མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༧ ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་དྷ་རམ་ས་ལ་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༧ ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས། ༢༠༢༢།༠༧།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་མཆོག་དགུང་གྲངས་ ༨༧ ཕེབས་པའི་འཁྲུངས་སྐར་གཞུང་འབྲེལ་ཐོག་སྲུང་གཙི་ཞུས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐ་གོར་( Jai Ram Thakur)མཆོག་དྲ་ལམ་ནས་མཉམ་ཞུགས་གནང་ཡོད་པ་དང་།  དམིགས་བསལ་སྐུ་མགྲོན་བོད་དོན་རྒྱབ་སྐྱོར་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆའ་ཌི་གྷེ་རི་( Richard Gere)ལགས་དང་།  ཧི་མ་ཅལ་མངའ་སྡེའི་ཤིང་ནགས་བློན་ཆེན་མཆོག དེ་བཞིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཇོ་ནང་རྒྱལ་ཚབ་རིན་པོ་མཆོག་སོགས་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་དྷ་སར་ཡོད་པའི་སེར་སྐྱ་མི་མང་འཕོན་ཆེན་བཅས་འདུ་འཛོམས་ཀྱིས་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ་དགའ་སྟོན་ལ་རོལ་སོང་།

མཛད་རིམ་གྱི་ཐོག་མར་དྲ་ལམ་བརྒྱུད་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐ་གོར་མཆོག་གིས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགུང་གྲངས་ ༨༧ བཞེས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་། མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་ཞིང་ང་ཚོས་༧མགོན་པོ་གང་ཉིད་ཡང་ཡང་མཇལ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད། ༧གོང་ས་མཆོག་ནས་མུ་མཐུད་བྱམས་བརྩེ་དང་སྙིང་རྗེ་གོང་སྤེལ་ཆེད་སྐུ་ལས་སྐྱོན་མུས་ཡིན་ལ། མགོན་པོ་མཆོག་གི་མཛད་འཕྲིན་ལ་གེགས་བར་ཁྱད་མི་ཡོང་བའི་སྨོན་ལམ་ཞུ་ཡི་ཡོད། ༧གོང་ས་རྒྱལ་བ་རིན་པོ་མཆོག་དགུང་གྲངས་བགྲེས་པོར་ཕེབས་ཡོད་ཀྱང་། ཁོང་གི་ཞུམ་མེད་ཀྱི་སྙིང་སྟོབས་སོགས་ནི་ཆེས་བསྔགས་འོས་པ་ཞིག་ཡིན་པ་མ་ཟད། ཁོང་ནས་བོད་མི་ཚོས་བོད་མི་བཟང་མོ་ཞིག་བྱེད་དགོས་པའི་ལམ་སྟོན་དང་སྐུལ་མ་གནང་གི་ཡོད་པ་རེད།  ཁོང་ཉིད་དྷ་སར་བཞུགས་ཡོད་ཀྱང་། འཛམ་གླིང་ཞི་བདེ་ཡོང་བའི་བཀའ་སློབ་སྩལ་མུས་ཡིན་སྟབས། བོད་མི་གཙོས་རྒྱ་གར་བ་ཡོངས་ལ་སེམས་ཤུགས་འཕར་མ་ཞིག་གནང་གི་ཡོད་པ་རེད། ༧གོང་ས་མཆོག་ཆེས་གཉན་འཕྲང་གི་དུས་དེར་རྒྱ་གར་དུ་ཕེབས་ཀྱང་། ཁོང་གི་ཐུགས་ནས་བོད་དང་བོད་མི་རྣམས་ནམ་ཡང་མ་དོར་བར་ད་ལྟའང་བོད་མི་རྣམས་ཀྱི་སླད་དུ་སྐུ་ལས་སྐྱོན་མུས་ཡིན་སྐོར་སོགས་གསུངས་སོང་།

མཛད་སྒོའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པས་དཔར་སྐྲུན་བྱས་པའི་བོད་ཀྱི་ཨ་ཅེ་ལྷ་མོའི་ཁྱད་ཚོས་དང་ལོ་རྒྱུས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་རིས་མེད་དགོན་སྡེ་ཁག་གི་གཞུང་ཆེན་རིག་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་བསླབ་པ་མཐར་སོན་གྱི་དགེ་འདུན་པ་རྣམས་ལ་ལག་ཁྱེར་གནང་སོང་། དེ་ནས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་རྡོ་རྗེ་རིན་ཆེན་ལགས་སུ་ཉམས་ཞིབ་མཐར་སོན་བྱུང་བའི་ལག་ཁྱེར་དང་། སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང་། སྨན་པ་ཚེ་དབང་རྟ་མགྲིན་ལགས་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་འཕྲོད་བསྟེན་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ལས་དོན་ལ་ནུས་པ་ཆེན་པོ་བཏོན་དང་འདོན་མུས་ཡིན་པར་ཆེད་བསྟོད་གཟེངས་རྟགས་ཕུལ་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཞབས་ལོ་ ༢༥ སོན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བཞི་ལ་གཟེངས་བསྟོད་བཅས་གནང་སོང་།

བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྐབས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་། ༢༠༢༢།༠༧།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། དེ་རིང་གི་ཉིན་མོ་འདི་ནི་གངས་ཅན་པ་ཙམ་དུ་མ་ཟད། འདོད་རྔམ་དང་འགྲན་རྩོད་ཀྱི་ཡོ་ལང་རྒོད་པའི་འཇིག་རྟེན་འདིར་བྱམས་བརྩེ་དང་ཞི་བདེའི་གདམ་ངག་སྩོལ་མཁན་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་དངོས་སུ་བྱོན་པའི་དུས་ཚེས་རྩ་ཆེན་ཞིག་ཡིན་སྟབས། གོ་སྐབས་འདི་བརྒྱུད་ནས་སྐལ་ལྡན་གྱི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཏུ་༸མགོན་པོ་གང་ཉིད་ཀྱི་རྗེས་འཇུག་པ་དང་། རང་རིགས་གཞིས་བྱེས་སྤུན་ཟླ་ཡོངས་ལ་དུས་ཆེན་འདིར་མཛའ་བརྩེའི་འཚམས་སྨོན་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་འཁྲུངས་ལྷ་དབྱར་གསོལ་གྱི་དུས་ཆེན་སྲུང་བརྩི་ཞུ་སྐབས། རང་ཅག་བཙན་བྱོལ་བ་རྣམས་ལ་༸མགོན་པོ་མཆོག་གིས་བཀའ་དྲིན་མཐའ་ཡས་པ་བསྐྱངས་པའི་རྣམ་ཐར་གྱི་ཆ་ཕྲ་མོ་ཙམ་ཤེས་དགོས་པ་གལ་ཆེན་པོ་ཡིན་ཞིང་། དྲིན་ཤེས་ན་དྲིན་དྲན་ཐུབ་པ་དང་། དྲིན་དྲན་པ་ཡིན་ན་དྲིན་ཆེན་ལ་དྲིན་ལོག་མི་བྱེད་པའི་ཡ་རབས་ཀྱི་སྤྱོད་པ་བསྟེན་ཐུབ་པའི་ཁར། དྲིན་འཇལ་བའི་ཐབས་ཚུལ་ཡག་ཤོས་ཏེ། བླ་མའི་ལུགས་ཟུང་བཀའ་སློབ་བསླབ་བྱ་ཚུལ་བཞིན་ཉམས་སུ་བླངས་པའི་སྒོ་ནས་མི་ཚེ་དོན་ལྡན་སྐྱེལ་བར་མངོན་དུ་ཕྱོགས་ཐུབ་པ་ཡིན། ཞེས་དང་། ཡང་ཁོང་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༡༣ ལྷག་འཚོ་བཞུགས་གནང་རྒྱུ་ཚད་མའི་ལུང་གིས་ཟིན་པ་མ་ཟད། ༸མགོན་པོ་མཆོག་ཉིད་ཀྱིས་ཀྱང་སྔ་རྗེས་སུ་ཡང་ཡང་ཞལ་གྱིས་བཞེས་ཡོད་པས། རང་ཅག་ལས་ཀྱི་སྣེ་མོ་བ་རྣམས་དང་། མང་ཚོགས་ཐུན་མོང་ནས་སྤྱི་མཐུན་བསོད་ནམས་གསོག་པ་དང་། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་༸གོང་ས་མཆོག་ཐུགས་འཚབ་དང་ཐུགས་བསུན་འབྱུང་གཞིའི་གཏམ་སྤྱོད་མཐའ་དག་རྒྱང་དུ་དོར་ཏེ། ཐུགས་སྐྱེད་དམ་བཅའ་བཞི་གཙོ་འགྱུར་གྱིས་བཀའ་དགོངས་བཞིན་རྣམ་དཀར་དགེ་བའི་ལས་ལ་གཞོལ་ཞིང་། སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་ལས་དོན་བྱེད་སྒོ་མཐའ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འབད་སྒྲུབ་ཞུ་མུས་ཡིན་ཞིང་། མ་འོངས་པར་ཡང་༸མགོན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུའི་དམ་བཅའ་བརྟན་བཟུང་ཡིན་ཞུ་རྒྱུ། ཞེས་གསུངས་སོང་།

བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་། ༢༠༢༢།༠༧།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེའི་རྗེས་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། མགོན་པོ་གང་གི་འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་མཛད་བཟང་ཕྱོགས་ཐམས་ཅད་ནས་ཀློང་དུ་བརྡོལ་བས། ངེས་པ་དོན་གྱིས་འཇིག་རྟེན་གྱི་ཕན་བདེ་འབྱུང་བའི་སྒོ་གཅིག་པུར་གྱུར་བ་དེས་འཛམ་གླིང་ནང་གཟུར་གནས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་སྟེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པ་མ་ཟད། ཨ་རི་དང་ཡུ་རོབ་གཉིས་ཀྱིས་གཙོས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་མང་པོའི་གཞུང་སྒེར་ཚོགས་པ་ཁག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ (Nobel Peace Prize) དང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། (Congressional Gold Medal)  ཕྱི་ལོ་ ༢༠༡༢ ལོར་ཨིན་ཡུལ་གྱི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་ (John Templeton Prize) སོགས་ཀྱིས་མཚོན་ཆེ་བསྟོད་གཟེངས་རྟགས་མང་པོ་འབུལ་བཞེས་མཛད་ཡོད། ཉེ་ཆར་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བསྐོང་ཚོགས་བྱས་ཤིང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མཐུན་འགྱུར་འོག་ཚོགས་ཆེན་གྱི་དབུ་འབྱེད་ (Capitol Hill) གྲོས་ཚོགས་ར་བའི་ཚོགས་ཁང་ནང་དང་། དབུ་འབྱེད་ཀྱི་ཚོགས་མགོན་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ཆེད་ཕེབས་གནང་སྟེ། ཨ་རིའི་གཞུང་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་ལམ་བརྒྱུད་བཀའ་སློབ་གསུང་བཤད་གནང་བ་བཅས་ནི་ཆེས་རྨད་དུ་བྱུང་བ་དང་རིན་ཐང་བྲལ་བའི་བོད་དོན་ཐད་ཀྱི་གསུང་བཤད་ཆགས་ཡོད། སྐབས་དེར་ཨ་རིས་གཙོས་རྒྱལ་ཁབ་ཁག་མི་འདྲ་བ་ ༢༨ ཀྱི་གྲོས་ཚོགས་འཐུས་མི་དང་། ཕྱི་ནང་གི་མཁས་དབང་། མི་རིགས་འདྲ་མིན་གྱི་ལས་འགུལ་བ་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་དངོས་སུ་ཆེད་ཕེབས་ཀྱི་མཉམ་ཞུགས་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དྲྭ་ཐོག་ནས་ཀྱང་ལྷན་ཞུགས་གནང་བ་བྱུང་ཡོད། ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་རྣམ་པ་གསལ་པོར་སྟོན་གནང་ཡོད། ཚོགས་ཆེན་ཐོག་ནས་ཝ་ཤིང་ཊོན་སྤྱི་བསྒྲགས་ (Washington Declaration) དང་། མ་འོངས་པའི་ཝ་ཤིང་ཊོན་ལག་བསྟར་འཆར་གཞི་ (Washington Action Plan) བཅས་གཏན་འབེབས་གནང་ཐུབ་པ་མ་ཟད། ཚོགས་ཆེན་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པ་ (INPaT) ཡང་སླར་གསོ་ཐུབ་པ་བྱུང་ཡོད། ཚང་མས་མཁྱེན་གསལ་ལྟར། ང་ཚོས་ལས་དོན་ཇི་འདྲ་ཞིག་བསྒྲུབས་ཀྱང་། དོན་དངོས་སུ་གྲུབ་འབྲས་དེ་དག་གི་ཐོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འོད་ཟེར་གྱི་བྱིན་རླབས་དང་བཀའ་དྲིན་གྱིས་མ་ཁྱབ་པ་མེད་པ་བཞིན། ད་རེས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཡང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་སྐུ་ལས་བསྐྱོན་པའི་འབྲས་བུ་ལས་བྱུང་བའི་བོད་དང་བོད་མིའི་བློས་ཐུབ་ཀྱི་རྒྱབ་སྐྱོར་བ་སྙན་གྲགས་ཅན