སྐབས་བཅུ་དྲུག་པའི་བཀའ་ཤག་གིས་གྲོས་ཚོགས་དང་མང་ཚོགས་ལ་འགན་འཁུར་བའི་ཐོག་ནས་ཕྱི་གསལ་ནང་གསལ་ཡོང་སླད་འདས་པའི་ལོ་ངོ་ ༢༠ རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་སྐོར་གྱི་སྙན་ཐོ་ཞིག་གྲོས་ཚོགས་ལ་སྙན་སྒྲོན་ཞུས་སོང་།
དེ་རིང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༣ པའི་ལས་ཉིན་ ༤ པའི་ཉིན་རྒྱབ་ཚོགས་ཐུན་སྟེང་། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༡ ནས་ ༢༠༢༡ བར་གྱི་འདས་པའི་ལོ་ངོ་ ༢༠ རིང་གི་མ་དངུལ་གྱི་གནས་བབ་སྐོར་གྱི་སྙན་ཐོ་ཞིག་གྲོས་ཚོགས་ལ་སྙན་སྒྲོན་ཞུས་སོང་།
སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་དེ་སྔོན་རྩིས་མ་དངུལ་དང་། གཏན་འཇགས་མ་དངུལ། ཟུར་བཀོལ་སྤྱིར་བཏང་མ་དངུལ་བཅས་གསུམ་དུ་ཕྱེས་ཡོད་པའི་ཁྲོད་ནས། མ་དངུལ་སྙན་ཐོའི་ནང་རྩིས་ལོ་ ༢༠༠༡ ནས་ ༢༠༢༡ བར་གྱི་རྩིས་ལོ་རེའི་སྔོན་རྩིས་མ་དངུལ་ཞིབ་འགོད་བྱས་ཡོད་ནའང་། ལོ་བཅུ་རེའི་སྔོན་རྩིས་མ་དངུལ་དང་འཕར་འབབ་ལ་གཞིགས་ན། རྩིས་ལོ་ ༢༠༠༠ ནས་ ༢༠༠༡ བར་གྱི་སྔོན་རྩིས་མ་དངུལ་དེ་ཧིན་སྒོར་ས་ཡ་ ༢༩།༤༢ ཡིན་པ་དང་། རྩིས་ལོ་ ༢༠༡༠ ནས་ ༢༠༡༡ བར་གྱི་སྔོན་རྩིས་མ་དངུལ་དེ་ཧིན་སྒོར་ས་ཡ་ ༢༦༩།༠༧ ལྷག་ཡིན་ཞིང་། ལོ་བཅུ་དེའི་ནང་སྔོན་རྩིས་མ་དངུལ་ལ་ཧིན་སྒོར་ས་ཡ་ ༢༣༩།༦༥ འཕར་ཏེ་འཕར་འབབ་བརྒྱ་ཆ་ ༨༡༤།༧༢ ཆགས་ཡོད་འདུག དེ་བཞིན་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་སྔོན་རྩིས་ཧིན་སྒོར་ས་ཡ་ ༡༨༦༥།༩༧ བྱུང་བ་དེ་རྩིས་ལོ་ ༢༠༡༠ ནས་ ༢༠༡༡ དང་བསྡུར་ན་ཧིན་སྒོར་ས་ཡ་ ༡༥༩༦།༩ ལྷག་གིས་འཕར་ཡོད་ཅིང་། བརྒྱ་ཆར་བསྐོར་ན་ ༥༩༣།༥ ཡིས་འཕར་ཡོད་འདུག
འདས་པའི་ལོ་ ༢༠ རིང་བོད་མིའིི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་འཕར་དགོས་དོན་སྐོར་ནས་སྙན་ཐོའི་ནང་། ཕྱི་ནང་གི་རོགས་དངུལ་དང་ཡོང་འབབ་མང་དུ་ཕྱིན་པའི་ཐོག་ལ་དངུལ་གྱི་ཡུལ་ཐང་འཕར་ནས་དངུལ་གྱི་རིན་ཐང་ཆུང་དུ་འགྲོ་བཞིན་ཡོད་པ་དང་། རྩིས་ལོ་ ༢༠༠༩ དང་ ༢༠༡༠ ལོ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ཟུར་བཀོལ་སྤྱིར་བཏང་མ་དངུལ་ཡོད་པའི་དབུས་སའི་ལས་ཁུངས་ཁག་གིས་སོ་སོའི་གནས་བབ་ལ་བསྟུན་ནས་རྒྱུན་གྲོན་ནས་འགྲོ་སོང་གཏོང་དུ་བཅུག་ཡོད་པ་དང་། ལོ་ལྟར་རྒྱུན་གྲོན་དང་དམིགས་བསལ་ཁོངས་བཀའ་འཁྲོལ་ཐོབ་པའི་མ་དངུལ་རྣམས་བསྲི་ཚགས་སམ་དངོས་སུ་བེད་སྤྱོད་བཏང་མ་ཐུབ་པའི་རྐྱེན་གྱིས་སྔོན་རྩིས་འཕར་རྐྱེན་དུ་སོང་ཡོད་སྐོར། འདས་པའི་ལོ་ ༢༠ ནང་སྔོན་རྩིས་བཀའ་འཁྲོལ་ཐོབ་པའི་ནང་ནས་དངོས་སུ་འགྲོ་གྲོན་སོང་བ་འཐེན་ཚེ། ཧིན་སྒོར་ས་ཡ་ ༢༢༠༢།༧༠ བེད་སྤྱོད་བཏང་ཐུབ་མེད་པ་བཅས་ཀྱི་རྐྱེན་པས་སྔོན་རྩིས་ལ་འཕར་ཆ་བྱུང་ཡོད་སྐོར་གསལ་བཤད་གནང་སོང་།
དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་གིས། འདས་པའི་ལོ་ངོ་ ༢༠ རིང་གི་གཏན་འཇགས་མ་དངུལ་གྱི་གནས་བབ་སྐོར་སྙན་སྒྲོན་ཞུས་དོན། རྩིས་ལོ་ ༢༠༠༠ ནས་ ༢༠༠༡ བར་གྱི་གཏན་འཇགས་མ་དངུལ་དེ་ཧིན་སྒོར་ས་ཡ་ ༣༦།༦༥ ཡིན་ཞིང་། རྩིས་ལོ་ ༢༠༡༠ ནས་ ༢༠༡༡ བར་ཧིན་སྒོར་ས་ཡ་ ༡༧༨།༣༤ བྱུང་བ་དེ་འདས་ལོ་བཅུ་དང་བསྡུར་ན་ཧིན་སྒོར་ས་ཡ་ ༡༤༡།༦༩ ཡིས་འཕར་ཆ་བྱུང་ཡོད་ཅིང་། འཕར་འབབ་བརྒྱ་ཆ་ ༣༨༦།༦༠ བྱུང་འདུག དེ་བཞིན་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་གཏན་འཇགས་མ་དངུལ་དེ་ཧིན་སྒོར་ས་ཡ་ ༣༠༡།༩༨ དང་འཕར་འབབ་སྒོར་ས་ཡ་ ༡༢༣།༦༤ ཡིན་ཞིང་བརྒྱ་ཆ་ ༦༩།༣༣ གྱིས་འཕར་ཡོད་འདུག
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དབུས་སའི་ཟུར་བཀོལ་རྩིས་ཁོངས་སུ་ཡོད་པའི་ལོ་མང་རིང་ལས་འཆར་ཁག་གི་དངུལ་ལྷག་དང་དེའི་སྐྱེད་འབབ། འཛིན་སྐྱོང་བརྒྱ་ཆ་དང་ཞལ་འདེབས། གཞན་ཙག་ཙིག་བཅས་ནས་གསོག་འཇོག་བྱས་པའི་ཟུར་བཀོལ་སྤྱིར་བཏང་མ་དངུལ་གྱི་གནས་བབ་སྐོར་ནས། རྩིས་ལོ་ ༢༠༠༠ ནས་ ༢༠༠༡ བར་བོད་མིའི་སྒྲིག་འཛུགས་ཀྱི་ཟུར་བཀོལ་སྤྱིར་བཏང་མ་དངུལ་དེ་ཧིན་སྒོར་ས་ཡ་ ༢༨༦།༦༩ ཡིན་འདུག་ལ། རྩིས་ལོ་ ༢༠༡༠ ནས་ ༢༠༡༡ བར་ཧིན་སྒོར་ས་ཡ་ ༢༣༠།༢༤ ཡིས་འཕར་ཆ་བྱུང་སྟེ། ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༥༡༦།༩༣ བྱུང་འདུག་ལ། དེ་བཞིན་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་ཟུར་བཀོལ་སྤྱིར་བཏང་མ་དངུལ་དེ་ཧིན་སྒོར་ས་ཡ་ ༡༥༣༢།༢༡ བྱུང་བ་དེ། འདས་པའི་ལོ་བཅུ་དང་བསྡུར་ན་ཧིན་སྒོར་ས་ཡ་ ༡༠༡༥།༢༨ ཀྱིས་འཕར་ཆ་བྱུང་ཡོད་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་ཟུར་བཀོལ་སྤྱིར་བཏང་མ་དངུལ་ཁྲོད་ནས། ཆོས་རིག་ལས་ཁུངས་ལ་མ་དངུལ་ཧིན་སྒོར་ས་ཡ་ ༧༢།༦༠ དང་། འཕྲོད་བསྟེན་ལས་ཁུངས་ལ་ཧིན་སྒོར་ས་ཡ་ ༥༧།༦༥ དེ་བཞིན་ནང་སྲིད་ལས་ཁུངས་ལ་ཧིན་་སྒོར་ས་ཡ་ ༢༠༧།༡༨ དང་། དབུས་ཕྱི་དྲིལ་ལས་ཁུངས་ལ་ས་ཡ་ ༩།༦༢ ལས་མེད་ནའང་། ལས་ཁུངས་དེའི་ཁྱབ་ཁོངས་དོན་གཅོད་ལས་ཁུངས་ཁག་གི་ཕྱོགས་བསྡོམས་ཟུར་བཀོལ་སྤྱིར་བཏང་མ་དངུལ་ས་ཡ་ ༣༡༤།༨༩ ཡོད་འདུག དེ་བཞིན་དབུས་སྣེ་ལེན་ཁང་དང་ཡན་ལན་ཁག་ལ་ཟུར་བཀོལ་སྤྱིར་བཏང་མ་དངུལ་ཧིན་སྒོར་འབུམ་ ༣ དང་ཁྲི་ ༥ ལས་མེད་ཅིང་། ཤེས་རིག་ལས་ཁུངས་ཀྱི་ཟུར་བཀོལ་མ་དངུལ་རྫོགས་ཏེ་བཀར་འཇུག་ (Reserve Fund) ཧིན་སྒོར་ས་ཡ་ ༧།༤༨ དང་། ཕྱིར་སློག་མི་དགོས་པའི་རོགས་དངུལ་གཏོང་བསྡད་(Fund Pending Utilization) ཧིན་སྒོར་ས་ཡ་ ༡༥༩།༣༩ བཅས་ནས་འགྲོ་གྲོན་ཧིན་སྒོར་ས་ཡ་ ༡༣༣།༠༩ བཏང་ཡོད་འདུག འོན་ཀྱང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སམ་བྷོ་ཊའི་ཟུར་བཀོལ་མ་དངུལ་རིམ་འཕར་གྱིས་ད་ལྟའི་ཆར་ཧིན་སྒོར་ས་ཡ་ ༢༠༩།༨༦ ཆགས་ཡོད་སྐོར་སྙན་སྒྲོན་ཞུས་སོང་།
དཔལ་འབྱོར་བཀའ་བློན་མཆོག་གིས་ད་ལན་འཛིན་སྐྱོང་བཀའ་ཤག་ངོས་ནས་མ་དངུལ་གནས་བབ་ཀྱི་སྙན་ཐོ་བཏོན་པའི་དགོས་དམིགས་དེ། བོད་མི་རྣམས་ཀྱིས་རང་གི་ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་ཙམ་མ་ཡིན་པར། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་ཤེས་རྟོགས་བྱུང་བ་ཡིན་ན། སོ་སོས་སྒྲིག་འཛུགས་ནས་རོགས་རམ་ཇི་ཙམ་ཞུ་དགོས་མིན་དང་། སྒྲིག་འཛུགས་ལ་ཞབས་འདེགས་ཇི་འདྲ་བྱ་དགོས་མིན་གྱི་བསམ་བློ་གཏོང་ཕྱོགས་ལ་ཁྱད་པར་འགྲོ་ངེས་ཡིན་པ་དང་། འཛིན་སྐྱོང་ངོས་ནས་གྲོས་ཚོགས་དང་མང་ཚོགས་ལ་འགན་འཁུར་བའི་ཐོག་ནས་ཕྱི་གསལ་ནང་གསལ་ཡོང་བར་ཕན་རླབས་ཡོང་ངེས་ཡིན་སྐོར་དང་། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་ལོ་ ༢ རེའི་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་ཀྱི་སྙན་ཐོ་འདོན་རྒྱུའི་ཐག་གཅོད་བླངས་ཡོད་སྐོར་གསུངས་སོང་ལ། དེ་སྔ་བཀའ་ཤག་སྐབས་ ༡༢ པས་མ་དངུལ་གནས་བབ་ཀྱི་སྙན་ཐོ་ཐེངས་ ༥ བཏོན་པ་ལས། དེའི་སྔ་རྗེས་སུ་སྙན་ཐོ་འདིའི་རིགས་འདོན་སྤེལ་བྱས་མེད་པ་དང་། ད་ཐེངས་ཀྱི་སྙན་ཐོ་འདི་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་སྐོར་ལ་ཡིན་པ་ལས། དཔལ་འབྱོར་གྱི་གནས་བབ་སྐོར་གྱི་སྙན་ཐོ་ཞིག་མིན་སྐོར་གསུངས་སོང་། འདས་པའི་ལོ་ངོ་ ༢༠ རིང་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཁྱོན་ཡོངས་ནས་བོད་མི་རང་གི་དཔྱ་དངུལ་དང་གཞན་བསྡུ་དངུལ་འབུལ་འབབ་ཆ་སྙོམས་ཀྱི་བརྒྱ་ཆ་ ༨།༨༡ མ་གཏོགས་ལོན་གྱི་མེད་ཅིང་། དུས་ད་ལྟ་ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་གྱི་བརྒྱ་ཆ་ ༩༡།༡༩ ཙམ་གྱི་ཡོང་འབབ་དག་ཕྱི་ནང་གི་གཞུང་ལ་བརྟེན་ཡོད་པ་རེད་འདུག
གསར་འགོད་པ། དཔལ་ལྡན་དང་པ་སངས་ཚེ་རིང་།
༄། དཔལ་ལྡན་མི་རྗེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་བཀའ་ཤག་ལྷན་རྒྱས་ནས་ཕྱག་ལས་ཧུར་ཐག་གནང་བར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཆེ་ཞུ།།