རྒྱ་ནག་གཞུང་གིས་སྐམ་སའི་འགག་སྒོ་དང་པོའི་གྲས་སུ་བརྩི་བཞིན་པའི་བོད་བལ་གཉིས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྐྱིད་གྲོང་འགག་སྒོ་ཁ་སང་ནས་ཕྱོགས་གཉིས་སུ་སྒོ་ཕྱེ་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༨ ཉིན་བོད་དང་བལ་པོའི་ས་མཚམས་ཀྱི་སྐྱིད་གྲོང་འགག་སྒོ་ཕྱོགས་གཉིས་ནས་ཕྱེ་ཡོད་པ་དང་ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་འགོས་ཁྱབ་བྱུང་རྗེས་འགག་སྒོ་དེ་བརྒྱབ་ཡོད་འདུག འགག་སྒོ་ཕྱེ་བའི་ཉིན་མོ་དེར་ཟངས་དང་ལྕགས་བཟོའི་སྒྲིག་ཆས། སྨྱུག་མའི་རྐུབ་སྟེགས། ལག་བསླས་ཉལ་ཆས། ལག་བཟོས་ཤོག་བུ། ཞྭ་མོ་སོགས་དོལ་སྐྱེལ་རླངས་འཁོར་ ༦ ནང་འདྲེན་བྱས་ཡོད་པ་དང་། ཚོང་ཟོག་རིན་ཐང་རྒྱ་སྒོར་ཁྲི་ ༨༢ ལྷག་ཡོད་པར་བཤད། བལ་ཡུལ་ཕྱོགས་ནས་ཕྱི་ལོ་ ༢༠༢༠ ལོ་མཇུག་ཙམ་ནས་བཟུང་འགག་སྒོ་དེ་བརྒྱུད་ནས་ཚོང་ཟོག་བཏང་ཡོད་ཀྱང་། བོད་ཕྱོགས་ནས་ཁ་སང་བར་དུ་སྒོ་ཕྱེ་མེད་པ་རེད།
སྤྱིར་བཏང་སྐྱིད་གྲོང་འགག་སྒོ་བརྒྱུད་བོད་ཕྱོགས་ནས་ཚོང་ཟོག་གཙོ་བོ་གྱོན་གོས་དང་། རྒྱུན་སྤྱོད་དངོས་རྫས། ལུག་སོགས་ཕྱིར་འཚོང་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་ཕྱོགས་ནས་འབྲས་དང་གྲོ་ཞིབ། ཟངས་ཆས་སོགས་ཕྱིར་འཚོང་བྱེད་ཀྱི་ཡོད་པ་དང་། ཚོང་ཟོག་རྣམས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུའུ་དང་པཱོ་ཁེ་ལ་ཟེར་བའི་བར་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། པཱོ་ཁེ་ལ་ཟེར་བ་ནས་རྒྱ་གར་ནང་ཚོང་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་འདུག
སྐྱིད་གྲོང་གྲོང་རྡལ་ནས་བལ་བོའི་རྒྱལ་ས་བར་སྤྱི་ལེ ༡༣༡ ཙམ་ཡོད་པ་དང་། ས་གནས་དེ་བོད་བལ་ས་མཚམས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རང་དབང་གི་ཚོང་ལམ་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། ལོ་མང་རིང་ཚོང་འགྲུལ་སྒོ་བརྒྱབ་ཡོད་འདུག ཕྱི་ལོ་ ༡༩༦༢ ལོར་བོད་ནས་བལ་ཡུལ་དུ་སྐྱོད་པའི་སྐམ་སའི་ཚོང་ལམ་ཆེ་གྲས་ཤིག་ཏུ་བརྩིས་ཏེ་དོ་དམ་འགག་སྒོ་དངོས་སུ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་ཆེན་མོ་བྱུང་རྗེས་ཟླ་ལྔ་ཙམ་རིང་སྒོ་བརྒྱབ་ཡོད་འདུག