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་། གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་ཁའི་ངང་བསྐོང་ཚོགས་གནང་ཐུབ་པ་བྱུང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་རིང་གི་ཉིན་མོར། གཞིས་བཞུགས་རང་རིགས་སྤུན་ཟླ་རྣམ་པ་དང་། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མིས་གཙོས་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་ཡོངས་ཀྱིས། དགའ་དད་སྤྲོ་གསུམ་ངང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་གང་གི་ཡོངས་གྲགས་ཐུགས་བསྐྱེད་མཛད་འགན་བཞི་དང་། དུས་རྟག་ཏུ་འཛམ་གླིང་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། ཡ་རབས་བཟང་སྤྱོད་དང་བྱམས་བརྩེ་ལྡན་པའི་བོད་མི་ཞིག་ཡོང་ཐབས་ཆེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ནི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་དགོས་དོན་སྙིང་པོ་དེ་ཆགས་ཡོད་པས་བོད་མི་ཡོངས་ཀྱི་ཉིན་རེའི་འཚོ་བའི་ནང་ལག་བསྟར་ཉམས་ལེན་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་དང་བོད་མིའི་རིག་གཞུང་ཐད་ལ་རྒྱ་གར་གཞུང་མང་གཉིས་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་དང་། དེ་བཞིན་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་གཙོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། དབུ་ཁྲིད་རྣམ་པ། ཚོགས་པ་དང་མི་སྒེར་བཅས་ཚང་མར་དེ་རིང་གི་དུས་བཟང་འདིར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

དེའི་རྗེས་དམིགས་བསལ་སྐུ་མགྲོན་སྐུ་ཞབས་རི་ཆའ་ཌི་གྷེ་རེ་  ( Richard Gere)  ལགས་ཀྱིས།  ༧གོང་ས་རྒྱལ་བ་རིན་པོ་མཆོག་ནི་ཆེས་ཁྱད་འཕགས་ཀྱི་མི་སྣ་ཞིག་ཡིན་སྟབས། འདིར་ཕེབས་པའི་བོད་མི་ཚོས་དགའ་སྤོབས་བྱ་འོས་པ་ཞིག་རེད་ལ། ཁོང་ཉིད་ནི་བོད་མི་ཞིག་ཡིན་པ་རེད། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནི་དུས་གཏན་དུ་འདིར་བཞུགས་ཀྱི་མེད་ཀྱང་། ཁོང་ཉིད་དགུང་ལོ་ ༡༡༣ དང་ཡང་ན། ཁོང་ཉིད་དགུང་གྲངས་༡༥༠ ལྷག་བཞུགས་པའི་རེ་བ་བྱེད་ཀྱི་ཡོད། བོད་མི་ཚོས་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་བརྟེན་ནས་གནས་རྒྱུ་མེད་པར། བོད་མི་ཚོས་ཕན་ཚུན་རོགས་འདེགས་བྱས་ཏེ། རེ་བ་དང་ཡིད་ཆེས་སོགས་མ་བརླག་པར་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ལས་དོན་ལ་ཧུར་ཐག་བྱེད་དགོས་པ་དང་། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་སྐྱབས་བཅོལ་བའི་ཁྲོད་ཀྱི་ཆེས་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་པའི་སྤྱི་ཚོགས་ཤིག་ཡིན་སྟབས།  བོད་མི་ཚོས་བོད་ཀྱི་སྐད་ཡིག་དང་། ཆེས་ཁྱད་འཕགས་ཀྱི་རིག་གཞུང་བཅས་ཉར་ཚགས་དང་བདག་གཅེས་བྱེད་དགོས་ཤིང་། ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་ནས། ཚང་མའི་རིགས་རུས་ཀྱི་དབྱེ་འབྱེད་སོགས་གང་ཡང་མེད་པར་བྱམས་བརྩེ་དང་སྤྲོ་སྣང་ལྡན་པའི་འཚོ་བ་རོལ་མུས་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༡༤ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist