མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་ཀྱི་སྐར་ཆེན་དེ་སུ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

གསར་འགོད་པ། དཔལ་ལྡན།

The Biography of Lionel Messi. The Story of his Early Life to the moment of Fame.

ཕྱི་ལོ ༢༠༢༢ ལོའི་ཟླ ༡༢ ཚེས ༡༨ ཉིན་གྱི་དགོང་མོར་དཀྱིལ་ཤར་ཨེ་ཤ་ཡའི་ཁཱ་ཊར་རྒྱལ་ཁབ་ཏུ་བསྡུས་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇིན་ཊི་ན་རྩེད་འགྲན་ལས་རྣམ་པར་རྒྱལ་ཏེ་རྒྱལ་སྤྱིའི་རྐང་སྤོལ་གྱི་གསེར་བུམ་ཐེངས་གསུམ་པ་དེ་བཀྱགས་ཡོད་པ་རེད། དེ་ནི་རྩེད་འགྲན་པ་མེ་སི་ཡིས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཆེ་ཤོས་ཤིག་ཏུ་བརྩིས་ཡོད་ལ། རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་གྱི་གར་སྟེགས་ཆེ་འབྲིང་ཆུང་གསུམ་དུའང་མེ་སེ་ནི་དུས་རབས་འདིའི་ཆེས་གཟེངས་སུ་ཐོན་པའི་ཕུལ་བྱུང་རྩེད་འགྲན་པ་དེ་ཡིན་པའི་གླེང་སློང་སྔར་ལས་ཤུགས་ཆེ་རུ་ཕྱིན།

མེ་སི་ཡི་བྱིས་དུས། 

Lionel Messi’s parents

ད་ལྟ་རང་ལོ་ ༣༥ ཡིན་པའི་ལི་ནོལ་མེ་སི་ (Lionel Andrés Messi) ནི་ཕྱི་ལོ ༡༩༨༧ ཟླ ༦ ཚེས ༢༤ ཉིན་ཕ་ཇོར་ཇི་མེ་སི་( Jorge messi) དང་མ་སི་ལ་ཡོ་( Celia Cuccittini) གཉིས་ཀྱི་བུ་རུ་ཨར་ཇིན་ཊི་ནའི་རོ་སི་རོ་ཡ་(Rosario) གྲོང་ཁྱེར་དུ་སྐྱེས་ཤིང་། ཁོང་གཉིས་ལ་ཕྲུ་གུ་བཞི་ཡོད་པ་ལས། མེ་སི་ནི་ཕྲུ་གུ་གསུམ་པ་དེ་ཡིན་འདུག ཁོང་གི་ནང་མི་ཚང་མ་རྐང་སྤོལ་ལ་དོ་དབྱིངས་ཡོད་མཁན་ཤ་སྟག་ཡིན་སྟབས། མེ་སི་ཕྲུ་གུའི་དུས་ནས་རྐང་སྤོལ་ལ་འཐམ་འཁྱུད་བྱས་ཏེ་དུས་འདའ་བར་བྱས་ཤིང་། རང་ལོ་བཞི་ཡི་ཐོག་ཁོང་གྷན་ཌོ་ལི་ (Grandoli) ཞེས་པའི་བྱིས་པའི་རུ་ཁག་ཅིག་ཏུ་མཉམ་ཞུགས་བྱས་ཡོད་འདུག་ལ། རུ་ཁག་དེའི་རྩེད་རིགས་ལམ་སྟོན་དང་སྣེ་ཁྲིད་པ་ནི་ཁོང་གི་ཨ་ཕ་ཡིན་འདུག  ཁོང་གིས་རུ་ཁག་དེ་ནས་རྐང་སྤོལ་གྱི་རྒྱུན་ཤེས་སྐོར་ལ་སློབ་སྦྱོང་བྱས་ཡོད་པ་དང་། དེ་ནས་རང་ལོ་དྲུག་གི་ཐོག་རོ་སི་ཡོ་རུ་ཁག (Rosario club ) ཏུ་ཞུགས། སྐབས་དེར་ལོ་ན་དྲུག་ལ་སོན་པའི་བྱིས་པ་རྣམས་ཀྱི་ཁྲོད་ནས་ཆེས་ཕུལ་བྱུང་གི་རྩེད་འགྲན་པ་ཞིག་ཏུ་གྱུར། འོན་ཀྱང་། མི་ཚེ་ནི་སྐྱིད་སྡུག་འདྲེས་མའི་དངོས་བྲིས་འཁྲབ་གཞུང་རིང་མོ་ཞིག་ཡིན་པས། མེ་སི་རང་ལོ ༡༠ ལ་སོན་སྐབས་སྐྱེས་འཕེལ་ ( Growth hormone ) ནུས་པ་ཧ་ཅང་ཆུང་བའི་ན་ཚ་ཞིག་ཡོད་པ་ཤེས་རྟོགས་བྱུང་། སྐབས་དེར་ཕ་མ་གཉིས་དང་རེ་བའི་མིག་འབྲས་ཁོང་ལ་གཏད་པའི་རུ་ཁག་མང་པོ་ཞིག་གི་མགོར་གནམ་ལྕགས་ཐོག་གིས་བརྒྱབ་པ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར། ཡིན་ནའང་།  ཁོང་གི་ཕ་མ་གཉིས་ཀྱིས་རང་གི་བུ་ཆུང་གི་མ་འོངས་པའི་ཕུགས་འདུན་ཁོ་ནར་བསྙེགས་ཏེ། ཁོང་ལ་མ་མཐར་ཟླ་བ་གཅིག་གི་རིང་ལ་ཨ་སྒོར་ ༡༠༠༠ ལྷག་བཏང་ནས་སྨན་བཅོས་བྱས་ཡོད་ལ། གཞུང་སྒེར་མང་པོ་ཞིག་གིས་ཀྱང་ཁོང་ལ་རོགས་འདེགས་བྱས་ཡོད་ཀྱང་། ཕན་འབྲས་དམིགས་བསལ་ཞིག་གཏན་ནས་མ་བྱུང་། ཡིན་ནའང་། ཁོང་གིས་མུ་མཐུད་ནས་རྐང་རྩེད་སྤོ་ལོའི་ཆེད་མཁས་པ་ཞིག་ཏུ་འགྱུར་བའི་རྨི་ལམ་གཏན་ནས་མ་དོར་བར་འབད་འབུངས་ཁྲི་མ་འབུམ་བྱས་མཐར། ཕྱི་ལོ ༢༠༠༠ ལོའི་ཟླ ༡༢ ནང་སི་པེན་ནང་ཆེས་སྐད་གྲགས་ཆེ་བའི་བྷར་སི་ལོ་ན( Barcelona) རུ་ཁག་གི་ན་གཞོན་སློབ་གྲྭར་འདེམས་ཐོན་བྱུང་། ཁོང་གིས་བྷར་སི་ལོ་ནའི་ན་གཞོན་རུ་ཁག་དང་། རུ་ཁག་གཉིས་པའི་ནང་རྩེད་འགྲན་བྱས་པ་ལས། རྩེད་འགྲན་རུ་ཁག་དང་པོའི་ནང་བདམས་མེད་པ་རེད། གང་ལྟར་ཁོང་རྐང་སྤོལ་གྱི་ཆེད་ལས་ལམ་བུར་དེ་ལྟར་ཞུགས།

