས་ཀྱིས་ (Balangoda) ས་ཁུལ་དུ་ཡོད་པའི་སྒེར་གྱི་སྔོན་འགྲོའི་སློབ་གྲྭར་བཏང་ནས་། ཕྱི་ལོ་ ༡༩༢༣ ལོར་རཱ་ནཱ་པུ་རཱ་གྲོང་ཁྱེར་དུ་ཡོད་པའི་ཧྥར་གྷུ་སོན་མཐོ་སློབ་ (Ferguson High School) ཏུ་སློབ་ཆུང་འགྲིམས་ནས་ལོ་བཞིའི་རྗེས། ཕྱི་ལོ་ ༡༩༢༨ ལོར་སིང་གྷ་ལའི་སྒེར་གཉེར་བུད་མེད་ཀྱི་མཐོ་སློབ་ (St Bridget’s Convent) ཏུ་གཏན་སློབ་ལ་སློབ་འབྲིང་གྱི་སློབ་སྦྱོང་བྱས། སྐུ་དྲག་རིགས་རྒྱུད་དུ་སྐྱེས་པའི་བུ་མོ་དེས་ཡེ་ཤུ་ཁཱ་ཐོ་ལིག་(Catholic) ཡི་ཆོས་ལུགས་ཐད་ཆེད་སྦྱོང་བྱས་ཡོད་ཀྱང་། ཁོང་མོའི་མི་ཚེ་ཧྲིལ་པོ་ནི་ནང་པའི་བསླབ་སྡོམ་ལ་ལེགས་པར་འཇུག་པའི་ནང་པ་ཞིག་ཏུ་གྱུར། ཕྱི་ལོ་ ༡༩༣༥ ལོར་དགུང་ལོ་ ༡༩ ལས་སོན་མེད་པའི་གཞོན་ནུ་མ་སི་རི་མཱའོ་ཡིས། ཕྱི་ལོ་ ༡༩༤༠ བར་དུ་ནགས་ཚལ་དུ་གནས་སྡོད་བྱེད་བཞིན་པའི་ཡུལ་མཐའ་འཁོབ་པ་རྣམས་ལ་ཟས་དང་སྨན་སོགས་ཀྱིས་རོགས་རམ་ཆེན་པོ་བྱས་ཡོད་པ་མ་ཟད། དམིགས་བསལ་གྱིས་གྲོང་གསེབ་ཀྱི་བུད་མེད་རྣམས་ཀྱི་འཚོ་བ་ཡར་རྒྱས་གཏོང་བའི་ཐད་རོགས་འདེགས་ཆེན་པོ་བྱས་ཏེ། ས་གནས་སུ་སྨན་ཁང་ཆེད་འཛུགས་སོགས་ཀྱི་སྤྱི་ཕན་ལས་དོན་སྣ་མང་བསྒྲུབས།

Sirimavo Bandaranaike married with S.W.R.D.Bandaranaike in 03 October 1940.

ཕྱི་ལོ་ ༡༩༤༦ ཙམ་ནས་སྐབས་དེར་སེ་ལོན་ཞེས་འབོད་བཞིན་པའི་སིང་གྷ་ལའི་སྲིད་བློན་སོ་ལོ་མོན་ (Solomon West Ridgeway Dias Bandaranaike) ལགས་དང་འགྲོགས་འདྲིས་བྱུང་ཞིང་གཉེན་སྒྲིག་བྱེད་པའི་འདུན་པ་བཏོན་ཡང་། སི་རི་མཱའི་ཁྱིམ་གཞིས་ནི་སྐུ་དྲག་གི་རིགས་རྒྱུད་འབྱོར་ཕྱུག་ལྡན་པ་ཞིག་ཡིན་ལ། སྲིད་བློན་སོ་ལོ་མོན་ནི་རིགས་རྒྱུད་དཀྱུས་མ་ཞིག་གིས་སྲིད་དབང་བཟུང་བ་ཙམ་ཡིན་པར་བརྟེན། དང་ཐོག་ཁོང་གཉིས་ཀྱི་གཉེན་སྒྲིག་ལ་མོས་མཐུན་བྱས་མེད། འོན་ཀྱང་། མོ་བརྒྱག་མཁན་ཞིག་གིས་གཞོན་ནུ་དེ་གཉིས་ནས་གཉེན་སྒྲིག་བྱས་ན་ཁེ་ཕན་ཡོང་གི་ཡོད་སྐོར་བརྗོད་པར་བརྟེན། སི་རི་མཱ་ཁྱིམ་མིའི་མོས་མཐུན་འོག་ཕྱི་ལོ་ ༡༩༤༠ ལོའི་ཟླ་ ༡༠ ཚེས་ ༢ ཉིན་སི་རི་མཱ་དང་སོ་ལོ་མོན་གཉིས་ཀྱིས་ཟབ་རྒྱས་ངང་གཉེན་སྟོན་བྱས། ཕྱིས་སུ་ཁོང་གཉིས་ལ་བུ་མོ་གཉིས་ (Sunethra Bandaranaike) དང་ (Chandrika Kumaratunga) བཅས་དང་བུ་གཅིག་ (Anura Bandaranaike) སྐྱེས་ཡོད་འདུག

བུ་མོ་རྒན་པ་ (Sunethra Bandaranaike) ལགས་ཕྱི་ལོ་ ༡༩༤༣ ཟླ་ ༧ ཚེས་ ༢༧ ཉིན་སྐྱེས་ནས་ཁོང་མོས་ཁོ་ལོམ་བྷོ་ལ་ཡོད་པའི་ (St Bridget’s Convent) ནས་སློབ་གྲྭ་འགྲིམས་ཏེ། དབྱིན་ཡུལ་དུ་ཡོད་པའི་ (Somerville College) ཞེས་ཨ་རིའི་ཨོ་སི་ཧྥོ་ཊི་གཙུག་ལག་སློབ་གཉེར་ཁང་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས། དཔལ་འབྱོར་བཅས་ཀྱི་རབ་འབྱམས་པ་མཐར་སོན་ཏེ། ཁོང་མོས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ (Overseas Development Institute) ཐད་ལ་ཉམས་ཞིབ་པ་གནང་ཞིང་། ཁོང་མོའི་ཨ་མ་ལགས་སིང་གྷ་ལའི་སྲིད་བློན་གནང་བའི་དུས་སུ་དྲུང་ཆེའི་འབྲེལ་མཐུད་པ་གནང་མྱོང་ཡོད་འདུག ད་ལྟའི་ཆར་མོ་རང་གི་སྒེར་གྱི་འཛུགས་སྐྲུན་བྱས་པའི་ (Sunera Foundation) ཚོགས་པ་དེའི་ཚོགས་གཙོའི་ཕྱག་ལས་གནང་བཞིན་ཡོད་པ་རེད།

བུ་མོ་ཆུང་བ་ (Chandrika Kumaratunga) ལགས་ཕྱི་ལོ་ ༡༩༤༥ ཟླ་ ༦ ཚེས་ ༢༩ ཉིན་སྐྱེས་པ་དང་། ཁོང་མོས་ཁོ་ལོམ་བྷོ་ལ་ཡོད་པའི་ (Saint Bridgets Convent) ནས་སློབ་གྲྭ་འགྲིམས། དེ་ནས་ཁོ་ལོམ་བྷོ་་ལ་ཡོད་པའི་ (Roman Catholic Aquinas University College) མཐོ་སློབ་ནས་ཁྲིམས་ཀྱི་ཐོག་ལ་སློབ་སྦྱོང་བྱས། འོན་ཀྱང་ཕྱི་ལོ་ ༡༩༦༧ ལོར་མཐོ་སློབ་དེ་ནས་ཁྲིམས་ཀྱི་སློབ་མཐར་མ་ཕྱིན་པར། (Institute of French Studies) ནས་སློབ་ཡོན་ཐོབ་སྟེ་ཧྥ་རན་སི་ལ་ཕྱིན་ནས་ལོ་གཅིག་རིང་ཧྥ་རན་སི་རྒྱལ་ཁབ་ཀྱི་སྐད་ཡིག་སྦྱངས། དེ་ནས་ (The Paris Institute of Political Studies) ཟེར་བའི་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༡༩༧༠ ལོར་སྲིད་དོན་ཚན་རིག་གི་དམིགས་བསལ་ལག་འཁྱེར་ཐོབ། དེ་ནས་ཕྱི་ལོ་ ༡༩༧༠ ནས་ ༡༩༧༣ བར་ལོ་གསུམ་རིང་ཁོང་མོས་དཔལ་འབྱོར་ཡར་རྒྱས་ཐོག་ལ་འབུམ་རམས་པའི་སློབ་སྦྱོང་བྱས་ཏེ་བསླབ་པ་མཐར་སོན་ཡོད་པ་རེད། མཐར་ཕྱི་ལོ་ ༡༩༧༧ ལོར་གློག་བརྙན་འཁྲབ་སྟོན་པ་ (Vijaya Kumaranatunga) ལགས་དང་གཉེན་སྒྲིག་བྱས་ནས། ཕྱི་ལོ་ ༡༩༨༠ ལོར་བུ་མོ་ (Yasodara Córdova) སྐྱེས་ཏེ་ཁོ་མོ་ནི་ཉམས་ཞིབ་པ་དང་དཔེ་རིས་འབྲི་མཁན་ལ་སོགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ད་ལྟ་དགུང་ལོ་ ༤༡ བསླེབས་ཡོད་འདུག ཕྱི་ལོ་ ༡༩༨༢ ལོར་བུ་ (Vimukthi Kumaratunga) སྐྱེས་ནས་ད་ལྟ་ཁོང་དགུང་ལོ་ ༣༩ ཡིན་པ་རེད།

བུ་ཆུང་ཤོས་ (Anura Bandaranaike) ལགས་ཕྱི་ལོ་ ༡༩༤༩ ཟླ་ ༢ ཚེས་ ༡༥ ཉིན་སྐྱེས། ཁོང་གིས་ཕྱི་ལོ་ ༡༩༨༣ ནས་ ༡༩༨༨ བར་ཁ་གཏད་ཚོགས་པའི་མགོ་ཁྲིད་ཀྱི་ཕྱག་ལས་གནང་བ་དང་། ཕྱི་ལོ་ ༡༩༩༣ ནས་ ༡༩༩༤ བར་ལོ་གཅིག་གི་རིང་ཤེས་ཡོན་གྱི་བློན་ཆེན་ (Minister of Higher Education) གནང་ལ། ཕྱི་ལོ་ ༢༠༠༠ ནས་ལོ་གཅིག་གི་རིང་སིང་གྷ་ལའི་གྲོས་ཚོགས་ཀྱི་མགྲིན་ཚབ་པ་གནང་། ད་དུང་ཕྱི་ལོ་ ༢༠༠༤ ཟླ་ ༤ ནས་ཕྱི་ལོ་ ༢༠༠༧ ཟླ་ ༡ བར་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་ལ་སོགས་པའི་ཕྱག་ལས་གནང་སྟེ་ཡུལ་དེའི་གཞུང་མང་གཉིས་ལ་ཞབས་ཕྱི་ཞུ། དགུང་ལོ་ ༥༩ ཐོག་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་ཁོ་ལོམ་བྷོ་ལ་ཡོད་པའི་གཞུང་འབྲེལ་གྱི་བཞུགས་གནས་ཁང་ནས་འབྲས་ནད་ཕོག་པའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག

བུད་མེད་ཅིག་གི་ཆབ་སྲིད་འཐབ་རྩོད་ཀྱི་བརྒྱུད་རིམ་ཞིག

ཕྱི་ལོ་ ༡༩༤༡ ལོར་སི་རི་མཱ་ཡིས་ཡུལ་དེའི་ནང་སྙན་གྲགས་ཆེ་བའི་སིང་གྷ་ལའི་བུད་མེད་ཚོགས་པ་ (Lankan Women’s Association)ནང་ཕྱག་ལས་གནང་སྟེ། གྲོང་གསེབ་ཀྱི་བུད་མེད་རྣམས་ཀྱི་ནུས་པ་གོང་སྤེལ་དང་རྐྱེན་ངན་རྒུད་སྐྱོབ། སོ་ནམ་མཁས་པའི་ལྷན་ཚོགས་བསྡུས་ཏེ་འབྲས་སོགས་སྟོན་ཐོག་གི་ཐོན་འབབ་ཡར་རྒྱས་ཐད་སྙིགས་དོར་བཅུད་ལེན་གྱི་བྱེད་ཐབས་བཏོན་ཏེ། ཡུལ་དེའི་ནང་ཞིང་ལས་ཐོན་སྐྱེད་ཀྱི་ལས་འགུལ་ཐོག་མ་སྤེལ་ནས་གྲུབ་འབྲས་ཆེན་པོ་ཐོན། ལྷག་པར་དུ་མོ་རང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་སྐབས། བུད་མེད་རྣམས་ལ་སློབ་སྦྱོང་སྤྲོད་ཐབས་དང་བུད་མེད་ཀྱི་ཆབ་སྲིད་ཐོབ་ཐང་། ཁྱིམ་ཚང་གི་འཆར་གཞི་སོགས་ཀྱི་གནད་དོན་ཐད་དམིགས་བསལ་གྱིས་དོ་འཁུར་དང་སྒྱུར་བཅོས་བཏང་། གཞན་ཡང་ཁོ་མོ་ནི་ (All Ceylon Buddhist Women’s Association) བུད་མེད་ཀྱི་ཚོགས་པ་དང་སེ་ལོཎ་རྒྱལ་ཡོངས་ཀྱི་ཊི་བི་སྔོན་འགོག་གི་ཚོགས་པ་ (Ceylon National Association for the Prevention of Tuberculosis)། སྨན་ཞབས་བདེ་དོན་ཚོགས་པ་ (The Nurses Welfare Association) སོགས་ཀྱི་ཚོགས་མིའང་ཡིན་འདུག

ཕྱི་ལོ་ ༡༩༥༡ ལོར་ཁོང་མོས་བཟའ་ཟླ་ལ་རྒྱལ་ཁབ་མཉམ་འབྲེལ་སྲིད་དོན་ཚོགས་པ་ (United National Party) ནས་རྩ་དགོངས་ཞུས་ཏེ། སིང་གྷ་ལ་རང་དབང་གི་ཚོགས་པ་ (Sri Lanka Freedom Party)  འཛུགས་དགོས་པའི་སྐུལ་མ་བཏང་སྟེ་བཙུགས་པ་རེད། ཕྱི་ལོ་ ༡༩༥༢ ལོར་ཁོང་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་ཞུགས་ཏེ་སིང་གྷ་ལ་རང་དབང་གི་ཚོགས་པར་ཞབས་བཀྱག་ ༩ ལས་ཐོབ་མེད་ཀྱང་། སོ་ལོ་མོན་ (S.W.R.D) ལགས་མང་མོས་འོས་འདེམས་བརྒྱུད་ཁ་གཏད་ཚོགས་པའི་མགོ་ཁྲིད་དུ་བདམས། དེ་ནས་ཕྱི་ལོ་ ༡༩༥༦ ལོར་སོ་ལོ་མོན་གྱིས་ཆེད་དུ་ (Mahajana Eksath Peramuna) ཞེས་པའི་སྲིད་དོན་ཚོགས་པ་ཞིག་བཙུགས་ནས་འོས་བསྡུའི་ནང་ཞུགས་སྐབས། སི་རི་མཱ་ཡིས་ཁོང་གི་ཆེད་དུ་ (Attanagalla) དང་ (Banlangoda)། (Ratnapura) ལ་སོགས་པའི་ས་ཁུལ་ཁག་ཏུ་འོས་བསྡུའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ལས་འགུལ་སྣ་མང་སྤེལ། ཕྱིས་སུ་སྲིད་དོན་ཚོགས་པ་གསར་པ་དེར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་སོ་ལོ་མོན་སྲིད་བློན་ཆགས་པ་རེད།

ཕྱི་ལོ་ ༡༩༥༡ ལོར་ཁོང་མོའི་བཟའ་ཟླ་སོ་ལོ་མོན་ལགས་རྒྱལ་ཁབ་མཉམ་འབྲེལ་སྲིད་དོན་ཚོགས་པ (United National Party) ནས་རྩ་དགོངས་ཞུས་ཏེ་སིང་གྷ་ལའི་རང་དབང་གི་ཚོགས་པ་ (Sri Lanka Freedom Party) གསར་འཛུགས་དགོས་པའི་སྐུལ་མ་དྭང་དུ་བླངས་བ་དང་། ཕྱི་ལོ་ ༡༩༥༢ ལོར་གྲོས་ཚོགས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་ཀྱིས་རང་དབང་ཚོགས་པར་རྐུབ་སྟེགས་ ༩ མ་གཏོགས་ཐོབ་མེད་ཀྱང་སོ་ལོ་མོན་ (S.W.R.D) ལགས་མང་མོས་འོས་འདེམས་ཐོག་ཁ་གཏད་ཚོགས་པའི་མགོ་ཁྲིད་ཆགས་ཡོད་པ་རེད། དེ་ནས་ཕྱི་ལོ་ ༡༩༥༦ ལོར་སོ་ལོ་མོན་གྱིས་གོ་སྐབས་བཟུང་སྟེ་མཱ་ཧཱ་ཇཱ་ནཱ་ཨེག་སཱ་ཊི་པོ་རཱ་མུ་ནཱ་  (Mahajana Eksath Peramuna) ཞེས་པའི་ཚོགས་པ་བཙུགས་ནས་འོས་བསྡུའི་ནང་མཉམ་ཞུགས་བྱེད་སྐབས། སི་རི་མཱ་ཡིས་ཁོ་མོའི་བཟའ་ཟླའི་ཆེད་དུ་འོས་བསྡུའི་འདུས་ཚགས་ས་ཁུལ་ (Attanagalla) དང་ཁོ་མོའི་སྐྱེས་ཡུལ་ (Banlangoda)། དེ་བཞིན་ (Ratnapura) བཅས་ལ་འོས་བསྡུའི་དྲིལ་བསྒྲགས་བྱས་ཏེ་ལས་འགུལ་སྣ་མང་སྤེལ་བ་བརྒྱུད། མཱ་ཧཱ་ཇཱ་ནཱ་ཨེག་སཱ་ཊི་པི་རཱ་མུ་ནཱ་ (Mahajana Eksath Peramuna) ཟེར་བའི་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་སོ་ལོ་མོན་སྲིད་བློན་དུ་ཆེས་ཐོག་མར་འདེམས་ཐོན་བྱུང་།

 སྲིད་དོན་པའི་ཁྱིམ་ཚང་ཞིག་གི་དར་རྒུད།

ཁོང་བཟའ་ཟླ་གཉིས་ཀྱི་ཧུར་བརྩོན་ལ་གྲུབ་འབྲས་ཐོན་ཏེ་བཀྲ་ཤིས་ལེགས་འགྲུབ་ཀྱི་དུས་བཟང་དེ་དང་མཉམ་དུ་རྐྱེན་ངན་དུ་མ་ཞིག་གི་འགག་སྒོའང་རིམ་གྱིས་ཕྱེས། ཕྱི་ལོ་ ༡༩༥༧ ལོར་ཁོང་མོའི་པཱ་ལགས་ལ་ན་ཚ་ཚབས་ཆེན་ཕོག་ནས་སྙིང་ཁྲག་དགག་ (Heart Attack) སྟེ་འདས་གྲོངས་སུ་ཕྱིན་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༩ ཚེས་ ༢༥ ཉིན་སྲིད་བློན་ཁོང་གིས་བཞུགས་གནས་སུ་མི་མང་ལ་ཐུག་འཕྲད་གནང་སྐབས་གློ་བུར་དུ་ནང་པའི་བླ་མ་ (Talduwe Somarama Thero) ཟེར་བའི་གྲྭ་པ་ཞིག་གིས། ཁོང་གི་བྲང་དང་གྲོད་ཁོག་སོགས་སུ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བྱུང་བར་བརྟེན། དེ་མ་ཐག་རྒྱལ་ས་ཀོ་ལོམ་བྷོ་སྨན་ཁང་དུ་ (Colombo General Hospital) ཛ་དྲག་མྱུར་སྐྱོབ་བྱས་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་ཕྱིན། ཁོང་གི་གཞུང་འཛིན་ཚོགས་པའི་བཀའ་བློན་རྣམས་ལས་གནས་ནས་གནས་དབྱུང་བཏང་བ་དང་ཁག་ཅིག་འཛིན་བཟུང་བྱས་ཏེ་གློ་བུར་དུ་སྲིད་འགྱུར་ཆེན་པོ་བྱུང་།

སྲིད་བློན་སོ་ལོ་མོན་ལགས་ནི་ལྐོག་གསོད་ཐེབས་པའི་སིང་གྷ་ལའི་སྲིད་བློན་དང་པོ་དེ་ཆགས་ཡོད་འདུག དེའི་རྗེས་ནས་ཕྱི་ལོ་ ༡༩༥༩ ནས་ ༡༩༦༠ བར་ (Wijeyananda Dahanayake) ལགས་ཀྱིས་སྲིད་བློན་གྱི་ཐུགས་འགན་བཞེས། ཕྱིས་སུ་སྲིད་བློན་གྱི་འོས་བསྡུའི་ནང་བཞུགས་ཀྱང་རྒྱལ་ཁ་ཐོབ་མེད་པས། སྲིད་བློན་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༧ ཟླ་ ༥ ཚེས་ ༤ ཉིན་ནད་གཞི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག དེ་ནས་ཕྱི་ལོ་ ༡༩༦༠ ལོར་ (Dudley Shelton Senanayake) ལགས་ཀྱིས་སྲིད་བློན་གནང་མྱོང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༦༥ ལོར་སླར་ཡང་སྲིད་བློན་གྱི་ཕྱག་ལས་གནང་། ཁོང་ཕྱི་ལོ་ ༡༩༧༣ ཟླ་ ༤ ཚེས་ ༡༣ ཉིན་དགུང་གྲངས་ ༥༧ ཐོག་སྙིང་ནད་ཀྱིས་འདས་གྲོངས་སུ་ཕྱིན་འདུག

སྲིད་བློན་འོས་འགྲན་ནང་ཞུགས་པའི་ཡུག་མོ་ཞིག

སྲིད་བློན་སོ་ལོ་མོན་ལྐོག་གསོད་བྱས་རྗེས།  ཕྱི་ལོ་ ༡༩༦༠ ཟླ་ ༥ པའི་ནང་རང་དབང་སྲིད་དོན་ཚོགས་པའི་(Freedom Party) འཛིན་སྐྱོང་ཚོགས་ཆུང་གིས་སྤྱི་མོས་ཐོག་ལྩམ་སི་རི་མཱ་ལགས་ཚོགས་པ་དེའི་ཚོགས་གཙོར་འོས་འདེམས་བྱུང་། ལོ་དེའི་ཕྱི་ཟླ་ ༦ པའི་མགོ་སྟོད་ནས་ལྕམ་སི་རི་མཱ་ཡིས་འོས་བསྡུའི་ཆེད་དུ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཞིང་། མ་འོངས་པར་ཁོང་མོས་བཟའ་ཟླའི་སྲིད་ཇུས་དེ་དག་ལ་ཤུགས་གནོན་དང་མཐུན་རྐྱེན་སྦྱོར་སྤྲོད། སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་དང་། སིང་ཧ་ལ་དེ་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་བཟོ་རྒྱུའི་ཁྲིམས་གཞི་གཏན་འབེབ་གནང་རྒྱུ་སོགས་ཀྱི་གཏམ་བཤད་ཚོར་བ་ལྡན་པ་བྱས་ཏེ། བཟའ་ཟླ་འདས་པོའི་ལས་དོན་རྣམས་རྒྱུན་སྐྱོང་རྒྱུའི་དམ་བཅའ་བཞག་སྟེ་མི་མང་གི་མདུན་དུ་མིག་ཆུ་ཐེངས་མང་ཤོར་བརྟེན། ཁ་གཏད་ཀྱི་རྒྱལ་ཁབ་མཉམ་འབྲེལ་སྲིད་དོན་ཚོགས་པ་ (United National Party) ཡིས་ཁོང་མོར་ཆོ་ངེ་འདོན་པའི་ཡུག་མོ་(The Weeping Widow) ཞེས་འཕྱ་དམོད་བྱས།

ཕྱི་ལོ་ ༡༩༦༠ ཟླ་ ༧ ཚེས་ ༢༡ ཉིན་རང་དབང་སྲིད་དོན་ཚོགས་པ་ (Freedom Party)ལ་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ། ལྕམ་སི་རི་མཱ་ཝོ་བྷན་དྷ་རཱ་ནེག་ (Sirimavo Bandaranaike) མཆོག་འཛམ་གླིང་གི་སྲིད་བློན་བུད་མེད་ཐོག་མ་དེར་གྱུར་བ་མ་ཟད། ཁུལ་དེའི་ཕྱི་འབྲེལ་དང་བདེ་སྲུང་གི་བློན་ཆེན་གྱི་ཐུགས་འགན་མཉམ་དུ་འཁུར་བ་རེད། བུད་མེད་གཡུག་མོ་ཞིག་རྒྱལ་ཁབ་ཅིག་གི་སྲིད་བློན་དུ་གྱུར་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན། སྐབས་དེའི་ཁ་གཏད་སྲིད་དོན་ཚོགས་པ་ནི་ནུས་ཤུགས་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་ལ། ལྟ་སྤྱོད་རྙིང་པའི་རྫོང་མཐུག་རྐྱེན་ཕོ་མོ་དབྱེ་འབྱེད་ཀྱི་ཤན་ཤུགས་ཆེ་བ་སོགས་ཀྱིས་དཀའ་སྡུག་དང་འགོག་རྐྱེན་སྣ་མང་བྱུང་ཡང་ཁོང་མོས་ཆོད་སེམས་བརྟན་པོས་གདོང་ལེན་བྱས་ཏེ་གཏན་ནས་བློས་མ་བཏང་།

སིང་གྷ་ལའི་སྲིད་བློན་གྱི་ལས་འཁུར་ལེན་བཞིན་དུ་ལོ་དེའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ (Goonetilleke) ལགས་ཀྱིས། ལྕམ་སྐུ་སི་རི་མཱ་ལགས་སིང་གྷ་ལའི་གྲོས་ཚོགས་གོང་མའི་འཐུས་མིར་བསྐོ་གཞག་གནང་བ་མ་ཟད། ཁོང་མོས་ཕྱི་ལོ་ ༡༩༦༠ ནས་ ༡༩༦༥ དང་། ཕྱི་ལོ་ ༡༩༧༠ ནས་ ༡༩༧༧། ཕྱི་ལོ་ ༡༩༩༤ ནས་ ༢༠༠༠ བར་ཁྱོན་ལོ་ངོ་ ༡༨ རིང་སྲིད་བློན་གྱི་ལས་འཁུར་ཞུས་ཡོད་པ་དང་། ཁོང་མོས་སྲིད་བློན་གྱི་ལས་འཁུར་བླངས་པའི་ལས་ཡུན་དང་པོ་དེར་ཆབ་སྲིད་རྩོད་རྙོག་མང་པོ་བྱུང་ཡོད་ཀྱང་། ཁོང་མོས་རྒྱ་ནག་དང་རྒྱ་གར། ཨུ་རུ་སུ་སོགས་ལ་འབྲེལ་ལམ་ཡར་རྒྱས་བཏང་བ་དང་། ཨེ་ཛི་རལ་ (Israel) དང་འབྲེལ་ལམ་ཟབ་པ་ཐག་རིང་དུ་གཏོང་ཐབས་བྱས། དེ་བཞིན་དབྱིན་ཡུལ་ལ་ཚོང་འབྲེལ་ཤུགས་ཆེ་རུ་བཏང་། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་བར་གྱི་དམག་འཁྲུག་ (Sino-Indian War) བྱུང་རྗེས། ལྕམ་སི་རི་མཱ་ལགས་ཀྱིས་རྒྱལ་ཁབ་གཉིས་ཞི་འགྲིག་མཉམ་གནས་ཡོང་བར་སྐུལ་འདེད་ཆེན་པོ་བཏང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༡༡ དང་ ༡༢ ནང་ཀོ་ལོམ་བྷོ་ (Colombo) རུ་སྐུ་ཚབ་ཆེད་གཏོང་གིས། འབར་མ་དང་སིང་གྷ་ལ། དེ་བཞིན་ཁམ་བྷོ་ཌི་ཡ་ (Cambodia)། གྷ་ན་ (Ghana)། ཨ་རབ་སྤྱི་མཐུན་མཉམ་འབྲེལ་ (United Arab Republic) བཅས་ཀྱི་དཀའ་རྙོག་སེལ་སླད། ཀོ་ལོམ་བྷོ་རུ་རྒྱལ་ཁབ་ཀྱི་རྩོད་རྙོག་དང་འབྲེལ་བའི་ཚོགས་འདུ་འཚོགས་ཏེ། གྷ་ནའི་དྲང་བདེན་བློན་ཆེན་སྐུ་ཞབས་ཀོ་ཧྥི་ (Kofi Ofori-Atta) ལགས་དང་ལྷན་དུ་རྒྱ་གར་དང་སྔོན་གྱི་དུས་སུ་ (Peking) ཞེས་འབོད་པའི་རྒྱ་ནག་གི་རྒྱལ་ས་པེ་ཅིན་བཅས་ལ་འགྲུལ་བཞུད་གནང་སྟེ་ཞི་བདེ་ཡོང་ཐབས་ལ་འབད་བརྩོན་བྱས་ཡོད་འདུག

ཕྱི་ལོ་ ༡༩༦༥ ལོའི་སྲིད་བློན་འོས་བསྡུའི་ཁྲོད་ལྕམ་སི་རི་མཱ་ལགས་ལ་འོས་ཤོག་གཅིག་གིས་ཕམ་ཡོད་པ་མ་ཟད། ཁོང་མོར་ལྐོག་རྔན་བླངས་བའི་ནག་ཉེས་བཙུགས་པར་བརྟེན། གནད་དོན་དེའི་ཐད་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་རྟོག་ཞིབ་འདྲི་རྩད་བྱས་མཐར། ཁོང་མོར་ནག་ཉེས་གང་ཡང་མེད་པའི་གྲུབ་དོན་བཏོན་ཏེ་ལྐོག་རྔན་བླངས་བའི་ཉེས་འཛུགས་དེ་གཙང་སེལ་ཆགས།

The-Old-Parliament-Building-in-Colombo-where-the-House-of-Representatives-met-beginning-in-1947.

ཕྱི་ལོ་ ༡༩༦༩ ལོར་ཁོང་མོས་བསྐྱར་དུ་དྲིལ་བསྒྲགས་ཀྱི་ལས་དོན་མགོ་བརྩམས་ཤིང་། གཞུང་དང་ཚོང་པ་སོགས་ཀྱི་ལྐོག་ཟ་རུལ་སུང་བ་རྣམས་ལ་རྟོག་ཞིབ་ཀྱི་ཆེད་དུ་ཚོགས་པ་གསར་འཛུགས་བྱ་རྒྱུ་དང་། བཟོ་གྲྭ་ཁག་གི་ཚོང་ཟོག་ཕྱིར་འདྲེན་དང་ཕྱིའི་རྒྱལ་ཁབ་ཁག་ནས་དངོས་ཟོག་ནང་འདྲེན། དེ་བཞིན་ཕྱི་རྒྱལ་གྱི་སྒེར་གྱི་དངུལ་ཁང་དེ་གཞུང་ལ་བསྒྱུར་རྒྱུའི་ཁས་ལེན་གནང་། དེ་ལྟར་ཕྱི་ལོ་ ༡༩༧༠ ཟླ་ ༥ པའི་ནང་ཁོང་མོའི་རང་དབང་ཚོགས་པ་ (Freedom Party) ལ་མང་མོས་ཀྱི་འོས་ཤོག་ཐོབ་སྟེ་སྲིད་བློན་གྱི་ལས་ཡུན་གཉིས་པ་མགོ་བཙུགས། ཁོང་མོའི་སྲིད་གཞུང་གསར་པས་སྔོན་དབྱིན་གཞུང་བཙན་རྒྱལ་བས་གཏན་འབེབ་བྱས་པའི་གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས་དེ་མུ་མཐུད་ལག་བསྟར་མ་དགོས་པ་ཞིག་ཡོང་ཆེད།  རྩ་ཁྲིམས་བསྐྱར་བཟོ་བྱས་ཏེ་སིང་གྷ་ལ་རང་གིས་བཟོས་ཤིང་སོ་སོའི་ཡུལ་ལུང་གི་ཕན་དགེ་གཙོ་བོར་འཛིན་པའི་སྲིད་འཛིན་ལམ་ལུགས་ཀྱི་རྩ་ཁྲིམས་ཤིག་གཏན་འབེབ་ལག་བསྟར་བྱུང་། ཕྱི་ལོ་ ༡༩༧༢ ཟླ་ ༥ པའི་ནང་གྲོས་ཚོགས་གོང་མ་ (Senate) མེད་པར་བཟོས་ཏེ་རྒྱལ་ཡོངས་གྲོས་ཚོགས་ (National State Assembly)གསར་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་མིང་སི་ལོན་ (Ceylon) ཞེས་པ་དེ་སིང་གྷ་ལ་སྤྱི་མཐུན་རྒྱལ་ཁབ་ (Republic of Sri Lanka) ཞེས་པར་བསྒྱུར་ཏེ། སྲིད་བློན་གྱི་ལས་ཡུན་ལོ་ལྔ་དེའི་ཐོག་ལོ་གཉིས་འཕར་སྣོན་བྱས་ཏེ་ལོ་བདུན་དུ་བཟོས། དེ་བཞིན་རྩ་ཁྲིམས་གསར་པའི་ནང་དུ་སིང་ཧ་ལའི་སྐད་ཡིག་ (Sinhala) དེ་གཞུང་འབྲེལ་གྱི་སྐད་ཡིག་ཏུ་ངོས་ལེན་བྱས། ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་རྩ་ཁྲིམས་ནང་གོ་བབ་མཐོ་ཤོས་སུ་ལ་ངོས་འཛིན་བྱས་ཡོད་རུང་། ནང་ཆོས་དང་ཡེ་ཤུ། ཧིན་དུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་ (Islam) བཅས་ཆོས་ལུགས་ཚང་མར་གཅིག་མཚུངས་ཀྱི་སྲུང་སྐྱོབ་ཡོད་པ་སོགས་གསལ་ཡོད་འདུག

Bandaranaike with Soviet Union Prime Minister Alexei Kosygin, Senior Advisor (Foreign Affairs) to the Prime Minister Tissa Wijeyeratne and Anura Bandaranaike.

ཕྱི་ལོ་ ༡༩༧༥ ལོར་རྒྱལ་སྤྱིའི་བུད་མེད་ཀྱི་ལོར་ངོས་འཛིན་བྱས་ཏེ། སྲིད་བློན་ཁོང་གིས་བུད་མེད་ཀྱི་དཀའ་རྙོག་སེལ་ཐབས་སུ་ངོ་ཚབ་ཁང་ (Agency) བཙུགས་པ་དང་། ཕྱིས་སུ་དེ་ལ་བུད་མེད་དང་བྱིས་པའི་ལས་དོན་ལྷན་ཁང་ (Ministry of Women and Child Affairs) དུ་བསྒྱུར། ཁོང་མོའི་ལས་ཡུན་ནང་ཐོག་མར་ཚོགས་དྲུང་ཕྱག་ལས་གནང་མྱོང་མཁན་ (Siva Obeyesekere) འཕྲོད་བསྟེན་དྲུང་ཆེར་བསྐོས་པ་དང་། ཕྱིས་སུ་འཕྲོད་བསྟེན་བློན་ཆེན་དུ་བསྐོ་བཞག་བྱུང་། དེ་བཞིན་འཕྲོད་བསྟེན་ལྷན་ཁང་གི་ལས་བྱེད་ཚང་མར་སྨན་གྱི་སློབ་སྦྱོང་ཐོན་དགོས་པ་དང་། གཞུང་གི་ལས་བྱེད་རྣམས་ལས་རྩོལ་ལྷན་ཚོགས་ནང་ཞུགས་ཆོག་པའི་སྒྲིག་གཞི་སོགས་བཟོས།

ཕྱི་ལོ་ ༡༩༨༠ ལོར་ཕྱི་ལོ་ ༡༩༧༨ ནས་ ༡༩༨༩ བར་གྱི་སྲིད་སྐྱོང་ཇཱ་ཡཱ་ཝར་ཌིན(J. R. Jayawardene) གྱིས། ལྕམ་སི་རི་མཱ་ལགས་ཀྱིས་སྲིད་བློན་གྱི་དབང་ཆ་བེད་ལོག་བཏང་བའི་ཉེས་འཛུགས་བྱས་ཏེ། དམིགས་བསལ་སྲིད་འཛིན་ལྷན་ཚོགས (Special Presidential Commission) ཆེད་འཛུགས་ཀྱིས་རྟོག་ཞིབ་བྱས་པ་མ་ཟད།  ཕྱི་ལོ་ ༡༩༨༠ ཟླ་ ༡༠ ཚེས་ ༡༦ ཉིན་ཁ་གཏད་སྲིད་དོན་ཚོགས་པ་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པས (United National Party) གྲོས་ཚོགས་སུ་གྲོས་གཞི་བཏོན་ཏེ། སྲིད་བློན་དང་ཁོང་མོའི་ཚ་བོ་ (Felix Dias Bandaranaike) གཉིས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་ ༡༣༩ དང་དགག་པ་རྒྱག་མཁན་གྲངས་ ༡༨ བྱུང་སྟེ། ལྕམ་སི་རི་མཱ་ལགས་གྲོས་ཚོགས་ནང་ཕྱིར་འབུད་བཏང་བ་དང་། སྐབས་དེར་ཁོང་མོ་རང་དབང་སྲིད་དོན་ཚོགས་པའི་ (Freedom Party) མགོ་ཁྲིད་ཡིན་ཡང་གྲོས་ཚོགས་ནང་ལས་དོན་སྒྲུབ་ཐུབ་ཀྱི་མེད་པར་བརྟེན། ཁོང་མོའི་བུ་ཨེ་ནུ་རཱ་ (Anura) ལགས་ཀྱིས་གྲོས་ཚོགས་ནང་རང་དབང་ཚོགས་པའི་མགོ་ཁྲིད་ཀྱི་ལས་འཁུར་བླངས་ཡོད་པ་རེད།

སིང་གྷ་ལའི་ནང་འཁྲུག་དང་བར་འདུམ་གྱི་འགལ་རྐྱེན།

Sri Lankan troops inspecting weapons and dead bodies of Tamil Tiger rebels. Photograph: AFP/Getty Images

ཕྱི་ལོ་ ༡༩༨༠ ནས་གཞུང་དང་ཁ་བྲལ་རིང་ལུགས་པ་གཉིས་ཀྱི་དབར་ལ་འགྲན་རྩོད་ཤུགས་ཆེན་པོ་ཆགས་པའི་རྐྱེན་གྱིས་ཏ་མིལ་སྟག་རྒོད་ཚོགས་པ་ (Tamil Tigers) དང་ (People’s Liberation Organisation of Tamil Eelam)། (Tamil Eelam Liberation Army)། (Tamil Eelam Liberation Organization) ལ་སོགས་པའི་ཚོགས་པ་དེ་དག་དྲག་པོའི་ལས་ལ་ཞུགས་ཏེ། ཕྱི་ལོ་ ༡༩༨༡ ལོར་ས་གནས་ཀྱི་འོས་བསྡུའི་སྐབས་སུ་ཏ་མིལ་ཚོགས་པ་ཁག་གིས་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པ་ (United National Party) ཡི་ཆབ་སྲིད་པ་ཨ་རུ་མུ་གྷམ་ (Arumugam Thiagarajah) བསད་པ་མ་ཟད། ༡༩༨༢ ལོར་ཏ་མིལ་འཐབ་ཕྱོགས་གཅིག་གྱུར་སྲིད་དོན་ཚོགས་པ་ (Tamil United Liberation Front Party) ཡིས་སྲིད་འཛིན་གྱི་འོས་བསྡུ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཞིང་། ཕྱི་ལོ་ ༡༩༨༣ ལོར་ཏ་མིལ་ངོ་རྒོལ་བས་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་དམག་མི་ ༡༣ བསད། སྲིད་སྐྱོང་ (Jayewardene) ལགས་ཀྱིས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་དོ་སྣང་ཤུགས་ཆེ་བྱས་པར་བརྟེན། བྱང་ཕྱོགས་ཀྱི་ཏ་མིལ་གྱི་ཞིང་པ་རྣམས་ཀྱི་ཚོང་འབྲེལ་ལ་སྲུང་སྐྱོབ་མེད་པར་ཆགས་པས་ཁོང་ཚོར་སྐྱོན་ཆག་བྱུང་འདུག་ལ། སྲིད་ཇུས་འདིས་ལྷོ་ཁུལ་གྱི་སིང་གྷ་ལའི་ཚོང་པ་རྣམས་ལའང་རྒྱ་གར་གྱི་ཁྲོམ་ར་རུ་དཀའ་ངལ་འཕྲད་ཅིང་གྲོང་ཁྱེར་གྱི་དབུལ་པོ་རྣམས་ལའང་ཟ་བཏུང་དཀོན་པར་གྱུར་བ་ལ་སོགས་པའི་དཀའ་ངལ་འཕྲད་འདུག གཞུང་གིས་དཔལ་འབྱོར་གོང་འཕེལ་གྱི་ཆེད་དུ་དཔལ་འབྱོར་ཤུགས་ཆེར་བེད་སྤྱོད་པའི་རྐྱེན་གྱིས་མི་མང་དང་དངུལ་ཁང་ལ་སོགས་པར་དངུལ་ཉུང་བའི་དཀའ་ངལ་ཤུགས་ཆེན་པོ་འཕྲད་འདུག དེ་ལྟར་ཕྱི་ལོ་ ༡༩༨༢ ནས་རྒྱལ་ཁབ་ཀྱི་དབུལ་ཕྱུག་གཉིས་ཀྱི་དབར་ལ་ཧེ་བག་ཆེན་པོ་ཆགས་འདུག ཕྱི་ལོ་ ༡༩༨༦ ཟླ་ ༡ ནང་སྲིད་འཛིན་ཇཱ་ཡེ་ཝར་ཌིན་ (Jayewardene) ལགས་ཀྱིས་ལྕམ་སི་རི་མཱ་ལགས་ལ་སྤྱི་དམངས་ཀྱི་ཐོབ་ཐང་བསྐྱར་གསོ་དགོས་སྐོར་བཀའ་ཁྱབ་བཏང་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ནས་གཞུང་དང་ངོ་རྒོལ་བའི་དབར་གྱི་རྩོད་རྙོག་མང་དུ་ཕྱིན་ཏེ་ཕྱི་ལོ་ ༡༩༨༧ ལོར་མི་མང་ནང་འཁྲུག་བྱུང་བར་བརྟེན།   སྲིད་འཛིན་གྱིས་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ (Rajiv Gandhi) དང་ (Indo-Sri Lanka Accord) གྲོས་ཆོད་བཞག་སྟེ། རྒྱ་གར་གྱིས་སིང་གྷ་ལའི་ནང་འཁྲུག་བར་འདུམ་དགོས་པའི་རེ་སྐུལ་བྱས་པ་བརྒྱུད། རྒྱ་གར་གྱི་ཞི་བདེ་སྲུང་སྐྱོབ་དམག (Indian Peace Keeping Force) གིས་སིང་གྷ་ལའི་ནང་འགུལ་སྐྱོད་སྤེལ་ཆོག་པའི་བཀའ་འཁྲོལ་སྤྲད་ཡོད་ཀྱང་། ལྕམ་སི་རི་མཱ་དང་རང་དབང་སྲིད་དོན་ཚོགས་པས་ (Freedom Party) རྒྱ་གར་གྱི་དཔུང་དམག་སིང་གྷ་ལའི་ནང་འཛུལ་བའི་གནས་ཚུལ་དེར་དགག་པ་བརྒྱབ་པ་མ་ཟད། གཞུང་གིས་སོ་སོའི་མི་མང་བློས་གཏོང་གི་ཡོད་པ་དང་རྒྱ་གར་གྱིས་ཏ་མིལ་བའི་ཚབ་བྱས་ཏེ་བར་འདུམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས།

གནས་སྟངས་ཛ་དྲག་དེ་འདྲ་ཞིག་གི་སྐབས་སུ།  ལྕམ་སི་རི་མཱ་ལགས་ཀྱིས་ཕྱི་ལོ་ ༡༩༨༨ ལོའི་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་རྒྱུའི་ཐག་གཅོད་བྱས་ཏེ་འོས་བསྡུའི་ནང་ཞུགས་སྐབས། ཁོ་མོར་འོས་གྲངས་བརྒྱ་ཆ་ ༤༤།༩༥ དང་འོས་འགྲན་པ་རཱ་ནཱ་སིང་ (Ranasinghe Premadasa) ལ་འོས་གྲངས་བརྒྱ་ཆ་ ༥༠།༤༣ བྱུང་བས་ཁོང་མོ་ཕམ་ཡོད་པ་རེད། འོན་ཀྱང་། ཁོང་མོས་མུ་མཐུད་རང་དབང་ཚོགས་པའི་མགོ་ཁྲིད་པ་དང་ཁོང་མོའི་བུ་ཨ་ནུ་ར་ (Anura) ལགས་ཀྱིས་ཀྱང་ཁོང་མོར་རོགས་རམ་དང་རྒྱབ་སྐྱོར་བྱས་འདུག  རིམ་པས་སི་རི་མཱ་ལགས་ཀྱི་གཟུགས་གཞི་བདེ་པོ་མེད་པའི་རྐྱེན་གྱིས་རང་དབང་ཚོགས་པའི་མགོ་འཁྲིད་ནས་ཀྱང་དགོངས་པ་ཞུས་ཏེ་ཁོང་མོའི་བུ་མོ་ཀུ་མ་ར་ཊུང་གྷ་ (Kumaratunga) ལགས་ཀྱིས་འགན་འཁུར་ཡོད་འདུག

མ་སྨད་གཉིས་ཀྱིས་བསྐྱངས་བའི་སིང་གྷ་ལའི་སྲིད་དབང་།

Sirimavo Bandaranaike with her daughter Chandrika Kumaratunga.

བུ་མོ་ཀུ་མ་ར་ཊུང་གྷ་ནི་ཡུལ་དེའི་གཞོན་སྐྱེས་སྲིད་དོན་པའི་ཁྲོད་ཀྱི་སྐར་ཆེན་ལྟ་བུ་ཞིག་ཏུ་གྱུར་ཞིང་། ཕྱི་ལོ་ ༡༩༩༣ ལོར་ཁོང་མོས་ཚོགས་པ་གཞན་དང་མཉམ་སྡེབ་ཀྱིས་ཐུན་མོང་གི་སྲིད་དོན་ཚོགས་པ་ (People’s Alliance) ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ། སིང་གྷ་ལའི་ནུབ་ཕྱོགས་ཁུལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་འོས་བསྡུའི་ནང་ཞུགས་ཏེ་རྒྱལ་ཁ་ཐོབ། ཡང་ཕྱི་ལོ་ ༡༩༩༤ ལོར་ཁོང་མོ་གྲོས་ཚོགས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པར་བརྟེན། ལྕམ་སི་རི་མཱ་ལགས་ཀྱིས་མ་འོངས་པར་ཁོང་མོའི་བུ་མོ་ཀུ་མ་ར་ཊུང་གྷ་སྲིད་བློན་དུ་ཆགས་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་དང་། ཀུ་མ་ར་ཊུང་གྷ་མོ་རང་གི་ཨ་མ་ལགས་ཀྱི་རང་དབང་སྲིད་དོན་ཚོགས་པ་ (Freedom Party) ཡི་མགོ་ཁྲིད་དུའང་གྱུར་བ་རེད། སྐབས་དེར་ཁོང་མོའི་ཨ་མ་ལྕམ་སི་རི་མཱ་ལ་གྲུམ་ནད་ཕོག་པས་འཕྲོད་བསྟེན་ཇེ་སྡུག་ཏུ་ཕྱིན་པ་གཤག་བཅོས་བྱས་ཡོད་ཀྱང་། རྐང་པའི་ནད་གཞི་རྐྱེན་གྱིས་འཁོར་ལྡན་རྐུབ་བཀྱག་ཐོག་བསྡད་དེ་འགྲོ་སྐྱོད་དགོས་པའི་ཁར། གཅིན་སྙི་ཡི་ན་ཚ་ཡོད་པས་འཕྲོད་བསྟེན་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

༡༩༩༤ ལོར་ཀུ་མ་ར་ཊུང་གྷ་ཡུལ་དེའི་སྲིད་འཛིན་འོས་བསྡུའི་ནང་ཞུགས་ཏེ་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེར་སྤེལ་ཡོད་པ་དང་། ཚོད་དཔག་བྱེད་མཁན་མང་པོ་ཞིག་གིས་ཁོང་མོར་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་པའི་ངོས་འཛིན་ཤུགས་ཆེན་པོ་ཐོབ། ཡིན་ནའང་། ཡུལ་དེའི་མི་མང་དང་དོ་བདག་ལ་མཚོན་ན་སྟབས་མ་ལེགས་པ་ཞིག་དང་། ཁ་གཏད་སྲིད་དོན་ཚོགས་པར་མཚོན་ན་སྟབས་ལེགས་པ་ཞིག་ལ་སྲིད་འཛིན་འོས་བསྡུའི་ཁ་གཏད་འོས་མི་གྷ་མི་ནི་(Gamini Dissanayake) འོས་བསྡུ་མགོ་འཛུགས་ཀྱི་བདུན་ཕྲག་གཉིས་གོང་དུ་བུད་མེད་ཅིག་གིས་རང་ཤི་ལྐོག་གསོད་བཏང་ཡོད་འདུག  གྷ་མི་ནི་ལྐོག་གསོད་བཏང་བར་བརྟེན་ལྕམ་ཀུ་མ་ར་ཊུང་གྷ་ལགས་སིང་གྷ་ལའི་བུད་མེད་སྲིད་འཛིན་ཐོག་མ་དེར་གྱུར་ཡོད་པ་དང་། ཁོང་མོས་ཐད་བསྐོས་ཀྱི་ཐོག་ནས་འཁོར་ལྡན་རྐུབ་བཀྱག་སྟེང་གི་ཨ་མ་སི་རི་མཱ་ལགས་སྲིད་བློན་དུ་བསྐོ་གཞག་གནང་ཞིང་། ལྕམ་སི་རི་མཱ་ཡིས་རྩ་ཁྲིམས་གཞིར་བཟུང་རྒྱལ་ཁབ་སྲུང་སྐྱོབ་དང་ཕྱི་སྲིད་ཐད་འགན་འཁུར་བླངས།

རིམ་པས་སྲིད་འཛིན་ལྕམ་ཀུ་མ་ར་ཊུང་གྷ་ལགས་དང་སྲིད་བློན་ལྕམ་སི་རི་མཱ་ལགས་མ་སྨད་གཉིས་ཀྱིས་སྲིད་དབང་སྐྱོང་སྟངས་ཐད་ཁྱད་པར་ཤོར་བ་དང་། ཨ་མ་ལགས་ཀྱི་འཕྲོད་བསྟེན་ཇེ་སྡུག་ཏུ་ཕྱིན་པར་བརྟེན། ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༨ པའི་ནང་སྲིད་བློན་ནས་རྩ་དགོངས་ཞུ་དགོས་བྱུང་། ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་འཛམ་གླིང་གི་སྲིད་བློན་བུད་མེད་ཐོག་མ་ལྕམ་སི་རི་མཱ་ལགས་ཡུལ་དེའི་རྒྱལ་ས་ཀོ་ལོམ་བྷོ་ (Colombo) གྲོང་ཁྱེར་དུ་སྙིང་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།

མཆན། 1

  1. མང་ཐོས།  says:
    ལོ་ 3 སྔོན།

    ཡག་པོ་བྱུང་སོང་། མུ་མཐུད་འདིའི་རིགས་མང་ཙམ་སྤེལ་རོགས། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese