མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༢ ལོའི་བོད་ནང་གི་གནས་ཚུལ་ཆེ་ཁག

བོད་ཀྱི་དུས་བབ།
༢༠༢༢/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

འདི་ག་དུས་བབ་གསར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་༢༠༢༢ལོར་ཐོན་པའི་གནས་ཚུལ་ནང་རྒྱ་ནག་གཞུང་གིས་ཉུང་མཐར་བོད་མི་གྲངས་  ༡༡༧ ཡས་མས་འཛིན་བཟུང་བྱས་ཡོད་པ་དང་།  དེའི་ཁྲོད་ནས་བོད་མི་གྲངས་ ༡༤ ལ་ཉུང་མཐར་ལོ་གཅིག་དང་ཕྱེད་ཀ་ནས་ ༡༨ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད། བོད་མི་ ༢ ལ་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་བསད།  བཙོན་པ་ ༡༥ ཙམ་ཀློད་གྲོལ་བཏང་།  བཙོན་ཟུར་ ༤ ནད་མནར་རྐྱེན་གྱིས་འདས་གྲོངས་སུ་ཕྱིན། རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་གཏོང་མཁན་ཉུང་མཐར་ ༢ དང་། ངོ་རྒོལ་གྱིས་རང་ཤི་རྒྱག་མཁན་ ༧  བྱུང་།

གཞས་པ་ཚེ་དབང་ནོར་བུས་རང་ལུས་མེར་བསྲེགས།

ཚེ་དབང་ནོར་བུ། དྲ་ལམ་གྱི་པར།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ། བོད་ཀྱི་གཞས་པ་གྲགས་ཅན་ན་གཞོན་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཡོད་པ་དང་། ཕྱིས་སུ་སྨན་ཁང་དུ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། གཞས་པ་ཚེ་དབང་ནོར་བུ་ལགས་ནི་ཕྱི་ལོ་ ༡༩༩༦ ལོར་བོད་ཀྱི་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་ད་ལྟ་རང་ལོ་ ༢༦ ཡིན་འདུག ཁོང་གི་ཨ་ཕ་་ཆོས་རྒན་ལགས་ནི་ནག་ཆུ་གྲོང་ཁྱེར་ཟློས་གར་ཚོགས་པའི་དགེ་རྒན་ཞིག་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་རོལ་དབྱངས་མཁས་པ་ཞིག་ཡིན་འདུག ཚེ་དབང་ནོར་བུའི་ཨ་མ་ལགས་ནི་བོད་ཀྱི་གཞས་མ་གྲགས་ཅན་སོག་ཤོད་བསོད་ནམས་དབང་མོ་ཡིན་པ་དང་། ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ནི་ཁོང་གི་ཨ་ཞང་ཡིན་འདུག ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་རྗེས་ཁོང་གི་པ་ལགས་ཀྱིས་ཀྱང་རང་སྲོག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

བོད་མི་ས་ཡ་གཅིག་ཡས་མས་ཀྱི་རིགས་རྫས་བསྡུ་ལེན་བྱས།

Source: “Qiangtang Defender, Golden Shield Vanguard, Gerze County Public Security Bureau Mami Village Police Station Deepens the Implementation of District DNA Blood Sample Information Collection Work,” November 26, 2021, WeChat