ཆེད་ལས་ཀྱི་ལམ་བུ་དང་གྲུབ་འབྲས།

Messi in Argentina jersey

མེ་སི་རང་ལོ་བཅོ་བརྒྱད་ཀྱི་ཐོག་བྷར་སི་ལོ་ནའི་རུ་ཁག་དང་པོར་བདམས་ནས། ཁོང་གིས་ཕྱི་ལོ ༢༠༠༥ ནས་ ༢༠༢༡ བར་མི་ལོ་ ༡༦ ལྷག་གི་རིང་བྷར་སི་ལོ་ནའི་རྩེད་འགྲན་རུ་ཁག་དང་པོའི་ནང་རྩེད་འགྲན་བྱས། མི་ལོ་དེ་དག་གི་རིང་ལ་ཁོང་གིས། སི་པེན་རྒྱལ་ཁབ་ཀྱི་རྐང་སྤོལ་རྩེད་འགྲན་ལ་ལི་གྷ་( laliga ) ཐེངས་བཅུ་བཀྱགས་ཡོད་པ་དང་། ཡུ་རོབ་ནང་ཆེས་སྐད་གྲགས་ཆེ་བའི་ཆེམ་བྷེན་སི་ལིག (Champions League) ཐེངས་བཞི་བཀྱགས་ཡོད་འདུག་ལ། ཕྱི་ལོ ༢༠༠༩ ལོར་བྷར་སི་ལོ་ནས་ཡུ་རོབ་ནང་གི་རྩེད་འགྲན་ཚང་མ་ལས་རྣམ་པར་རྒྱལ་ཏེ། ཡུ་རོབ་ནང་གི་རུ་ཁག་རྩེ་ཕུད་དུ་གྱུར་ཡོད་ཅིང་། སྐབས་དེར་མེ་སི་ཡིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་གསེར་གྱི་སྤོ་ལོ་( Ballon D’or) ཆེས་ཐོག་མ་དེ་བཀྱགས་ཡོད་པ་མ་ཟད། ལོ་དེར་ཁོང་ལ་རྒྱལ་སྤྱིའི་ཧྥི་ཧྥའི་ལོ་གཅིག་གི་ཕུལ་བྱུང་རྩེད་འགྲན་པའི་(FiFa world player of the  year award) ཆེས་མཐོའི་གཟེངས་རྟགས་ཀྱང་ཐོབ། ཕྱི་ལོ ༢༠༡༢ ལོར་མེ་སི་ཡིས་ལ་ལི་གྷའི་རྩེད་འགྲན་གཅིག་པུར་སྤོ་ལོ་ ༥༠ བླུགས་ཏེ། ལོ་དེའི་སྤོ་ལོ་མང་ཤོས་བླུག་མཁན་གྱི་མི་སྣར་བདམས་ནས་གསེར་ལྷམ་ ( golden shoe) ཐོབ་ཡོད་འདུག་ལ། ད་བར་ཁོང་གིས་ཡུ་རོབ་ཀྱི་གསེར་ལྷམ་ཐེངས་ ༥ དང་། རྒྱལ་སྤྱི་རིམ་པའི་གསེར་གྱི་སྤོ་ལོ་( Ballon D’or) ཐེངས་དྲུག་བཀྱགས་འདུག་པས། མེ་སི་ལགས་ནི་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་རྒྱལ་སྤྱིའི་གསེར་གྱི་སྤོ་ལོ་ཐོབ་མཁན་ཆེས་མང་ཤོས་ཀྱི་རྩེད་འགྲན་པ་དེ་ཡིན་འདུག

ཕྱི་ལོ ༢༠༢༡ ལོར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་བྷར་སི་ལོ་ནའི་རུ་ཁག་གི་དཔལ་འབྱོར་ལ་གོད་ཆག་ཆེན་པོ་བྱུང་ནས། མེ་སི་ཧྥ་རན་སིའི་ཕི་ཨེ་སི་ཇུ( PSG) རུ་ཁག་ཏུ་མ་འགྲོ་ཐབས་མེད་དུ་གྱུར་སྟབས། ཕྱི་ལོ ༢༠༢༡ ཟླ ༨ ཚེས ༨ ཀྱི་ཉིན་མོར་ཁོང་གིས་རྩེད་འགྲན་པ་རྣམས་ལ་བདེ་མོ་བཞག་པའི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། དྲང་མོ་བཤད་ན་རུ་ཁག་མང་པོ་ཞིག་གིས་ང་དང་གན་རྒྱ་འཇོག་འདོད་ཡོད་ཀྱང་། ངས་མོས་མཐུན་བྱས་མེད།  འོན་ཀྱང་། ད་ལྟ་ང་ཚོའི་བར་བསྐྱར་དུ་གླེང་སློང་བྱེད་མུས་ཡིན། ངས་རང་གི་རུ་ཁག་དང་རྩེད་འགྲན་པ་རྣམས་ལ་བདེ་མོ་འཇོག་དགོས་སྣང་ཞིག་དྲན་མ་མྱོང་ལ། རྩེད་འགྲན་ཐང་ཆེན་གྱི་ཀི་སྒྲ་དང་ཆེས་མཐའ་མཇུག་གི་རྩེད་འགྲན་དུ་ཞུགས་འདོད་པ་ལས། འདི་ལྟར་བྱུང་བ་ཞིག་སེམས་སུ་གཏན་ནས་འཁོར་མ་མྱོང་། ངས་རིམས་ནད་སྐབས་ཀྱི་ཀི་སྒྲ་དང་མི་ཚོགས་མེད་པའི་རྩེད་འགྲན་དག་དྲན་ལ། ངས་ཀི་སྒྲ་དང་བྷར་སི་ལོ་ནའི་རྒྱབ་སྐྱོར་བས་ཁེངས་པའི་རྩེད་ཐང་ནས་ཚང་མར་བདེ་མོ་འཇོག་འདོད་ཀྱང་། ངས་འདི་ལྟར་ཚང་མར་བདེ་མོ་འཇོག་དགོས་བྱུང་བ་ནི་ཆེས་སྐྱི་གཡའ་བ་དང་། ཞེ་སེམས་སྨྲེང་བ་ཞིག་རེད་ཅེས་བརྗོད་མཐར། ཨུ་ཚུགས་ཀྱིས་བསྲན་ཡང་འགོག་ཐབས་བྲལ་བའི་མིག་ཆུ་ཡང་ཡང་འཐོར་བས། ཁོང་གི་རུ་ཁག་གི་རྩེད་འགྲན་པ་དག་ཡིད་སེམས་སྨྲེང་ཞིང་མིག་མཐའ་མཆི་ཞགས་ཀྱིས་ཁེངས་ཀྱང་། མེ་སི་ལ་ཆེས་མཐའ་མཇུག་གི་བདེ་མོ་གཞག་རྒྱུ་ལས་ཐབས་གང་ཡང་མ་རྙེད། དེ་ནི་ཁོང་མི་ལོ་ ༡༦ རྗེས་སུ་རང་གི་གཞིས་ཁྱིམ་དུ་འབོད་པའི་དྲོད་ལམ་ལམ་གྱི་གནས་མལ་ཞིག་ནས་ས་མཐར་ཆས་པ་དང་གཉིས་སུ་མ་མཆིས།

བརྩེ་དུང་གི་གཏམ་རྒྱུད། 

3 Lionel Messi and his family pose with his seventh Ballon d’Or awards in Paris.

མེ་སི་དང་ཁོང་གི་ཆུང་མ་ཨེན་ཐོ་ནི་ལ་ (Antonela Roccuzzo) གཉིས་ནི་ཆུང་བྱིས་པའི་དུས་ནས་ངོ་ཤེས་ཤིང་། སྐབས་དེར་མེ་སི་དང་ཁོའི་གྲོགས་པོ་ལུ་ཁ་སི (Lucas) གཉིས་ཀྱིས་ (Newell’s Old Boy) བྱིས་པའི་རུ་ཁག་ཏུ་རྐང་སྤོལ་རྩེ་ཡི་ཡོད། ཁོ་མོ་ནི་ལུ་ཁ་སི་ཡི་སྲིང་མོ་ཡིན་པས། དབྱར་དུས་ཀྱི་ཉིན་ཞིག་མེ་སི་གྲོགས་པོ་ལུ་ཁ་སི་ཡི་ནང་མི་དང་ལྷན་གླིང་ག་གཏོང་བར་ཕྱིན། སྐབས་དེར་མེ་སི་དང་ཁོ་མོ་མཐུན་པོར་གྱུར་ནས་ཆེས་དྭངས་གཙང་གི་བྱིས་པའི་བརྩེ་འདང་ཞིག་ལྷུན་གྱིས་ཆགས། དེ་དུས་མེ་སི་ལོ་དགུ་ཡིན་པ་རེད། དུས་དེ་ནས་བཟུང་ཁོང་གཉིས་ནི་སྐྱིད་སྡུག་གི་ཁུར་བོ་མཉམ་དུ་ཁུར་བའི་རྩེད་གྲོགས་ཞིག་ཏུའང་གྱུར་ཏེ། ཉིན་ལྟར་སྲང་ལམ་དང་གླིང་ག་སོགས་སུ་རྩེད་འཇོར་རོལ། མེ་སི་རང་ལོ ༡༡ ཙམ་ལ་སི་པེན་དུ་གནས་སྤོར་བྱས། དེར་སྨན་བཅོས་དང་བྷར་སི་ལོ་ནའི་ཟུར་སྦྱོང་སོགས་སུ་ཚུད་ཀྱང་། ཁོང་གི་དགའ་མ་ཨེན་ཐོ་ནི་ལ་ཨར་ཇིན་ཊི་ནར་ལུས།

ཕྱི་ལོ་ ༢༠༠༥ ལོར་ཨེན་ཐོ་ནི་ལ་ཡིས་སྨན་གྱི་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ། ཁོང་མོའི་གྲོགས་མོར་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་འདས་གྲོངས་སུ་གྱུར་བས། མོའི་ལུས་སེམས་གཉིས་ལ་དཀའ་ངལ་ཤུགས་ཆེན་འཕྲད་པར་བརྟེན། མེ་སི་སི་པེན་ནས་ཐད་ཀར་ཨར་ཇིན་ཊི་ནར་ཕྱིན་ནས་རང་གི་ཆེས་བློར་བབ་པའི་མི་མོ་དེར་སླར་ཡང་ཐུག དེ་ནས་ཁོང་མོའི་རང་གི་ཕ་ཡུལ་དང་། སློབ་སྦྱོང་། ཕ་མ་སོགས་རྒྱབ་ལ་བསྐྱུར་ནས་མེ་སི་དང་ལྷན་དུ་སི་པེན་དུ་ཕྱིན་ནས་སྐྱིད་སྡུག་འདྲེས་མའི་འཚོ་བ་གསར་པ་ཞིག་གི་སྣེ་མོར་འཇུས། ཕྱི་ལོ ༢༠༡༢ ཟླ ༡༡ ཚེས ༢ ཉིན་ཁོང་གཉིས་ལ་མཐའ་ཡས་གྷོ་མེ་སི་ (Thiago messi)  ཞེས་པའི་བུ་ཞིག་སྐྱེས། ད་ལྟ་རང་ལོ་ ༣༤ ཡིན་པའི་ཨེན་ཐོ་ནི་ལ་དང་མེ་སི་གཉིས་ལ་རང་ལོ་བཅུ་ཡིན་པའི་བུ་མཐའ་ཡས་སྒོ་མེ་སི་དང་། རང་ལོ་བདུན་ཡིན་པའི་མཱ་ཊོ་ཡི་མེ་སི་(Mateo Messi) རང་ལོ་བཞི་ཡིན་པའི་སི་རོ་མེ་སི་(Ciro messi) བཅས་བུ་གསུམ་ཡོད་འདུག་ཀྱང་། ཁོང་གཉིས་དངོས་སུ་གཉེན་སྒྲིག་བྱས་ནས་མི་ལོ ༧ ལས་འགོར་མེད་པ་རེད།

རྒྱལ་སྤྱི་རིམ་པའི་རྩེད་འགྲན་དང་གྲུབ་འབྲས།

FIFA World Cup  Final  Argentina v France – Lusail Stadium, Lusail, Qatar ,December 18, 2022.REUTERS/Kai Pfaffenbach/File Photo

ཕྱི་ལོ ༢༠༠༣ ཙམ་ནས་ཁོ་ཨར་ཇིན་ཊི་ན་(Argentine) ཡི་ལོ་བཅུ་བདུན་མན་གྱི་རྐང་སྤོལ་རུ་ཁག་ཏུ་བདམས་ནས་རྩེད་འགྲན་མང་པོའི་ནང་ཞུགས།  ཕྱི་ལོ ༢༠༠༥ ལོར་རྒྱལ་སྤྱི་རིམ་པའི་ལོ་བཅུ་དགུ་མན་གྱི་བུའི་རྩེད་འགྲན་རིམ་པར་གྲུབ་འབྲས་མི་དམན་པ་ཞིག་བླངས།  ཕྱི་ལོ ༢༠༠༧ ལོར་ཁོ་པ་ཨ་མེ་རི་ཁ་ (Copa America) ཡི་རྩེད་འགྲན་གྱི་རྟིང་རྩོད་འགྲན་སྡུར་དུ་ཚུད་ཡོད་ཀྱང་། མཐའ་མའི་རྟིང་རྩོད་སྐབས་བྷར་ཛིལ་གྱིས་སྤོ་ལོ་གསུམ་བླུགས་ནས་རྒྱལ་ཁ་བླངས། ཕྱི་ལོ ༢༠༠༨ ལོར་རྒྱ་ནག་རྒྱལ་ས་པེ་ཅིན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་རྩེད་འགྲན་ཐོག་མེ་སི་ཡིས་སྣེ་ཁྲིད་པའི་ཨར་ཇིན་ཊི་ནའི་རུ་ཁག་གིས་རྩེད་འགྲན་དུ་མ་ལས་རྒྱལ་ཁ་བླངས་ནས་མཐའ་མའི་རྟིང་རྩོད་འགྲན་སྡུར་དུ་ཚུད་ཡོད་ཅིང་། མཐའ་མའི་རྟིང་རྩོད་ཀྱི་འགྲན་སྡུར་དེ་ཨ་ཧྥི་རི་ཁའི་ན་ཇི་རི་ཡ་(Nigeria) དང་ཨར་ཇིན་ཊི་ནའི་བར་རྩེད་འགྲན་བྱས་མཐར། ཨར་ཇིན་ཊི་ནས་སྤོ་ལོ་གཅིག་བླུགས་ནས་རྣམ་པར་རྒྱལ་ཏེ་ཨོ་ལིམ་ཕིག་གི་གསེར་གྱི་རྟགས་མ་བླངས་ཡོད་ལ། མེ་སི་ལ་ཕུལ་བྱུང་རྩེད་འགྲན་པའི་བྱ་དགའ་དེའང་ཐོབ་འདུག ཕྱི་ལོ ༢༠༡༤ ལོར་ཨར་ཇིན་ཊི་ནའི་རུ་ཁག་རྒྱལ་སྤྱིའི་གསེར་བུམ་རྟགས་མའི་འགྲན་སྡུར་གྱི་རྟིང་རྩོད་དུ་ཚུད་དེ་ཕམ་ཉེས་བྱུང་ཡང་། མེ་སི་ལ་རྩེད་འགྲན་པ་ཆེས་ཡག་ཤོས་ཀྱི་བྱ་དགའ་ཐོབ། ཕྱི་ལོ ༢༠༡༦ ལོའི་ཁོ་པ་ཨ་མེ་རི་ཁའི་རྟིང་རྩོད་འགྲན་སྡུར་སྟེང་། མེ་སི་ཡིས་མཐའ་མའི་མདུན་བཀག་མེད་པའི་རྡོག་རྡེག་ (Penalty) གཞུ་སྐབས། སྤོ་ལོ་སྒོ་རའི་ཕྱི་རོལ་དུ་གཡུགས་ནས་ཅི་ལི་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་ཁ་ཐོབ། དེ་བཞིན་ཕྱི་ལོ ༢༠༡༨ ལོའི་ཨུ་རུ་སུར་འཚོགས་པའི་རྒྱལ་སྤྱིའི་གསེར་བུམ་རྟགས་མའི་འགྲན་ཚོགས་དང་ཁོ་པ་ཨ་མེ་རི་ཁ་གཉིས་ལ་གྲུབ་འབྲས་དམིགས་བསལ་བླངས་ཐུབ་མེད། མེ་སི་ལ་ཁོ་པ་ཨ་མེ་རི་ཁ་དང་རྒྱལ་སྤྱིའི་གསེར་བུམ་རྟགས་མའི་རྩེད་འགྲན་གཉིས་ལ་རྒྱལ་ཁ་ཐོབ་མེད་པ་མ་གཏོགས། དེ་ལས་གཞན་པའི་རྩེད་འགྲན་གྲགས་ཆེ་བ་ཕལ་མོ་ཆེ་ལས་རྣམ་པར་རྒྱལ་ཟིན་པས། ཁོས་རྩེད་འགྲན་དེ་གཉིས་ལས་རྣམ་པར་རྒྱལ་རྒྱུ་ནི་ཆེས་མཐའ་མཇུག་གི་རེ་བ་ཁོ་ན་ཡིན།

མེ་སི་ཡི་རྨི་ལམ་མངོན་གྱུར།

ཕྱི་ལོ  ༢༠༢༡ ལོར་ཨ་མེ་རི་ཁའི་གླིང་ཕྲན་རྒྱལ་ཁབ་ཁག་གི་ཆེས་མཐོ་བའི་ཁོ་པ་ཨ་མེ་རི་ཁའི་རྩེད་འགྲན་ཁྲོད། མེ་སི་ཡིས་ཨར་ཇིན་ཊི་ནའི་རུ་དཔོན་གྱི་དཔུང་རྟགས་བཏགས་ནས་རྩེད་འགྲན་རིམ་པའི་བཞུད་ལམ་དུ་ཆས་མཐར། ཨར་ཇིན་ཊི་ན་དང་བྷར་ཛིལ་གཉིས་ཀྱིས་མཐའ་མའི་རྩེད་འགྲན་གྱི་རྒྱལ་ཕམ་བརྩད་དེ། ཨར་ཇིན་ཊི་ནར་སྤོ་ལོ་གཅིག་གིས་རྒྱལ་ཁ་ཐོབ་ཅིང་། དེ་ནི་མེ་སི་ཡི་ཆེས་མཐའ་མཇུག་གི་རྨི་ལམ་གཅིག་མངོན་གྱུར་བྱུང་བ་རེད།  ཕྱི་ལོ ༢༠༢༢ ལོའི་ཁཱ་ཊར་དུ་འཚོགས་པའི་རྒྱལ་སྤྱིའི་གསེར་བུམ་རྟགས་མའི་རྐང་སྤོལ་འགྲན་ཚོགས་སྟེང་། རྩེད་རིགས་དབྱེ་ཞིབ་པ་མང་པོ་ཞིག་གིས། ཐོག་མའི་རྩེད་འགྲན་གྱི་རིམ་པ་དང་།   རྩེད་འགྲན་པ་རྣམས་ཀྱི་ནུས་རྩལ་དང་དྲག་འདེམས་ཀྱི་རིམ་པ། རུ་ཁག་གི་སྤྱི་ཡོངས་ཀྱི་རྩེད་འགྲན་པ་རྣམས་ལ་གཞིགས་ནས།  འདས་ལོའི་རྒྱལ་སྤྱིའི་ཧྥི་ཧྥ་གསེར་གྱི་རྟགས་མ་དེ། ཧྥ་རན་སི་ ( France )དང་། བྷི་རཱ་ཛིལ  (Brazil ) འཇར་མ་ནི( Germany) སི་པེན (Spain) ཨར་ཇིན་ཊི་ན( Argentina) དབྱིན་ཡུལ་གང་རུང་ཞིག་ལ་འཐོབ་རྒྱུའི་ཚོད་དཔག་བྱས་ཡོད་ལ། རྩེད་རིགས་དབྱེ་ཞིབ་པ་མང་པོ་ཞིག་གིས། འདས་ལོའི་ཐོག་མའི་རྩེད་འགྲན་གྱི་རིམ་པ་ལས་ཨར་ཇིན་ཊི་ནར་ཕམ་ཁ་གཅིག་ཀྱང་མ་བྱུང་བར་ཐེངས་ ༣༦ ལ་འགྲན་རྒྱལ་བྱུང་ཡོད་པས། མེ་སི་ཡི་རྒྱལ་སྤྱི་རིམ་པའི་མཐའ་མཇུག་གི་རྩེད་འགྲན་དེར་ཨར་ཇིན་ཊི་ནར་རྒྱལ་ཁ་འཐོབ་རྒྱུར་རེ་བ་བཅངས་ཡོད་ཀྱང་། རྒྱལ་སྤྱིའི་གསེར་བུམ་རྟགས་མའི་ཐོག་མའི་རྩེད་འགྲན་སྐབས་སི་དྷའེ་ཨ་རབ་བྷི་ཡས་(Saudi Arabia) ཨར་ཇིན་ཊི་ན་ཕམ་པར་བྱས་ཡོད་སྟབས། དེ་ནི་ལྟད་མོ་བ་རྣམས་ཡིད་ཆེས་དཀའ་བའི་གནས་སུ་གྱུར། འོན་ཀྱང་། ཨར་ཇིན་ཊི་ནས་རྩེད་འགྲན་གྱི་རིམ་པ་དུ་མ་བརྒྱུད་མཐར། ཕྱི་ལོ ༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་དེ་བཀྱགས་ཡོད་པ་མ་ཟད། མེ་སི་ལ་རྩེད་འགྲན་པ་ཡག་ཤོས་ཀྱི་གསེར་གྱི་སྤོ་ལོའི ( golden ball) བྱ་དགའ་ཐོབ། མེ་སི་ཡི་རྒྱལ་སྤྱིའི་གསེར་བུམ་རྟགས་མའི་མཐའ་མཇུག་གི་རྩེད་འགྲན་ལས་རྣམ་པར་རྒྱལ་བ་ནི། ལྷ་ཆེན་གང་ཞིག་གིས་གོ་སྒྲིག་བྱས་པ་ཞིག་གཏན་ནས་མིན་པར། ཁོས་མི་ཚེ་གཅིག་གི་འབད་འབུངས་ལས་བླངས་པའི་རྒྱལ་ཁ་ཆེ་ཤོས་དེ་ཡིན་ལ། དེ་ནི་མེ་སི་ཡིས་རྒྱལ་སྤྱི་རིམ་པའི་རྐང་སྤོལ་གར་སྟེགས་སུ་བཞག་པའི་འོད་ལམ་ལམ་གྱི་བཞུད་ལམ་དང་། ཆེས་མཐའ་མཇུག་གི་གཡབ་མོ་དེའང་ཡིན་སྲིད།

མེ་སི་དང་རོ་ནལ་ཌོ་ཡི་ཁྱད་པར།

Cristiano Ronaldo and Lionel Messi pose together ahead of FIFA World Cup

འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་ཉེ་རབས་ལོ་རྒྱུས་ཀྱི་ཁྲོད་དུ་མེ་སི་དང་རོ་ནལ་ཌོ་ཡིས་གནས་བབ་མཐོ་པོ་བླངས་ཡོད་པའི་ཁར། ཁོང་གཉིས་ནི་དེང་རབས་ཀྱི་རྐང་སྤོལ་རྩེད་འགྲན་ཁྲོད་ཀྱི་སྐར་ཆེན་གཉིས་སུ་རྩི་མུས་ཡིན་འདུག་ལ། མི་ཚོགས་ཕལ་མོ་ཆེས་ཁོང་གཉིས་ཀ་དུས་རབས་འདིའི་ཆེས་ཕུལ་བྱུང་གི་རྩེད་འགྲན་པ་ (Greatest  Of All Time) རུ་མགྲིན་གཅིག་གིས་ངོས་འཛིན་བྱས། ཁོང་གཉིས་ཀྱི་སི་པེན་ཀྱི་ལ་ལི་གྷ་ (Laliga) ཡི་རྩེད་འགྲན་གར་སྟེགས་ཐོག་ཏུ་མི་ལོ་བཅོ་ལྔ་ལྷག་གིས་རིང་ལ་ཕན་ཚུན་ངོ་གདོང་གཏད་ནས་འགྲན་སྡུར་བྱས་ཡོད། མི་ལོ་གསུམ་གྱི་གོང་དུ་བྷི་ཊི་རྩེད་རིགས་( BT sport ) ཤིག་གིས་བརྙན་རིས་ཤིག་སྤེལ་བའི་ནང་། རོ་ནལ་ཌོས་གསར་འགོད་པར། ང་དང་མེ་སི་ཡིས་མི་ལོ་བཅོ་ལྔའི་རིང་ལ་སྡིངས་ཆ་གཅིག་གི་ཐོག་ཏུ་རྩེད་འགྲན་བྱས་ཡོད་ཅིང་། ངས་མི་གཉིས་ཀྱིས་སྡིངས་ཆ་གཅིག་གི་ཐོག་ཏུ་མི་ལོ་བཅོ་ལྔ་ལྷག་གི་རིང་ལ་རྒྱལ་ཕམ་བརྩད་ནས་བསྡད་པ་ཞིག་རྐང་སྤོལ་གྱི་རྩེད་འགྲན་ལོ་རྒྱུས་ཁྲོད་བྱུང་ཐུབ་མིན་མི་ཤེས་ལ། དེ་ཧ་ཅང་དཀའ་མོ་ཞིག་ཡིན་ཡང་།  ངེད་གཉིས་ཀྱི་བར་དུ་འབྲེལ་ལམ་ཡག་པོ་ཡོད། ཡིན་ནའང་། ངེད་གཉིས་ཀྱིས་ལྷན་གཅིག་ཏུ་ནུབ་ཟས་ཤིག་རོལ་མྱོང་མེད་སྟབས། མ་འོངས་པར་ངེད་གཉིས་ཀྱིས་ལྷན་གཅིག་ཏུ་ནུབ་ཟས་ལ་རོལ་རྒྱུར་རེ་བ་འཆང་མུས་ཡིན་ཞེས་བརྗོད་འདུག རོ་ནལ་ཌོ་ནི་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་སྤོ་ལོ་མང་ཤོས་བླུག་མཁན་དེ་ཡིན་ཡང་། རོ་ནལ་ཌོ་ལ་གསེར་གྱི་སྤོ་ལོ་(Ballons d’Or ) ལྔ་དང་། གསེར་ལྷམ་ལྔ་ལས་ཐོབ་མེད། མེ་སི་ལ་གསེར་གྱི་སྤོ་ལོ་ ༧ དང་གསེར་ལྷམ་ ༦ བཅས་ཐོབ་ཡོད་འདུག་པས། མེ་སི་ནི་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་ཀྱི་སྐར་ཆེན་དེ་དང་། ཧ་ཅང་བབ་ཆགས་པའི་རྩེད་འགྲན་པ་གཉོམ་ཆུང་ཞིག་ཀྱང་ཡིན་འདུག

དེ་བས་མེ་སི་ནི་དུས་རབས་ཉེར་གཅིག་པའི་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་ཀྱི་ཆེས་ཕུལ་བྱུང་གི་རྩེད་འགྲན་པ་ཞིག་དང་། ཀུན་གྱི་མིག་དབང་བཀུག་པའི་གྷོ་ཁྲི་  G.O.A.T ལའང་ངོས་འཛིན་བྱེད་ཀྱིན་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese