ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཕྱི་ལོ ༢༠༢༢ ལོའི་ཡུལ་དེའི་གནས་སྤོ་བའི་གྲུབ་འབྲས་རྩེར་སོན་གྱི་མི་སྣའི་ཁོངས་སུ་འདེམས་ཐོན་བྱུང་འདུག
ཕྱི་ཟླ་ ༨ ཚེས་༤ ཉིན་ཁེ་ན་ཌའི་རྒྱལ་ཡོངས་གནས་སྤོ་བའི་དུས་དེབ་ཁང་གིས། སྐབས་བཅུ་བཞི་པའི་ཕྱི་ལོ་༢༠༢༢ ལོའི་རྩེར་སོན་གནས་སྤོ་བའི་གཟེངས་རྟགས་ཐོབ་མཁན་རྩེར་སོན་མི་སྣ་ ༢༥ འདེམས་སྒྲུག་བྱས་ཡོད་པའི་ཁོངས་སུ། ཁེ་ན་ཌའི་ཨོན་ཊ་རོ་(Ontario)མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་རིགས་བུད་མེད་བུ་ཁྲིད་དཀར་པོ་ཆེ་ལགས་ཀྱང་འདེམས་ཐོན་བྱུང་ཡོད་འདུག
བུ་འཁྲིད་ལགས་སྒེར་གྱི་ངོ་དེབ་ཐོག་ཏུ། ང་རང་ཕྱི་ལོ ༢༠༢༢ ལོའི་རྩེར་སོན་གནས་སྤོ་བའི་གཟེངས་རྟགས་ཐོབ་ཡོད་པ་ཤེས་རྟོགས་བྱུང་དུས། ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ནམ་རྒྱུན་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་བསླེབས་པའི་མི་གསར་པ་ཞིག་གང་དུ་འགྲོ་དགོས་མིན་ཤེས་ཀྱི་མེད་པའི་སྐབས་དེར། ངའི་མི་ཚེའི་ནང་དུ་ཕུགས་བསམ་དང་ཁ་ཕྱོགས་བསྟན་པ་དྲན་གསོས་ཀྱི་འདུག ང་རང་ཁེ་ན་ཌའི་གནས་སྤོ་བའི་མི་རབས་དང་པོ་ཆགས་པར་སྤོབས་པ་སྐྱེ་བཞིན་ཡོད། ཅེས་གསུངས་འདུག
རྩེར་སོན་གནས་སྤོ་བའི་གཟེངས་རྟགས་འདི་ནི་ཁེ་ན་ཌའི་གནས་སྤོ་བའི་དུས་དེབ་ཁང་གིས་ཁེ་ན་ཌའི་གནས་སྤོའི་གྲུབ་འབྲས་བཟང་པོ་ཐོབ་པར་ངོས་འཛིན་བྱེད་པའི་ལས་གཞི་ཞིག་ཡིན་འདུག་ཅིང་། ཐེངས་འདིའི་རྩེར་སོན་གཟེངས་རྟགས་ཐོབ་མཁན་ ༢༥ ནི་ཁེ་ན་ཌ་རྒྱལ་ཡོངས་ཀྱི་ས་གནས་དང་རིག་གཞུང་། ཚོགས་སྡེ་བཅས་རྒྱབ་ལྗོངས་འདྲ་མིན་གྱི་གཟེངས་སུ་ཐོན་པའི་གནས་སྤོ་བའི་འོས་མི་ ༧༥ ཡི་ནང་ནས་འདེམས་སྒྲུག་བྱས་པ་ཞིག་ཡིན་འདུག
བོད་རིགས་བུད་མེད་བུ་ཁྲིད་དཀར་པོ་ཆེ་ལགས་ནི་བལ་ཡུལ་ནས་སྐྱེས་ཞིང་། ད་ལྟ་ཁེ་ན་ཌའི་ཀྲོ་རོན་ཀྲོ་གྲོང་ཁྱེར་དུ་བཞུགས་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༧ ལོར་ཁེ་ན་ཌའི་དམངས་གཙོ་ཚོགས་པ་གསར་པས་ཨོན་ཌེ་རི་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་མིར་ཁོང་མོ་མིང་འདོན་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ལོར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། འདི་ལོ་ཡང་ཁོང་མོར་མངའ་སྡེ་དེའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ལོར་ཁོང་མོས་ཡུལ་དེའི་གྲོས་ཚོགས་ནང་ལོ་རེའི་ཕྱི་ཟླ་བདུན་པ་དེ་བོད་ཀྱི་རིག་གཞུང་ཟླ་བ་ཞེས་བྱང་ཨ་མེ་རི་ཁའི་ནང་གཞུང་འབྲེལ་དུས་ཆེན་དུ་སྲུང་གཙི་ཞུ་དགོས་པའི་གྲོས་གཞི་བཏོན་པ་གཏན་འབེབ་ལག་བསྟར་གནང་བཞིན་ཡོད་པ་རེད།
ཁེ་ན་ཌའི་གནས་སྤོ་བའི་དུས་དེབ་དེ་ནི། ཕྱི་ལོ་ ༢༠༠༤ ལོར་གཞུང་འབྲེལ་གྱི་ཐོག་ནས་མགོ་འཛུགས་བྱས་ཏེ་གནས་སྤོ་བ་རྣམས་གཞི་རྟེན་ཆགས་པར་ཤེས་ཡོན་སོགས་ཀྱི་ཐོག་ནས་ལམ་སྟོན་རོགས་རམ་གནང་གི་ཡོད་པ་དང་། ཁེ་ན་ཌའི་གནས་སྤོ་བའི་གླེང་སྟེགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ ༡༥༠ ལྷག་གི་གནས་སྤོ་བར་ལམ་སྟོན་གནང་བཞིན་ཡོད་འདུག
བྱམས་པ་ཚེ་རིང་།