འདི་ལོའི་ཕྱི་ཟླ་ ༩ པའི་ནང་སི་ཊི་ཟིན་ལབ་(Citizen Lab)ཀྱིས་རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ ༦ ཙམ་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནས་བྱིས་པ་རང་ལོ་ ༥ དང་དེའི་ཡན་ཆད་ཀྱི་སྐྱེས་པ་གཙོ་བོར་གྱུར་བའི་མི་གྲངས་འབུམ་ ༩ ལྷག་ནས་ས་ཡ་གཅིག་ལྷག་བར་གྱི་རིགས་རྫས་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་ལ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་བྱིས་གཉོར་ཁང་གི་བྱིས་པ་ནས་བཟུང་ས་གནས་མི་མང་ནང་རིགས་རྫས་(DNA)ཕོན་ཆེན་བསྡུ་ལེན་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་མི་མང་ལ་ལྟ་རྟོག་དང་སྟངས་འཛིན་སྔར་ལས་དམ་ཟབ་ཐུབ་པའི་ཆེད་དུ་ལས་གཞི་དེ་ཐོག་མར་ ༢༠༡༠ ཙམ་ནས་མགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཙམ་ནས་བཟུང་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་བོད་ཁུལ་གང་སར་རྒྱ་ཁྱབ་ཏུ་ལག་བསྟར་བྱས་དང་བྱེད་མུས་ཡིན་འདུག་ལ། འདི་ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་ལྗོངས་གྲངས་མཛོད་ཆེན་མོའི་ལྟེ་གནས་ཞེས་པ་ཞིག་གསར་འཛུགས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་རིམ་པ་འདྲ་མིན་གྱི་སྡེ་ཁག་ ༤༩༡ ཡི་ལས་དོན་མ་ལག་ཐོག་ཞབས་འདེགས་སྒྲུབ་ཀྱི་ཡོད་ལུགས་བསྒྲགས་འདུག ལས་གཞི་དེ་ནི་རྒྱ་ནག་ལག་ཐོག་ཁ་པར་ཚོང་གཉེར་ཁང་(China Mobile)གི་བོད་ལྗོངས་ཡན་ལག་ཁང་གིས། རྒྱ་ནག་གི་ཤར་གྲངས་ནུབ་རྩིས་(东数西算)ཞེས་པའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་གཞི་ཆེན་པོ་ཞིག་ཡིན་འདུག་ལ། བོད་ཉིང་ཁྲི་ས་ཁུལ་གྱི་ཡན་ལག་གྲངས་མཛོད་ཁང་གི་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་བཏང་ཡོད་པར་བཤད། མ་འོངས་པར་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་དམིགས་འབེན་གཙོ་བོར་བཟུང་སྟེ་མི་མང་ལ་ལྟ་ཞིབ་དང་སྟངས་འཛིན་སྔར་ལས་ནན་པོ་དང་བྱེད་བདེ་བོ་ཡོང་བར་རྒྱུ་ཆ་འཕོན་ཆེན་བསྡུ་གསོག་བྱེད་བཞིན་ཡོད་འདུག

ཕྲུ་གུ་གསུམ་གྱི་ཨ་མ་ནད་གཅོང་དུ་བཟོས་ཏེ་ཀློད།

༢༠༢༢ ཟླ་ ༠༣ ནང་ཀློད་གྲོལ་བཏང་བའི་ནོར་འཛིན་དབང་མོ་ལགས། པར་བོད་ནས་འདི་གར་མཁོ་སྤྲོད་བྱས།

བོད་སྐྱེ་རྒུ་མདོ་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བའི་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པ་ནོར་འཛིན་དབང་མོ་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་ཆུ་དམར་ལེབ་རྫོང་ནས་རང་ལུས་མེ་སྲེག་བྱས་པའི་གཞོན་ནུ་བསྟན་འཛིན་ཤེས་རབ་ལགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོགའདི་ལོའི་ཟླ ༣ ཚེས ༢༤ ཉིན་ཆུ་དམར་ལེབ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་མོར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། སྐྱེ་རྒུ་མདོའི་བུད་མེད་ཀྱི་བཙོན་ཁང་ཞིག་གི་ནང་བཅུག་ཡོད་པ་རེད། འོན་ཀྱང་། བཙོན་ཁང་དུ་མནར་གཅོད་རྡུང་རྡེག་དང་ངལ་རྩོལ་བསྒྱུར་བཀོད་ཚད་ལས་འདས་པ་བྱས་པར་བརྟེན། ཁོང་མོའི་རྐང་ལག་རྣམས་ནད་པར་གྱུར་བ་དང་། རྒྱབ་དང་རྐེད་པ་སོགས་སུ་རྨ་ཁས་ཁེངས་ཏེ་སྒོ་ཕྱི་ཁྱིམ་ལའང་མི་གཉིས་ཀྱིས་སྐྱོར་ནས་འགྲོ་དགོས་པའི་ཛ་དྲག་གནས་སྟངས་འོག འདི་ལོའི་ཕྱི་ཟླ ༥ ནང་རང་ཁྱིམ་དུ་བཏང་ཡོད་ཀྱང་དུས་ཐོག་ཏུ་སྨན་པར་བསྟེན་གཏུག་བྱེད་དུ་མ་བཅུག་པ་དང་།ཕྱིས་སུ་ཁྲིན་ཏུའུ་དང་སྐྱེ་རྒུ་མདོ་མི་མང་སྨན་ཁང་། ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཆེ་གྲས་ནང་བསྟན་ཡོད་ཀྱང་དྲག་སྐྱེད་འབྱུང་དཀའ་བའི་གནས་སྟངས་ཆགས་ཡོད་པ་རེད།

རྒན་པོ་བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་བསྲེགས།

བཀྲ་ཕུན་ལགས་ཀྱིས་རང་ལུས་མེ་བསྲེགས།

འདི་ལོའི་ཕྱི་ ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་ཡས་མས་སུ་དགུང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས། རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་ཏེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་རྗེས་ས་གནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་དང་། ཕྱིས་སུ་སྐུ་གྲོངས་ཡོད་འདུག འོན་ཀྱང་།  རྒྱ་ནག་གཞུང་གིས་སྐུ་ཕུང་ནང་མིར་བརྩི་སྤྲོད་བྱས་མེད་པའི་ཁར་འདས་མཆོད་བསྒྲུབ་པར་དགེ་འདུན་པ་གདན་འདྲེན་དང་མི་མང་འདུ་འཛོམས་བྱེད་དུ་བཅུག་མེད་པ་རེད། བཀྲ་ཕུན་ལགས་ནི་རྔ་བའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕུར་རྩ་ཚང་ནས་ཡིན་ཞིང་། ༢༠༢༡ ལོར་ཁོང་གི་བརྒྱད་ཅུའི་གྱ་སྟོན་སྐབས་སུ། བཀྲ་ཕུན་ལགས་ཀྱིས་“ ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཀྱིས། བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་ཡོད་པ་གཏན་འཁེལ་ཡིན་པས། ན་ཆུང་གཞོན་ནུ་ཚོའི་སེམས་ཤུགས་མ་ཆགས།’’ཞེས་གཏམ་བཤད་གནང་ཡོད་འདུག

ཆབ་སྲིད་ཉེས་མིང་གཡོགས་ཏེ་ཁྲིམས་ཐག་བཅད་པ།

ཆབ་སྲིད་ཉེས་མིང་གཡོགས་ཏེ་ཁྲིམས་ཐག་བཅད་བོད་མི་ཁག་ཅིག

འདི་ལོའི་ཟླ ༦ ཚེས  ༥ ཉིན་ཉིན་གྱི་ཞོགས་པར་དར་རྩེ་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ངན་པར་ལག་འབྲེལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག དར་རྩེ་མདོ་ཧྲི་ལེན་གྲོང་ཚོ་ནས་ཡིན་པའི་ཞིབ་འཇུག་སློབ་མ་ཉི་མ་ལ་ལོ་ ༣ དང་། འདི་ལོའི་ཟླ་ ༦ ཚེས ༡༤ ཉིན་བོད་ནང་གི་ན་གཞོན་རྩོམ་པ་པོ་ས་བུ་ཆེའམ་ཐུབ་བསྟན་བློ་གྲོས་ཀྱིས། ཝེ་པོ་སོགས་སུ་རྩོམ་ཡིག་བྲིས་ཏེ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༤ ཟླ  ༦ གི་བཙན་འཇུག་ཁྲིམས་ཐག་བཅད། འདི་ལོའི་ཕྱི་ཟླ ༧ ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་ལས་ཀར་མཐུན་འགྱུར་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར། རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་ཀ་བྱས་པའི་ཉེས་མིང་འོག བོད་མི་བསྟན་འཛིན་ཆོས་འཕེལ་ལགས་སུ་ལོ ༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ཟླ ༧ ཚེས ༡༦ ཉིན་གཞིས་ཀ་རྩེ་མི་མང་ཁྲིམས་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་རིན་སྤུངས་རྫོང་ཁོངས་ཀྱི་གྲོང་རྡལ་ཞིག་གི་དྲུང་ཡིག་བོད་མི་ཚེ་དབང་རིན་ཆེན་ལགས་སུ།  རྒྱལ་ཁབ་ཀྱི་ལས་དོན་འཐུས་ཤོར་དང་ཕྱོགས་ཞེན་གྱིས་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་མིང་གཡོགས་ཏེ། ཁྲིམས་ཆད་ལོ་ ༡ དང་ཟླ་དྲུག་དང་། རྒྱ་སྒོར་ ༣༥༠༠༠ ཉེས་ཆད་བཅད།

རྩོམ་པ་པོ་འགའ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

དེ་བཞིན་ཕྱི་ཟླ་ ༩ ནང་དཀར་མཛེས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས། རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་ལུགས་ཀྱི་ཉེས་མིང་འོག བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལ་ལོ་ ༡༤ དང་། སྲས་རྣམ་ལ་ལོ་ ༦། གངས་བུ་གཡུ་བྷྲུཾ་ལ་ལོ་ ༧ ཡས་མས། གངས་ཚེ་རིང་སྒྲོལ་མར་ལོ་ ༨། པདྨ་རིན་ཆེན་ལ་ལོ་ ༤། བསམ་འགྲུབ་ལ་ལོ་ ༨ བཅས་ཁྲིམས་ཐག་བཅད། འདི་ལོའི་ཟླ ༦ ཚེས  ༥ ཉིན་ཉིན་གྱི་ཞོགས་པར་དར་རྩེ་མདོ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ངན་པར་ལག་འབྲེལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག དར་རྩེ་མདོ་ཧྲི་ལེན་གྲོང་ཚོ་ནས་ཡིན་པའི་ཞིབ་འཇུག་སློབ་མ་ཉི་མ་ལ་ལོ་ ༣ དང་། འདི་ལོའི་ཟླ་ ༦ ཚེས ༡༤ ཉིན་བོད་ནང་གི་ན་གཞོན་རྩོམ་པ་པོ་ས་བུ་ཆེའམ་ཐུབ་བསྟན་བློ་གྲོས་ཀྱིས། ཝེ་པོ་སོགས་སུ་རྩོམ་ཡིག་བྲིས་ཏེ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༤ ཟླ  ༦ གི་བཙན་འཇུག་ཁྲིམས་ཐག་བཅད། ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་རྔ་ཡུལ་ཀིརྟི་དགོན་གྱི་དགེ་འདུན་པ་རཱ་ཆུང་དགེ་འདུན་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལ་སྐྱབས་བསྔོ་ཞུ་རྟེན་སྒོར་མོ་བསྐུར་བའི་ཉེས་མིང་འོག་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད། ད་དུང་ཁོང་དང་ལྷན་དུ་སྐབས་དེར་རྔ་ཡུལ་ཀིརྟི་དགོན་པའི་དགེ་འདུན་པ་ཁྱོན་ ༣༠ ལྷག་འཛིན་བཟུང་བྱས་ཡོད་ཀྱང་། ཁོང་ཚོའི་ཁ་གསལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད།

མནར་གཅོད་བཏང་སྟེ་དཀྲོངས་བའི་བཙོན་པ།

མནར་གཅོད་བཏང་སྟེ་དཀྲོངས་བའི་བཙོན་པ།

འདི་ལོའི་ཕྱི་ཟླ་  ༩ཚེས༢༨ཉིན་བོད་དར་རྩེ་མདོ་བརྒྱད་ཟུར་རྫོང་ནས་ཡིན་པའི་བོད་མི་ན་གཞོན་དངོས་གྲུབ་ཚེ་རིང་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་ཚབས་ཆེན་བྱས་ཏེ་བསད་ཡོད་པ་མ་ཟད།སྐུ་ཕུང་ཡང་ཁྱིམ་མིར་སྤྲད་མེད་པ་རེད།ཏོག་དབྱིབས་བཀག་སྡོམ་སྐབས་དངོས་གྲུབ་ཚེ་རིང་ལགས་ས་གནས་རྒས་གསོ་ཁང་ཞིག་ཏུ་བཟའ་བཅའ་སྐྱེལ་དུ་ཕྱིན་པ་དེར་རྒྱབ་ལྗོངས་དམིགས་ཡུལ་ཡོད་པའི་ཉེས་འཛུགས་བྱས། འདི་ལོའི་ཕྱི་ཟླ༨ཚེས༢༤ཉིན་རྒྱ་གཞུང་ཉེན་རྟོག་པས་བསང་གསོལ་དང་ལབ་རྩེ་བསྟོད་པ།ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཉེས་མིང་འོགབོད་གསེར་རྟ་རྫོང་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བ་ནས་ཡིན་པའི་བོད་མི་ལྔ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གསེར་རྟ་རྫོང་གི་བཙོན་ཁང་དུ་ཁྲིད་རྗེས། བོད་མི་ཕྱུག་དར་ལ་གཅར་རྡུང་ཚད་མེད་བྱས་ཏེ་དམར་གསོད་བཏང་ཡོད་པ་དང་། ཕྱིས་སུ་ཁོང་གི་སྐུ་ཕུང་ནང་མིར་སྤྲད་ཡོད་ཀྱང་། ཉེན་རྟོག་ཁང་གིས་ཁོང་བཙོན་ཁང་དུ་འདས་གྲོངས་སུ་གྱུར་བ་ལས་རྡུང་རྡེག་བྱས་ནས་བསད་པ་གཏན་ནས་ངོས་ལེན་བྱས་མེད་པ་རེད།   

འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར།

འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར།

ཕྱི་ཟླ་ ༢ ཚེས་ ༢༡ ཉིན་མི་ལོ་ ༡༧ རིང་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱངས་བའི་བོད་ཀྱི་སྲིད་བཙོན་ཟུར་གྲགས་ཅན་ངག་དབང་རྒྱལ་མཚན་ལགས་བོད་ཀྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་ཕྱིན། འདི་ལོའི་ཕྱི་ཟླ ༧ ཚེས  ༢ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་༡༢དང་སྐར་མ་༡༥ཡས་མས་སུ།བོད་ཀྱི་ཆབ་སྲིད་བཙོན་ཟུར་བླ་བྲང་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ། ཡོངས་གྲངས་སུ་འཇིགས་མེད་མགོ་རིལ་ལགས་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན། འདི་ལོའི་ཕྱི་ཟླ ༡༡ ཚེས ༡ ཉིན་བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་ནད་མནར་རྐྱེན་གྱིས་སྐུ་གྲོངས་ཡོད་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་དཀར་མཛེས་རྫོང་རོང་པ་ཚ་ཇོ་རི་གྲོང་ཚོ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་རྒྱལ་ཚེ་རིང་ལགས་འདས་གྲོངས་སུ་གྱུར།

བྲག་མགོའི་སེར་སྐྱ་མི་མང་ལ་དྲག་གནོན་བྱས།

ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༧ ཉིན་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདས་ལོར་རྒྱ་ནག་གཞུང་གིས་བྲག་མགོ་དགོན་པའི་སྟོན་སྐུ་དང་གུ་རུ། བྱམས་པའི་སྐུ་བརྙན། ད་དུང་མ་ཎི་ལག་འཁོར་བཅས་གཏོར་བཤིག་བཏང་བ་དང་འབྲེལ་ཏེ། བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་མཁན་པོ་དཔལ་དགའ་ལགས་དང་ཕྱག་མཛོད་ཉི་མ་ལགས། གྲྭ་བཀྲ་ཤིས་རྡོ་རྗེ་ལགས་དང་ཉི་མ་ལགས། དེ་བཞིན། སངས་རྒྱས་ཀྱི་སྐུ་རྟེན་དེ་དག་དང་འབྲེལ་བའི་ལྷ་བྲིས་པའི་བུ་བཀྲོལ་པ་ལགས།  ལྷ་མོ་དབྱངས་སྐྱིད་དང་ཚེ་རིང་བསམ་འགྲུབ་བཅས་ཁྱོན་སེར་སྐྱ་བཅུ་ལྷག་འཛིན་བཟུང་བྱས་ཏེ་ཉེས་རྡུང་བཏང་། ཕྱི་ཟླ་ ༢ ཟླ་མགོ་ཙམ་ལ་བོད་མི་ཨ་བཟང་ལགས་དང་ནོར་མཚོ། རྡོ་ཁྲ་བཅས་གསེར་རྟ་བླ་རུང་སྒར་ལ་ཆོས་མཇལ་དུ་ཕྱིན་ནས་ལོག་ཡོང་སྐབས། བྲག་མགོ་རྫོང་ཉེན་རྟོག་པས་ཁ་པར་ནང་དུ་ཆབ་སྲིད་དང་འབྲེལ་བའི་པར་རིས་ཉར་ཚགས་བྱས་ཡོད་ལུགས་བརྗོད་ནས་ཁོང་ཚོ་འཛིན་བཟུང་བྱས་ཏེ་ཆབ་མདོའི་བཙོན་ཁང་ཞིག་ཏུ་བཅུགདེ་བཞིན་བཙུན་མ་བློ་བཟང་མཚོ་མོ་གཙོ་བྱས་པའི་བྲག་མགོ་ཕྱོགས་ཀྱི་བཙུན་མ་ཉུང་མཐར་༡༠ཙམ་འཛིན་བཟུང་བྱས་ཡོད་པ་བཅས་སྔ་གཞུག་ཏུ་བྲག་མགོའི་ཕྱོགས་ཀྱི་བོད་མི་སེར་སྐྱ་ཁྱོན་ ༢༠ ལྷག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན།

ཏོག་དབྱིབས་བཀག་སྡོམ་མ་བཟོད་པར་བོད་མི་ཁག་ཅིག་གིས་རང་ཤི་བརྒྱབ།

ཏོག་དབྱིབས་བཀག་སྡོམ་མ་བཟོད་པར་བོད་མི་ཁག་ཅིག་གིས་རང་ཤི་བརྒྱབ།

རྒྱ་ནག་གཞུང་གི་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་ནས་བོད་ནང་དུ་ནད་རླབས་གཉིས་པ་འཕྱུར་སྐབས་ཉུང་མཐར་དུས་ཡུན་ཟླ་བ་ ༣ ལྷག་ལ་ཐེམ་སྤང་བཀག་རྒྱ་བསྡམས་པ་མ་ཟད། ནད་རྟགས་ཡོད་མེད་ཚང་མ་སྨན་བཅོས་དང་འཚོ་བའི་མཐུན་རྐྱེན་ཧ་ཅང་ཞན་པའི་ཟུར་བཀག་ཁང་གཅིག་ཏུ་བཅུག་ནས་དཀའ་རྙོག་ཆེན་པོ་བཟོས་པར་བརྟེན། འདི་ལོའི་ཕྱི་ཟླ ༩ ཚེས ༢༩ བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གཅིག་པུ་ནས་བོད་མི་ནོར་གཡང་ཚུད་པའི་མི་ལྔ་ཡིས་སྐེ་བཏགས་པ་དང་ཐོག་རྩེག་ནས་མཆོངས་བ་སོགས་བྱས་ཏེ་རང་ཤི་བརྒྱབ་ཡོད་ཀྱང་། མི་དེ་དག་གི་མིང་སོགས་གནས་ཚུལ་ཁ་གསལ་རག་མེད་པ་རེད། དེ་བཞིན། འདི་ལོའི་ཕྱི་ཟླ ༡༢ ཚེས་ ༨ ཉིན་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་ཆུ་དམར་ལེབ་རྫོང་ནས་ཡིན་པའི་རང་ལོ་ ༥༠ ཡིན་པའི་མིང་ལ་སྐར་རྣམ་ཞེས་པ་ཞིག་གིས། ས་གནས་སུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཏེ་ཁྱིམ་མི་ཚོར་བཟའ་བཅའ་མ་རག་པའི་དཀའ་ངལ་འཕྲད་དེ་ས་གནས་ཀྱི་མགོ་འཁྲིད་ཚོར་ཐེངས་མང་དཀའ་སྡུག་ཞུས་ཡོད་ཀྱང་ཁ་ཡ་མ་བྱས་པར་བརྟེན། ཕྱི་ཟླ་ ༡༢ ཚེས་ ༨  ཉིན་གྱི་མཚན་དཀྱིལ་ཙམ་ལ་འུ་ཐུག་ཐབས་ཟད་དེ་ཆུ་དམར་ལེབ་རྫོང་རྩེད་ཐང་གི་གློག་སྒྲོན་ངོས་སུ་སྐེ་བཏགས་ནས་རང་ཤི་བརྒྱབ།དེ་བཞིན་འདི་ལོའི་ཕྱི་ཟླ་༥པའི་ཟླ་མགོ་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ལ་ཁ་གཡར་ཏེ་བླ་བྲང་དང་གཙོས་སོགས་སུ་དམ་དྲག་ཧ་ཅང་ཆེན་པོ་བྱེད་སྐབས།ཀན་ལྷོ་ཁུལ་གྱི་ཁུལ་དཔོན་སོགས་མགོ་འཁྲིད་ཁག་ཅིག་གིས་ཁ་གྱའི་མཚམས་པ་དགེ་འདུན་པ་ཞིག་གི་མཚམས་ཐོ་ལས་བརྒལ་ཏེ་སུན་གཙེར་སྣ་ཚོགས་བཟོས་རྐྱེན།མཚམས་པ་དགེ་འདུན་པ་དེ་འུ་ཐུག་ནས་༧གོང་ས་མཆོག་གི་སྐུ་པར་མདུན་དུ་རང་སྲོག་བཅད་པའི་གནས་ཚུལ་ཐོན།

ང་ཚོ་དང་གཏན་དུ་ཞལ་གྱེས་པའི་བྱས་པ་ཅན་འགའ།

ང་ཚོ་དང་གཏན་དུ་ཞལ་གྱེས་པའི་བྱས་པ་ཅན་འགའ།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༧ ཉིན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གསར་འཛུགས་གནང་མཁན་གྲས་བོད་ཀྱི་གསོ་བ་རིག་པའི་སློབ་དཔོན་ཆེན་མོ་རྒྱ་ཡེ་བློ་བཟང་ཉི་མ་ལགས་དགུང་གྲངས་ ༩༠ ཐོག་ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་སྐུ་གྲོངས། ཕྱི་ཟླ་ ༣ ཚེས་ ༢༨  ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྒྱང་སྒྲོག་པ་གྲགས་ཅན་ཕུར་བ་ལགས་དགུང་གྲངས་ ༧༨ ཐོག་སྐུ་གྲོངས། ཕྱི་ཟླ་ ༤ ཚེས་ ༢༧ ཉིན་བརྩམས་སྒྲུང་གྲགས་ཅན་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་རྩོམ་པ་པོ་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་དགུང་ལོ་ ༨༨ ཐོག་ལགས་སྐུ་གྲོངས། ཕྱི་ཟླ་ ༩ ཚེས་ ༢༠ ཉིན་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་སྙུང་གཞི་ཡི་རྐྱེན་པས་ཟི་ལིང་གྲོང་ཁྱེར་དུ་དགུང་ལོ་ ༥༢ ཐོག་སྐུ་གྲོངས། ཕྱི་ཟླ་ ༨ ཚེས་ ༢༩ ཉིན་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་བ་ཆེན་མོ་དང་བོད་ལྗོངས་སློབ་ཆེན་གྱི་བཟོ་རིག་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་ལགས་སྙུང་གཞིའི་རྐྱེན་བྱས་ཏེ་དགུང་གྲངས་ ༨༢ ཐོག་སྐུ་གྲོངས། ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་གྱི་དགོང་མོར་བོད་ཀྱི་གསོ་རིག་མཁས་པ་དབྱངས་དགའ་ལགས་ཡུན་རིང་ནད་མནར་གྱི་རྐྱེན་བྱས་ཏེ་སྐུ་གྲོངས། ཕྱི་ཟླ་༡༡་ཚེས་༢༨ཉིན་བོད་ཀྱི་རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ལགས་སྙུང་གཞིའི་རྐྱེན་གྱིས་སྐུ་གྲོངས་ཡོད་པ་རེད།

ཆོས་ཕྱོགས་ཀྱི་བྱེད་སྒོར་སྔར་ལས་དམ་དྲག་བྱེད་ཀྱི་འདུག

བོད་ཀྱི་གྲྭ་བཙུན་ཚོར་དམར་ཤོག་གི་སློབ་གསོ་བཙན་གྱིས་སྤེལ་གྱི་ཡོད་པ། པར་བོད་ནས་འབྱོར།

ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་འདུ་ཟེར་བའི་སྟེང་། ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་ཞེས་པའི་གཏམ་བཤད་སྤེལ་བ་ནས་བཟུང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཁུལ་དུ་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་ཇུས་འདྲ་མིན་སྣ་ཚོགས་ལག་བསྟར་བྱས་ཏེ། ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་མུས་ཡིན་པ་ལྟར། འདི་ལོའི་ཕྱི་ཟླ ༣ ཙེས ༡ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་དང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་མང་ཆེ་བའི་ནང་། དྲ་ལམ་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། དྲ་ལམ་གྱི་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་རིགས་ཡོངས་རྫོགས་མེད་པར་བཟོས་ཡོད་པ་མ་ཟད།   ཆོས་ལུགས་དང་འབྲེལ་བའི་ཚོགས་པ་ཁག་གི་ཚོགས་གཙོ་གཙོ་བོར་གྱུར་བའི་ཚོགས་མི་དང་།མི་སྒེར་གྱི་དྲ་ལམ་བརྒྱུད་པའི་ཆོས་ལུགས་བྱེད་སྒོ་ཡོངས་རྫོགས་མཚམས་འཇོག་མ་བྱས་ཚེ།མང་ཚོགས་ཁྲོད་གསང་ཉུལ་བ་འགྲེམས་འཇོག་བྱས་ནས་འཛིན་བཟུང་ཉེས་ཆད་གཅད་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟེ།ཐ་ན་དྲ་ལམ་སོགས་ནས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་པར་དང་བརྙན།འགུལ་རིས་སོགས་བསྐུར་ནའང་དམ་དྲག་བྱས་དང་བྱེད་མུས་རེད་འདུག

བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་གཏན་སྡོད་སློབ་གྲྭར་བཅུག

བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་གཏན་སྡོད་སློབ་གྲྭར་བཅུག

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་འདི་གའི་གསར་འགོད་པས་ད་ལྟ་ཁེ་ན་ཌའི་ནང་གནས་བཞུགས་འབུམ་རམས་པ་རྒན་རྒྱལ་ལོ་ལགས་སུ་བོད་ནང་གི་སློབ་གསོའི་སྐོར་བཅར་འདྲི་ཞུ་སྐབས། ཁོང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ ༥༠ ལྷག་གི་ནང་དངོས་སུ་སྐོར་སྐྱོད་ཀྱིས་ཉམས་ཞིབ་གནང་སྐབས། ཉུང་མཐར་བོད་ཁུལ་གྱི་རང་ལོ་ ༤ ནས་ ༡༨ བར་གྱི་སློབ་ཕྲུག་ས་ཡ་ ༡ ཙམ་གཏན་སྡོད་སློབ་གྲྭར་བཅུག་སྟེ། ཕ་མ་གཉེན་ཉེ་དང་རིག་གཞུང་གོམས་སྲོལ་དང་ཁ་བྲལ་དུ་བཅུག་ཡོད་པ་དང་། རྒྱ་ནག་གཞུང་གིས་སྲིད་ཇུས་དེ་ཐོག་མར་ལག་བསྟར་བྱེད་སྐབསསློབ་གྲྭ་རུ་བྱིས་པ་མང་པོར་ནད་མནར་བྱུང་བར་བརྟེན། ཁྱིམ་བདག་ཚོས་ཕྲུ་གུ་རང་ཁྱིམ་དུ་འཁྲིད་འགྲོ་རྒྱུ་ཡིན་པའི་བསམ་ཚུལ་ཤུགས་ཆེན་པོ་བཏོན་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་གཞུང་གིས་གཏན་སྡོད་སློབ་གྲྭ་ཁག་གི་ནང་ཟ་མ་དང་སྡོད་གནས་སོགས་མཐུན་རྐྱེན་ཧ་ཅང་ཚད་མཐོ་བོའི་ཐོག་ནས་ཡར་རྒྱས་བཏང་བར་བརྟེན། ཆ་རྐྱེན་ཞན་པའི་རོང་འབྲོག་མང་ཚོགས་ཀྱི་བྱིས་པ་རྣམས་དབྱར་དགུན་གྱི་གུང་སེང་ལ་རང་ཁྱིམ་དུ་བསླེབས་པ་ཡིན་ནའང་སློབ་གྲྭར་འགྲོ་ཡི་ཡིན། ཟ་མ་སོགས་ཞིམ་པོ་མི་འདུག་ཟེར་བ་ལྟ་བུའི་གནས་སྟངས་འོག་ལྷུང་དུ་བཅུག་ཡོད་སྐོར་བརྗོད་བྱུང་ལ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་རེ་ཨ་མེར་ཁི་ལེས་(Jeff Merkley)ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝིན་(Jim McGovern)་ལགས་རྣམ་གཉིས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཝོལ་ཁེར་ཌུར་ཀ་(Volker Turk)མཆོག་གི་མཚན་ཐོག་ཏུ་བོད་ནང་གི་བྱིས་པ་རྣམས་བཙན་གྱིས་ཁྱིམ་དང་ཁ་བྲལ་དུ་བཅུག་སྟེ། རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭར་སྐྱེལ་བཞིན་པའི་གནད་དོན་ཐོག་ཞིབ་འཇུག་ནན་པོ་གནང་དགོས་པའི་སྙན་ཞུ་ཕུལ་འདུག རྒྱ་ནག་གཞུང་གིས་བྱིས་གཉོར་ཁང་ནས་བཟུང་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་རྒྱ་སྐད་རྒྱ་ཡིག་ཁོ་ན་སྦྱོང་སྤྱོད་བྱེད་པའི་སྲིད་ཇུས་གཏིང་ཟབ་ཀྱིས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༢ ་ཚེས་ ༡༥ ཉིན་ནས་བཟུང་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ལའང་རྒྱའི་སྐད་ཡིག་གི་གནས་ཚད་རིམ་པ་ ༦ དུ་དབྱེ་བའི་ཚད་ལེན་སྲིད་ཇུས་ཤིག་གཟབ་ནན་དང་སྐུལ་འདེད་ཀྱི་ནུས་པ་ལྡན་པའི་ཐོག་ནས་ལག་བསྟར་བྱེད་མགོ་བཙུགས་འདུག  བོད་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གཅིག་པུ་ཙམ་མ་ཡིན་པར་བྱིས་པ་ཚོའི་ཕ་མ་དང་ས་གནས་མང་ཚོགས་ལའང་བསམ་བློ་བསྒྱུར་བཀོད་སློབ་གསོ་དང་ཏང་འཛུགས་སྐྱོང་གི་གསབ་སྦྱོང་ཟེར་བ་སོགས་ཀྱི་མིང་ཐོག་ནས་རྒྱ་སྒྱུར་ཚོགས་འདུ་བསྡུས་ཏེ། རྒྱ་ཡིག་རྒྱ་སྐད་སྦྱོང་བར་སྐུལ་འདེད་གཏོང་བའི་བྱ་འགུལ་རབ་དང་རིམ་པར་སྤེལ་དང་སྤེལ་མུས་རེད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist