གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་ནས་བཅར་འདྲི་ཞུས།
འདི་ནས་བརྩིས་པའི་ཕལ་ཆེར་ཟླ་བ་བཞི་ལྔ་ཙམ་གྱི་ཡར་སྔོན་དུ། ཁོ་བོ་ལས་དོན་ག་གེ་མོ་ཞིག་གི་ཆེད་དུ། གངས་སྐྱིད་སྨན་རྩིས་ཁང་གི་ཐུར་ལམ་བརྒྱུད་དེ། རྡ་སའི་ཁྲོམ་གཞུང་ལ་འགྲོ་བཞིན་ཡོད། བོད་གཞུང་ཤེས་རིག་དཔར་ཁང་གི་ཉེ་འགྲམ་ན། བོད་གཞུང་ལ་བྱ་བ་ཡུན་རིང་སྒྲུབ་ནས། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྒན་ཡོལ་སྡོད་ཤག་གི་ལམ་ཁའི་མཚམས་འདིར་སླེབས་དུས། ཕལ་ཆེར་ལོ་ན་བརྒྱད་བཅུ་གཡས་གཡོན་ཙམ་ཟིན་མེད་དམ་སྙམ་པའི་ལོ་ལོན་ཞིག་གིས་ཁོ་བོར་སྐད་ཤུགས་ཆུང་ངུའི་འབོད་ཙམ་བྱེད་ནས། “ ཕོ་གསར་ཁྱེད་རང་གལ་ཏེ་རྡ་ཤོད་ལ་ཕྱིན་ན། ང་ལ་མགོ་སྨན་ཞིག་ཉོ་རོགས་”ཞེས་མངགས་སོང་། ཁོང་གིས་དབུགས་ཧལ་ཧལ་ངང་བཤད་པའི་སྐད་ཆའི་ཁྲོད་དུ། བཙན་བྱོལ་གྱི་བོད་སྐད་དང་ཨམ་སྐད་གཉིས་འདྲེས་འདུག་པའི་ཉམས་སྣང་ཞིག་ཁོ་བོར་གློ་བུར་དུ་སྟེར་སོང་ནའང་། སྐབས་དེར་རང་ཉིད་བྲེལ་ཟིང་སྒང་ཡོད་དུས། གནད་དོན་འདིའི་ཐོག་བསམ་བློ་གཏོང་ཁོམ་མ་བྱུང་བར། “སྤོ་ལགས། ཁོ་བོས་མགོ་སྨན་ད། འཁྱེར་ཡོང་ཁོ་ཐག་ཡིན། འོན་ཀྱང་ཡར་མགྱོགས་པོ་ལོག་མིན་མི་ཤེས་པས། ཕལ་ཆེར་ཅུང་ཙམ་འགོར་སྲིད།”ཅེས་ལན་སྟབས་བདེ་ཞིག་བརྒྱབ་ནས། ངེད་གཉིས་ཀྱི་སྐད་ཅིག་གི་འདུ་འཛོམས་དེ། གློ་བུར་བའི་གྱེས་བྲལ་ཞིག་ལ་འགྱུར་སོང་།
ཕལ་ཆེར་དགོང་མོའི་ཆུ་ཚོད་བདུན་པ་གཡས་གཡོན་ཙམ་ཞིག་ལ། ང་རང་ཁོང་གི་ནང་འགྲམ་དུ་སླེབས་སོང་ལ། ངས་ཁོང་གི་གཟིམ་ཤག་ནང་ལོགས་ལ་བལྟ་ཙམ་བྱེད་དུས། ཁོང་ལ་གཉེན་ཉེ་དང་སྤུན་མཆེད་སོགས་གང་ཡང་མེད་པར་གཅིག་པུར་བཞུགས་འདུག་ལ། ངས་མགོ་སྨན་དེ་ཁོང་ལ་ཕུལ་ནས། ཧ་ལམ་ཕན་ཚུན་འདྲིས་ལོབས་སུ་འགྱུར་ནས་དུས་ཡུན་གང་ཙམ་སོང་ཡོད་པ་ལྟ་བུའི་གྲོགས་པོའམ་དགའ་ཉེ་ཞིག་གི་ཚུགས་ཀ་བཟུང་ནས། ཁོང་ལ་མགོ་ན་བ་ཙམ་གྱིས་སྨན་གང་བྱུང་དུ་བཟའ་མི་རུང་ལ། རབ་བྱུང་ན་སྨན་པར་ཐེངས་གཅིག་བསྟེན་ཐུབ་ན་ཡག་པོ་ཡོད་པའི་བསམ་ཚུལ་ཤར་མར་བརྗོད་པ་ཡིན། ཁོང་གིས་ངས་བཤད་པའི་སྐད་ཆ་དེ་ཚོ་བདེན་པ་ཡིན་པའི་བརྡ་ལ་མགོ་བོ་གཡུག་ཙམ་བྱེད་ནས། “སྨན་ལ་སྒོར་མོ་དུ་རེད་”ཅེས་ལྡོག་འདྲི་བྱས་སོང་། “འདི་གོང་ཁེ་བོ་ཡིན་པས། པད་ཤག་སྤྲད་མི་དགོས། པད་ཤག་སྤྲད་མི་དགོས།”ཞེས་ཐེངས་གཉིས་གསུམ་ཙམ་ཞིག་ལབ་པ་ཡིན་ལ། དེ་མུར་སྤོ་པོའི་མིང་ག་རེ་རེད་ཅེས་མཚར་སྣང་ཆེན་པའི་སྐད་ཆ་དྲིས་པ་ཡིན། ཁོང་གིས་ངའི་མིང་སྦྱིན་པ་རྒྱ་མཚོ་ཡིན་ཞེས་ལབ་སོང་ལ། ཁོང་གི་མཚན་ཐོག་དང་པོར་གོ་མ་ཐག་ངའི་སྣང་ངོར། ཕལ་ཆེར་ལོ་ངོ་མང་པོ་ཞིག་གི་རིང་རྒྱུས་ཡོད་ཀྱི་མི་ཞིག་གི་མིང་གོ་བ་ལྟ་བུའི་སྣང་བ་སྟེར་སོང་བས། ཅུང་ཙམ་རིང་བསམ་བློ་གཏོང་དུས། དུས་རྒྱུན་བོད་ཀྱི་དཔེ་མཛོད་ཁང་དང་དམིགས་བསལ་ཤེས་རིག་དཔར་ཁང་གི་དཔེ་ཆ་རྙིང་གྲས་མང་པོ་ཞིག་གི་པར་རྩ་འབྲི་མཁན་འམ་ཡང་ན་ལག་འབྲི་བྱེད་མཁན་སྦྱིན་པ་རྒྱ་མཚོ་ཟེར་བ་ཞིག་ཡོད་པ་དེ་དྲན་བཅུག་སོང་བས། ངས་ལམ་སེང་པར་རྩ་འབྲི་མཁན་སྦྱིན་པ་རྒྱ་མཚོ་ཟེར་བ་ཞིག་ཡོད་པ་དེ། ཁྱེད་ཉིད་ཡིན་ནམ་ཞེས་སྐད་ཆ་དྲིས་དུས། ཁོང་གིས་ལམ་སེང་འཚོ་བའི་རྒས་གཉེར་གྱིས་ཁེངས་པའི་ངོ་གདོང་དེར་ལྷད་མེད་པའི་མཛུམ་མདངས་ཤིག་མངོན་ནས། “འདི་ང་ཡིན། ང་ཡིན་”ཞེས་ལན་བསྐྱོན་སོང་།
འདི་ནི་ངོ་མ་སྟས་དབང་ཡིན་ཞེས་ལབ་ཀྱང་ཆོག་ལ། ལས་དབང་ཡིན་ཞེས་འབོད་ནའང་ཕལ་ཆེར་འགྲིག་མོད། ངས་ཁོ་རང་ངོ་ཤེས་ནས། ཁོང་ལ་ཞིབ་ལྟ་ཞིག་བྱེད་དུས། ལུས་སྟོད་སྨད་གཉིས་ཆར་གྲྭ་ཆས་གྱོན་མེད་ནའང་། དམར་པོའི་མདོག་གི་སྟོད་གོས་དང་། ནང་འཇམ་ལྟ་བུའི་གོས་ཐུང་ཞིག་གྱོན་སྟངས་ལ་བལྟས་ན། ཕལ་ཆེར་གྲྭ་པ་མིན་ནམ་སྙམ་སོང་བས། “སྤོ་ལགས་ཁྱེད་རང་གྲྭ་པ་རེད་པས་”ཞེས་འདྲི་དུས། ཁོང་གིས་ཡིན་ཡ་ཞེས་ལན་སྟབས་བདེ་ཞིག་བསྐྱོན་སོང་། མདོ་སྨད་ཁུལ་གྱི་ས་ཆ་ཕལ་མོ་ཆེར་གྲྭ་པར་གཅེས་མིང་ལྟ་བུའི་ཚུལ་དུ་ཨ་ཁུ་ཞེས་འབོད་སྲོལ་ཡོད་པས། ངས་དེ་ནས་བཟུང་ཁོང་ལ་ཨ་ཁུ་སྦྱིན་པ་རྒྱ་མཚོ་ཞེས་འབོད་པ་ཡིན། ཁོ་བོས་ཁོང་དང་ལྷན་དུ་འཚོ་བའི་གནད་དོན་འདྲ་མིན་ཐོག་ཁ་བརྡ་འཁྱུག་ཙམ་རེ་བྱས་ནས། ཉིན་གཉིས་གསུམ་ཙམ་གྱི་རྗེས། ང་རང་ཨ་ཁུའི་འགྲམ་དུ་ཁོང་གི་ལས་ཀ་དང་འཚོ་བ། མདོར་ན་ཁོང་གི་ལོ་རྒྱུས་སྐོར་བཅར་འདྲི་བྱེད་ཁར་ངེས་པར་དུ་ཡོང་རྒྱུ་ཡིན་ཞེས་བརྗོད་ནས། དེ་རིང་ཉིན་མ་འདི་ངོ་མ་འཕྲོ་བརླག་ཕྱིན་མ་སོང་བསམ་སྟེ། ཅི་འདྲའི་སྤྲོ་བ་ཆེན་པོའི་ངང་རང་ཁྱིམ་དུ་ལོག་པ་ཡིན།
སྤྱིར་ཁོ་བོ་མཐོ་སློབ་འགྲིམས་མྱོང་མཁན་ཞིག་དང་དམིགས་བསལ་དུས་རྒྱུན་དགེ་རྒན་ཚོས་ང་ཚོས་རྒྱལ་པོ་དང་གོང་མ་མི་ཆེན་དཔོན་ཆེན་ཚོའི་ལོ་རྒྱུས་ཁོ་ན་ཙམ་མིན་པར། མི་སེར་དཀྱུས་མ་ཚོའི་ལོ་རྒྱུས་ལའང་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་པའི་ལོ་རྒྱུས་ཀྱི་སློབ་འཁྲིད་བྱེད་མྱོང་ཡོད་པས། ངས་ཀྱང་སྔོན་མ་ལྡི་ལིར་མཐོ་སློབ་འགྲིམས་དུས། གནད་དོན་འདི་འགངས་ཆེན་ཞིག་ལ་བརྩིས་ནས། བོད་ནང་དང་ཡང་སྒོས་བཙན་བྱོལ་སྤྱི་ཚགས་ཁྲོད་དུ། འདས་ཟིན་གྱི་དུས་སྐབས་སྐོར་ཞིག་ལ་ཕལ་ཆེ་བས་མཐོང་ཐོས་བྱུང་ཡོད་ནའང་། རྗེས་སོར་དུས་ཚོད་ཀྱི་བཞུར་རྒྱུན་དང་ལྷན་དུ་གོ་མེད་ཚོར་མེད་ངང་ལུས་ཡོད་པའི་བོད་ཀྱི་མི་སྣ་སྐོར་ཞིག་ལ་བཅར་འདྲི་བྱེད་མྱོང་ཡོད།
ཉེ་སྔོན་ཁོ་བོས་ཁ་པར་ནང་ཡར་མར་ཉུལ་ཙམ་བྱེད་དུས། ཨ་རི་བོད་ཀྱི་རླུང་འཕྲིན་ཁང་གིས། དེ་སྔོན་ཀོང་པོའི་ལོ་རྒྱུས་དང་གནས་བཤད་སོགས་དང་འབྲེལ་བའི་དེབ་བཞི་བརྩམས་མྱོང་བའི་རྒན་པོ་གོམ་འབར་བསོད་ནམས་བཀྲ་ཤིས་ལགས་ཁོང་སྐུ་ཚེ་མ་ཟིན་པའི་གསར་འགྱུར་ཞིག་མཐོང་སོང་། དེ་མུར་ངའི་བསམ་བློར་ང་ཚོའི་བཙན་བྱོལ་ནང་གི་མི་སྐོར་ཞིག་ལ་ཐོབ་དང་སྙན་གྲགས་ཀྱི་ཆོ་ལོ་སྤྲོད་མཁན་མང་པོ་འདུག་ལ། སྐོར་ཞིག་གིས་འཚོ་བར་དཀའ་ངལ་ཡོད་པའི་སྒང་ཁོ་ཚོས་སེན་མགོ་ཁྲག་དང་སེན་གཏིང་རྣག་གིས་བྲིས་པའི་ལོ་རྒྱུས་ཀྱི་དཔེ་ཆ་དང་མདོར་ན་ཁོ་ཚོའི་གནས་སྟངས་དང་ལོ་རྒྱུས་སོགས་ལ་དོན་གཉེར་བྱེད་མཁན་ཉུང་ཉུང་ཙམ་ལས་མེད་ལ། ཁོ་ཚོ་རེ་རེ་བཞིན་འདི་ལྟར་ང་ཚོའི་མིག་མདུན་དུ་གོ་མེད་ཚོར་མེད་ངང་ཁུ་སིམ་མེར་འབུད་འགྲོ་བ་མཐོང་དུས། ཁོ་བོས་ནོངས་འགྱོད་དང་ཕངས་སེམས་འདྲེས་མའི་དངན་པ་རིང་པོ་ཞིག་རང་དབང་མེད་པར་འཐེན་དགོས་བྱུང་སོང་། དེར་བརྟེན་ངས་རྟབ་རྟབ་པོར་སྒྲ་འཇུག་ཡོ་ཆས་དེ་མར་བཏོན་ནས། ཟླ་ཤས་སྔོན་ཨ་ཁུ་སྦྱིན་པ་རྒྱ་མཚོའི་པར་རྩའི་ལས་ཀ་དང་ཁོང་གི་མི་ཚེའི་སྐོར་བཅར་འདྲི་བྱས་པ་རྣམས་ཐེངས་གཉིས་ཙམ་ཡག་པོ་ཉན་ནས། ད་དུང་ཆད་ལྷག་དང་ཁ་སྐོང་། བསྐྱར་འདྲི་བྱེད་དགོས་པའི་གནད་དོན་རྣམས་ཟིན་བྲིས་བཏབ་ནས། འདས་པའི་ཉིན་གསུམ་རིང་ཁོང་གི་ཤག་ཏུ་ཡང་བསྐྱར་སོང་སྟེ། སྐད་ཆ་འདྲི་དགོས་པའི་གནད་དོན་ལྷག་མ་རྣམས་སྒྲ་འཇུག་བྱེད་ཚར་ནས། ཁོང་གི་ལས་ཀ་དང་འཚོ་བའི་སྐོར་བཀའ་འདྲི་ཞུས་པའི་སྐད་ཆ་དེ་ཚོ་ཡིག་ཐོག་ལ་ཕབ་ནས་བཅར་འདྲི་ཡི་སྒྲོམ་གཞིའི་ཚུལ་དུ་འདིར་བཀོད་ཡོད།
གཡག་ཕྱུག དང་པོ་དེར་ཨ་ཁུ་དང་ལྷན་དུ་བཅར་འདྲི་འགོ་མ་འཛུགས་སྔོན་ལ། ང་རང་ལ་འདྲི་རྒྱུ་ཞིག་ཡོད་པ་ནི། ད་ལྟའི་བར་ཨ་ཁུ་ལ་འདིར་ཡོད་བཙན་བྱོལ་གྱི་གསར་ཁང་དང་ཡང་ན་མི་སྒེར་སོ་སོ་ནས་ཨ་ཁུའི་སར་བཅར་འདྲི་བྱེད་མཁན་འདྲ་བྱུང་སོང་ངམ།
ཨ་ཁུ་སྦྱིན་པ། ད་དྲན་གྱིན་མི་འདུག ཕལ་ཆེར་བྱུང་མ་སོང་བསམ་གྱིན་འདུག ད་སྔོན་མ་སྔོན་མ་སྐབས་ལ་བཅར་འདྲི་བྱས་ཡོད་ན་མ་གཏོགས། གཞན་ངའི་སྐོར་འདྲི་མཁན་འདྲ་བྱུང་མ་སོང་།
(གཤམ་ནས་བཅར་འདྲི་བྱེད་མཁན་དང་ཞུ་ཡུལ་གཉིས་ཀྱི་མིང་བཀོད་མེད།)
དྲི་བ། ཨ་ཁུ་ག་དུས་འཁྲུངས་ཡོད་མེད། འཁྲུངས་ཡུལ། ཕ་མ་གཉིས་ཀྱི་མཚན། ཆོས་སྒོར་བཞུགས་སའི་ཕ་ཡུལ་གྱི་དགོན་པའི་མིང་གང་ཡིན་མིན་སོགས་གོང་གི་གནད་དོན་དེ་ཚོ་དང་འབྲེལ་བའི་ཐོག་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་སྐྱེས་ལོ་འདི་ཕལ་ཆེར་སྤྱི་ལོ་ ༡༩༣༧ ཡང་ན་༡༩༣༨ ཡིན་བསམ་གྱིན་འདུག བོད་པ་ཡིན་ན་མི་སོ་སོར་ལོ་རྟགས་རེ་ཡོད་པས། ང་རང་སྟག་ལོ་ཡིན། ངའི་ཕ་ཡུལ་འདི་ཨ་མདོ་རྐ་ཕུག་[1]ཞེས་པའི་ས་ཆ་དེ་ཡིན། དེ་ཡང་ཕ་ཡུལ་གྱི་མིང་ལ་རྐ་ཕུག་ཞེས་ཐོགས་དོན་ནི། ང་སྐྱེས་སའི་ས་ཆ་དེ་ནས་ཐག་རིང་ས་ཞིག་ནས། བྲག་གི་སྐེད་པར་རྐ་བཙུགས་ཏེ་ཆུ་འཐེན་ཡོད་ཙང་རྐ་ཕུག་ཅེས་པའི་མིང་འདི་དེ་འདྲ་བྱས་ནས་ཐོགས་སོང་བ་རེད། ངའི་ཕ་ཡུལ་དེ་ཨ་མདོ་གཅན་ཚའི་ཁོངས་ཡིན། ཁོ་བོའི་ཕ་མིང་ལ་དཔའ་དཀར་རྒྱལ་དང་མ་མིང་ལ་དཀར་མཚོ་སྐྱིད་ཞེས་ཟེར་གྱི་ཡོད། ངའི་པ་ལགས་ཁོང་ཁོ་བོ་ཆུང་ཆུང་ཡིན་དུས་ནས་གྲོངས་སོང་། ང་རང་ཆོས་སྒོར་བཞུགས་སའི་དགོན་པའི་མིང་ལ་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་ཞེས་ཟེར་གྱི་ཡོད་ལ། ཕ་ཡུལ་གྱི་མི་ཚོས་བསམ་གཏན་གླིང་ཞེས་འབོད་ཀྱི་ཡོད། གལ་ཏེ་གསང་སྔགས་གླིང་ཞེས་ལབ་ན། མིང་དེའི་སྐོར་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། འདི་ནི་དགེ་ལུགས་ཀྱི་དགོན་པ་ཞིག་ཡིན།
དྲི་བ། ལགས་སོ། དེས་ན་ད་ལྟ་ཨ་ཁུའི་མིང་སྦྱིན་པ་རྒྱ་མཚོ་ཟེར་བ་འདི་ཆོས་མིང་རེད་དམ།
ལན། རེད་རེད། ངའི་མིང་དངོས་ལ་རྡོ་རྗེ་རྒྱལ་མཚན་ཟེར་གྱི་ཡོད།
དྲི་བ། འདས་པའི་ཉིན་ཁ་ཤས་རིང་ཨ་ཁུ་དང་ལྷན་དུ་ཁ་བརྡ་བྱས་པའི་བརྒྱུད་རིམ་ཁྲོད། སྐུ་ཉིད་ནས་ལྷ་སར་ཡོང་སྟངས་སྐོར་གྱི་སྒྲུང་སྙན་པོ་ཞིག་བཤད་སོང་བས། འདི་ཡང་བསྐྱར་གཅིག་བཤད་ན་ཆོག་གམ།
ལན། ང་རང་ལ་མཚོན་ན། ཕལ་ཆེར་ལོ་བཅུ་གཉིས་ཡས་མས་ཙམ་ཞིག་ལ་གྲྭ་པ་བྱས་པ་ཡིན། སྐབས་དེ་དུས་ང་རང་བྱིས་པ་ཡིན་དུས། ས་ཆ་གཞན་ལ་འགྲོ་ཆོག་གི་མེད། དེ་ནས་ཕལ་ཆེར་ལོ་ཉི་ཤུ་རྩ་གསུམ་རྩ་བཞི་ཙམ་ཞིག་ལ། ང་ཚོའི་དགོན་པའི་ཨ་ལགས་ཞབས་དྲུང་གི་ཞབས་ཕྱི་ཞིག་ཡོད་པ་དེས། ཀུ་རེ་འམ་བདེན་གཏམ་འདྲེས་མའི་ཚུལ་གྱིས། ཁོ་བོར་ལྷ་སར་འགྲོ་ཡག་ཡིན་པས་ཞེས་སྐད་ཆ་དྲིས་སོང་། སྐབས་དེ་དུས་བྲོས་འགྲོ་ས་མ་གཏོགས་གཞན་གང་ཡང་མེད་པས། ངས་ཀྱང་ཁོ་དང་མཉམ་དུ་ལྷ་སར་རྡོག་ཐོན་བྱ་རྒྱུ་ཁས་བླངས་པ་ཡིན། ངེད་གཉིས་ཕ་ཡུལ་དང་ཁ་བྲལ་ནས། ཡུན་རིང་པོར་གོམ་པ་བརྒྱབ་ནས་ཕྱིན་པའི་རྗེས་རྨ་ཆུ་ཁར་སླེབས་སོང་། དེ་ནས་ཡར་མུ་མཐུད་སོང་ནས། ཁྲི་ཀ་དང་དེ་ནས་ཨ་མདོ་བདུད་ཤུལ་ལ་སླེབས་ཅིང་། ས་ཆ་དེར་ཕལ་ཆེར་ཉིན་ཉི་ཤུ་སུམ་བཅུ་ཙམ་འབྲོག་ཁྱིམ་རེ་འགར་འདོན་པ་འདྲ་བཏོན་ནས་བསྡད་པ་ཡིན། དེའི་རྗེས་ངེད་གཉིས་ཕྱོགས་མཚམས་ངེས་མེད་ཐང་གིས་བསྐོར་བའི་མུ་གེ་ཐང་ཞེས་པའི་ས་ཆ་དེར་སླེབས་སོང་། ས་ཆ་དེར་ཆུ་མེད་དུས། ལྷ་སར་མོ་ཊའི་ནང་འགྲུལ་བཞུད་བྱེད་བཞིན་པའི་མི་སྐོར་ཞིག་གིས། ངེད་གཉིས་གོམ་པ་རྒྱག་ནས་འགྲོ་གིན་ཡོད་པ་དེ་མཐོང་ནས། མཚར་སྣང་ཆེན་པོས། ས་ཆ་དེར་ཆུ་མེད་པས་ཁྱེད་གཉིས་གོམ་པ་རྒྱག་ནས་ཕྱིན་ན། ཤི་འགྲོ་གི་རེད་ཅེས་ཉེན་བརྡ་འམ་སྙིང་རྗེ་འདྲེས་མའི་ཚུལ་གྱིས་བརྗོད་དེ། འཐུང་ཆུ་སྤྲད་པ་དེ་གསལ་པོ་དྲན་གྱིན་འདུག མུ་གེ་ཐང་བརྒལ་ཚར་ནས་ཆུ་མེད་སའི་ས་ཆ་དེ་འདྲ་གང་ཡང་མེད་དུས། དཀའ་ངལ་གང་ཡང་ཕྲད་མ་སོང་། དེ་ནས་ངེད་གཉིས་སྐྱེ་རྒུ་མདོ་ནས་གང་ཙམ་སོང་རྗེས། མཐའ་ཚང་མ་རི་ཡིས་བསྐོར་བའི་སོག་ཙན་དན་དགོན་ཞེས་པ་དེར་སླེབས་སོང་ལ། དེར་ང་ཚོས་ངོ་ཤེས་པའི་ཕ་ཡུལ་གི་གྲྭ་པ་ཡོད་དུས། ཁོ་ཚོའི་སར་ཉིན་ཞག་འགའ་རིང་ངལ་གསོ་བརྒྱབ་པ་ཡིན། སོག་ཙན་དན་དགོན་ནས་ནག་ཆུ་ཉེ་འགྲམ་ཡིན་དུས། ནག་ཆུར་སླེབས་ན། དེ་ནས་ལྷ་ས་ཐག་ཉེ་བོ་ཡིན་པས། ད་ལྟ་བསམ་བློ་གཏོང་དུས། ཕ་ཡུལ་ནས་ལྷ་ས་བར་ཟླ་བ་གཅིག་ལྷག་ཙམ་འགོར་སོང་བསམ་གྱིན་འདུག
དྲི་བ། ལྷ་སར་སླེབས་ཚར་བའི་རྗེས་ཀྱི་དུས་སྐབས་དེ་ཚོའི་སྐོར་ཨ་ཁུ་ལ་ག་རེ་གསུང་རྒྱུ་ཡོད་དམ།
ལན། ང་རང་ལྷ་སར་སླེབས་ཚར་བའི་རྗེས། ཕ་མ་ལ་འབྲེལ་བ་འདྲ་བྱ་རྒྱུ་བྱུང་མ་སོང་། ང་ལ་མཚོན་ན། འབྲས་སྤུངས་སྒོ་མང་ཀླུ་འབུམ་ཁང་ཚན་ལ་འཛུལ་ཞུགས་བྱས་ནས། རྡོ་སྦི་དགེ་བཤེས་ཤེས་རབ་རྒྱ་མཚོའི་ཉེ་འབྲེལ་ཡིན་པའི་དགེ་བཤེས་ཤིག་ཡོད་པ་དེ། དགེ་རྒན་དུ་བསྟེན་ནས་ཕལ་ཆེར་ལོ་ཁ་ཤས་རིང་དགོན་པར་བསྡད་པ་ཡིན། འོན་ཀྱང་དགོན་པར་དམིགས་བསལ་སློབ་སྦྱོང་སོགས་བྱ་རྒྱུ་བྱུང་མ་སོང་། སྐབས་དེ་དུས་ཆབ་མདོ་ནས་རྒྱ་དམག་ལྷ་སར་ཡོང་བཞིན་པའི་དུས་སྐབས་དེ་འཁེལ་གྱི་ཡོད་དུས། ང་ཚོ་དགོན་པའི་གྲྭ་པ་མང་པོ་ཞིག་ནོར་བུ་གླིང་ཁར་༧གོང་ས་མཆོག་ལ་ཉེན་སྲུང་གི་ཚུལ་དུ་འགྲོ་དགོས་བྱུང་ཡོད་ལ། དེ་སྐབས་ང་ཚོར་མེ་མདའ་ཡང་སྤྲད་སོང་བ་ད་ལྟ་ངས་དྲན་གྱིན་འདུག རྗེས་སོར་ལྷ་སར་ག་ལེར་རྒྱ་དམག་རྣམས་སླེབས་ནས། སྔར་ཡོད་ཀྱི་ལྷ་སའི་ལྷིང་འཇགས་དེ་མེད་པ་ཆགས་དུས། ༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྗེས། ང་ཚོའི་དགོན་པའི་གྲྭ་པ་མང་པོ་ཞིག་ཀྱང་རིམ་བཞིན་རྒྱ་གར་ལ་བྲོས་དགོས་བྱུང་ཡོད། དེའི་ཁོངས་ང་ཡང་ཡོད།
དྲི་བ། བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དུས། ལམ་ཁ་ག་པར་བརྒྱུད་ནས་ཚུར་སླེབས་པ་ཡིན་ནམ།
ལན། ང་རང་འབྲུག་བརྒྱུད་རྒྱ་གར་ལ་ཡོང་བ་ཡིན། སྐབས་དེ་དུས་བོད་ནས་སླེབས་པའི་གྲྭ་པ་ཚང་མ་འབྲུག་དང་རྒྱ་གར་གཉིས་ཀྱི་ས་མཚམས་ལྟ་བུ་འཁེལ་གྱི་ཡོད་པའི་སྦག་སར་(Buxa) གཏོང་སྲོལ་ཡོད་པ་བཞིན། ང་རང་ཡང་སྦག་ས་ཆོས་སྒར་དུ་བཏང་སོང་། ས་ཆ་དེར་ཕལ་ཆེར་ལོ་བཅོ་ལྔ་ཉི་ཤུ་ཙམ་བསྡད་པ་ཡིན།
དྲི་བ། ལགས་སོ་ཨ་ཁུ་ལགས། ད་ང་དེ་རིང་ཡོང་དོན་གཙོ་བོ་ཡང་། ཨ་ཁུས་པར་རྩ་བྲིས་ནས་ཡུན་རིང་པོ་བཞུགས་ཡོད་ཙང་། ལས་ཀ་དེའི་ངོ་བོ་དང་ཁྱད་ཆོས་སོགས་ཀྱི་ཐད་འདྲི་དགོས་བསམ་སོང་། དེས་ན་དང་པོ་ཨ་ཁུ་པར་རྩ་འབྲི་ཡག་གི་ཕྱག་ལས་འདི་ག་དུས་ནས་འགོ་བརྩམས་པ་རེད།
ལན། ད་ངས་པར་རྩ་འབྲི་ཡག་གི་ལས་ཀ་དང་པོ་དེ་སྦག་ས་ཆོས་སྒར་ནས་འགོ་བཙུགས་པ་ཡིན། སྐབས་དེ་དུས་གྲྭ་པ་ཚོར་མཚན་ཉིད་བལྟ་ཡག་ལ་སོགས་པའི་དཔེ་ཆ་ཞེ་དྲགས་མེད་དུས། ངས་དེ་དང་འབྲེལ་བའི་པར་རྩ་མང་པོ་ཞིག་བྲིས་པ་ཡིན་ལ། དེ་ནས་ལོ་གང་ཙམ་གྱི་རྗེས། ང་ཚོ་དགོན་པའི་ཀླུ་འབུམ་ཁང་ཚན་ལ་རྒན་མགོ་སེར་ཟེར་བ་ཞིག་ཡོད་པ་དེ། ཝ་ར་ན་སིར་དགོན་པ་ཞིག་གི་དགོན་བདག་བྱེད་ནས་བསྡད་ཡོད། རྗེས་སོར་ཁོང་གི་དགོན་པར་སོག་པོའི་བླ་མ་ཞིག་གིས་དཔར་ཁང་ཞིག་གསར་འཛུགས་བྱས་ཡོད་པ་དེར། པར་རྩ་འབྲི་མཁན་དགོས་ཀྱི་ཡོད་དུས། ཁོང་གིས་ང་སྐད་བཏང་སོང་། ཝ་ར་ན་སིར་པར་རྩའི་ལས་ཀ་བྱེད་ནས་དུས་ཡུན་གང་ཙམ་ཞིག་ཕྱིན་ཚར་བའི་རྗེས། བོད་གཞུང་ཤེས་རིག་དཔར་ཁང་ལའང་པར་རྩ་འབྲི་མཁན་ཞིག་དགོས་ཀྱི་འདུག་ཅེས་གསུངས་པའི་རྐྱེན་གྱིས། ང་རང་རྡ་རམ་ས་ལའི་ཤེས་རིག་དཔར་ཁང་ལ་ཡོང་ཡག་དེ་འདྲ་ཞིག་ཡིན། རྗེས་སོར་རྡ་སའི་ཁོར་ཡུག་དང་གནམ་གཤིས་འདི་ང་ལ་འཕྲོད་པོ་བྱུང་སོང་བས། ང་མར་ཝ་ར་ན་སིར་མ་ལོག་པར་ཤེས་རིག་དཔར་ཁང་ལ་མུ་མཐུད་ལས་ཀ་བྱས་ནས་བསྡད་པ་ཡིན། ད་ཤེས་རིག་དཔར་ཁང་ལ་ག་དུས་སླེབས་ཡོད་མེད་ཀྱི་ལོ་དེ་ཏག་ཏག་ཅིག་ཁྱོན་ནས་དྲན་གྱིན་མིན་འདུག ད་ང་རྒས་སོང་བ་རེད།
དྲི་བ། སྐུ་ཉིད་བོད་གཞུང་ཤེས་རིག་དཔར་ཁང་ལ་བྱ་བ་བསྒྲུབས་ནས་ལོ་ངོ་མང་པོ་ཞིག་ཕྱིན་འདུག་པ་གདོན་མི་ཟ་བས།
ཨ་ཁུ་ལགས་ནས་ཕྱག་ལས་གཙོ་བོ་གང་དག་གནང་ཡོད་དམ།
ལན། ཨོ། ང་རང་ཤེས་རིག་དཔར་ཁང་ལ་བསྡད་དུས། ལས་ཀ་གཙོ་བོ་དེ། པར་རྩ་འབྲི་ཡག་དང་ཞུ་དག་གཏོང་ཡག་དེ་གཉིས་རེད།
དྲི་བ། དེང་སྐབས་བོད་ནང་གི་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་གི་ནང་། བོད་ཀྱི་ས་ཆ་འདི་དང་གན་ནས། བོད་ཀྱི་གནའ་བོའི་དཔེ་ཆ་ལག་བྲིས་བྱེད་ཡོད་པ་དེ་འདྲ་མང་པོ་རྙེད་སོན་བྱུང་བའི་གསར་འགྱུར་མཐོང་རྒྱུ་འདུག་ལ། སྤྱིར་ཡིན་ན། དཔེ་ཆ་ལག་བྲིས་བྱ་རྒྱུའི་ལས་ཀ་དེ་བོད་ཙམ་མ་ཡིན་པར། རྒྱལ་ཁབ་གཞན་མང་པོ་ཞིག་ལའང་ལུགས་སྲོལ་དེ་ཡོད་པ་གཅིག་མཚུངས་རེད་བསམ་གྱིན་འདུག དེས་ན། ཨ་ཁུ་ལ་ཆ་མཚོན་ན། དམིགས་བསལ་པར་རྩ་འབྲི་ཡག་གི་ཕྱག་ལས་དེ་གནང་ནས་རྒྱུན་རིང་པོ་ཕྱིན་འདུག་པས། ལས་དེར་ཞུགས་མཁན་གྱི་གང་ཟག་ཅིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གང་དག་ཡིན་པ། ཨ་ཁུས་སོ་སོའི་སྒེར་གྱི་ཉམས་མྱོང་དང་འབྲེལ་ནས་གསུང་རོགས།
ལན། སྔོན་མ་ང་དང་པོ་ཤེས་རིག་དཔར་ཁང་ལ་ལས་ཀ་བྱེད་དུས། སྐབས་དེར་དཔེ་ཆ་དཔར་བསྐྲུན་བྱེད་ཡག་གི་མཐུན་རྐྱེན་སོགས་གང་ཡང་མེད་དུས། ངས་པར་རྩ་གང་བྲིས་པ་དེ་ཚང་མ་མར་ཇ་ལན་རྡར་(Jalandhar) ལ་འཁྱེར་ནས་པར་རྒྱག་དགོས་ཀྱི་ཡོད། སྐབས་དེ་དུས་པར་རྩ་འབྲི་སའི་ཤོག་བུ་དེ་ཡང་སོ་སོའི་འདོད་པ་ཡོད་སའི་ཤོག་བུ་དེ་འདྲ་ལ་འབྲི་ཆོག་གི་མེད་པས། ཇ་ལན་རྡར་ཡོད་པའི་དཔར་ཁང་དེ་ག་རང་ནས་ཤོག་བུ་གསེར་པོ་འམ་ཡང་ན་དཀར་པོ་འདྲ་ཞིག་སྤྲད་ཀྱིན་འདུག དེར་ངས་བྲིས་ཚར་བ་དང་ང་རང་ངེས་པར་དུ་ཇ་ལན་རྡར་འགྲོ་དགོས་ཀྱི་ཡོད། གང་ཡིན་ཟེར་ན། གལ་ཏེ་པར་རྩ་ལ་ཡིག་ནོར་འདྲ་བྱུང་ཡོད་ན། ངས་དག་བཅོས་བྱེད་དགོས་ཀྱི་ཡོད་ལ། དེ་དང་མཉམ་དུ་ཡི་གེ་ཆེ་ཆུང་གང་འདྲ་ཞིག་དགོས་ཀྱི་ཡོད་པ་ཚང་མ་ངས་ཐག་གཅོད་དགོས། དེ་ལྟར་ལས་ཀ་དེའི་རྐྱེན་པས། ང་རང་ཐེངས་མང་རྡ་ས་ནས་ཇ་ལན་རྡར་འགྲོ་མྱོང་ཡོད།
དེ་དང་མཉམ་དུ་ད་ཅི་ཁྱེད་རང་གི་དྲི་བ་དེར་བསམ་བློ་གཏོང་ན། པར་རྩ་མ་འབྲི་སྔོན་ལ། དང་པོ་དེར་མ་དཔེ་དག་པོ་ཡོད་མེད་བལྟ་ཡག་འདི་ཧ་ཅང་གལ་ཆེན་པོ་རེད། ང་ཤེས་རིག་དཔར་ཁང་ལ་ཡོད་དུས། དཔེ་ཆ་ཕལ་ཆེ་བ་ཞིག་བོད་ཀྱི་དཔེ་མཛོད་ཁང་ནས་གཡར་གྱི་ཡོད། དེར་བརྟེན་གལ་ཆེ་ཤོས་དེ་མ་དཔེ་དག་པོ་དགོས་རྒྱུ་དེ་རེད། བོད་ནང་ལ་ཆ་མཚོན་ན་ཨ་མདོ་སྐུ་འབུམ་དགོན་པ་དང་བཀྲ་ཤིས་ལྷུན་པོའི་དཔེ་ཆ་དེ་ཚོ་སྤུས་དག་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་མ་ཡིན་པར་ལྷ་ས་ནས་འཁྱེར་ཡོང་བའི་དཔེ་ཆ་དེ་ཚོ་མ་དཔེ་རང་དག་པོ་མེད་པ་དེ་འདྲ་མང་པོ་འདུག གཉིས་པ་དེར། པར་རྩ་འབྲི་མཁན་གྱི་མི་དེ་ཡིག་གཟུགས་ཡག་པོ་དགོས་རྒྱུ་དེ་དཔེ་གལ་ཆེན་པོ་རེད། དེ་དང་མཉམ་དུ་མི་དེ་ཉིན་མ་གཅིག་པར་རྩ་བྲིས། ཉིན་གཉིས་པར་པར་རྩ་མ་བྲིས་པར་སྒྱིད་ལུག་བྱེད་ནས་བསྡད་ན་འགྲིག་གི་མེད། དེར་བརྟེན་ངང་རྒྱུད་རིང་པོ་དགོས་ཡག་དེ་གལ་ཆེན་པོ་ཡིན། གསུམ་པ་དེ་པར་རྩ་འབྲི་མཁན་ཁོ་རང་སུམ་རྟགས་ཡག་པོ་ཤེས་མཁན་ཞིག་དགོས་ཀྱི་ཡོད། དེ་མ་གཏོགས་གལ་ཏེ་འབྲི་མཁན་ཁོ་རང་མ་དཔེ་ཁོ་ན་ལ་གཞི་བཅོལ་ནས་འབྲི་རྐྱང་བྱེད་ན། མ་དཔེ་དག་མི་དག་དེ་འདྲ་མང་པོ་ཡོང་གི་ཡོད་པ་རེད།
དྲི་བ། ཨ་ཁུས་དེ་སྔོན་ཤེས་རིག་དཔར་ཁང་ལ་ཕྱག་ལས་གནང་དུས། ཉིན་གཅིག་ནང་པར་རྩ་ཤོག་བུ་ག་ཚོད་ཙམ་འབྲི་གིན་ཡོད།
ལན། ད་དེང་སང་གི་དེབ་ནང་བཞིན། དཔེ་ཐུང་འདྲ་ཡིན་ན། ཉིན་གཅིག་ནང་ངས་ཤོག་བུ་ལྔ་ནས་བརྒྱད་ཙམ་བར་འབྲི་གི་ཡོད། གལ་ཏེ་དཔར་ཁང་ལ་ཞུ་དག་གཏང་རྒྱུ་སོགས་ལས་ཀ་གཞན་མེད་ན། ངས་ཤོག་བུ་བརྒྱད་ནས་དགུ་ཙམ་བར་འབྲི་གི་ཡོད། དཔེ་རིང་འདྲ་ཡིན་ན། ཉིན་གཅིག་ནང་མང་པོ་ཞེ་དྲགས་འབྲི་ཐུབ་ཀྱི་མེད་དུས། ངས་ཤོག་བུ་ལྔ་ཙམ་འབྲི་གི་ཡོད།
དྲི་བ། ད་བར་ཨ་ཁུ་ལགས་ནས་བྲིས་པའི་པར་རྩའི་ཁྲོད་ནས། དཔེ་དེབ་གལ་ཆེ་བ་འདྲ་ག་རེ་བྲིས་ཡོད་མེད་དྲན་གསོ་གིན་འདུག་གམ།
ལན། པར་རྩ་ངས་ཧ་ཅང་མང་པོ་བྲིས་ཡོད། དེའི་ནང་ནས་གལ་ཆེ་ཤོས་གཅིག་དེ། ངས་མདོ་སྨད་ཆོས་འབྱུང་དཔེ་རིང་ཞིག་ཆ་ཚང་བྲིས་པ་ཡིན། དེར་ཤོག་བུ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཡོད། དེ་མ་གཏོགས་གཞན་ངས་ད་ལྟ་དྲན་གྱིན་མི་འདུག
དྲི་བ། ངས་སྔོན་མ་ཨ་ཁུས་བྲིས་པའི་པར་རྩ་མང་པོ་ཞིག་ཡར་མར་འཚོལ་ཞིབ་བྱེད་དུས། ཤེས་རིག་དཔར་ཁང་ནས་འདོན་སྤེལ་བྱས་པའི་དཔེ་དེབ་རྣམས་ཕུད། གཞན་བོད་ཀྱི་དཔེ་མཛོད་ཁང་ནས་བཏོན་པའི་དཔེ་དེབ་རྙིང་གྲས་སྐོར་ཞིག་གི་པར་རྩ་ཡང་ཨ་ཁུས་བྲིས་འདུག དཔེར་ན། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་སྒྲུང་ལྡེའུ་བོན་གསུམ་དང་། ཤན་ཁ་བ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་གྱིས་བརྩམས་པའི་རང་གི་ལོ་རྒྱུས་ལྷད་མེད་རང་བྱུང་ཟངས་ལྟ་བུ་དཔེ་ཆ་གཞན་གང་ཙམ་འདུག དོ་སྣང་བྱེད་དགོས་པ་ཞིག་ལ། ༧གོང་ས་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་”ཞེས་པའི་པར་རྩ་དེ་ཡང་ཨ་ཁུས་བྲིས་འདུག
ལན། རེད་རེད། ༧གོང་ས་མཆོག་གི་མཛད་རྣམ་དེའི་པར་རྩ་དང་པོ་འབྲི་མཁན་སུ་ཡིན་མིན་ངས་དྲན་པ་གསོས་ཀྱི་མི་འདུག དེའི་རྗེས་ཀྱི་༧གོང་ས་མཆོག་གི་མཛད་རྣམ་གྱི་པར་རྩ་དེ་ངས་བྲིས་པ་ཡིན། དེ་ཙམ་མ་ཟད་དུས་རྒྱུན་༧གོང་ས་མཆོག་གི་ཞལ་འདོན་གནང་ཡག་གི་ཕྱག་དཔེ་དཔེ་ཐུང་ཆ་ཚང་ཞིག་ངས་བྲིས་པ་ཡིན། (གློ་ལུ་རྒྱག་ཙམ་བྱེད་ནས།) དེ་མིན་གཞན་ངས་པར་རྩ་བྲིས་བཞག་པ་སྐོར་ཞིག་ཤེས་རིག་དཔར་ཁང་ཕུད་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱས་ཡོད། ད་འདི་ཚོ་ངས་གསལ་པོ་དྲན་གྱིན་མི་འདུག
དྲི་བ། སྐུ་ཉིད་བོད་གཞུང་ཤེས་རིག་དཔར་ཁང་ལ་ཕྱག་ལས་གནང་ནས་ལོ་དུ་ཕྱིན་ཡོད་དམ།
ལན། བོད་གཞུང་ལ་ལས་ཀ་བྱེད་ནས། ལོ་ཉི་ཤུ་སུམ་བཅུ་ཙམ་ཚང་ཚར་སོང་ན། བགྲེས་ཡོལ་ཞུས་པའི་ལུགས་སྲོལ་ཞིག་ཡོད་ཙང་། ང་རང་ཤེས་རིག་དཔར་ཁང་ལ་ལས་ཀ་བྱེད་ནས་ཕལ་ཆེར་ཉུང་མཐར་ལོ་བཅོ་ལྔ་ཉི་ཤུ་ཙམ་ཕྱིན་ཡོད་ཀྱི་རེད།[2] ད་ཏག་ཏག་ཅིག་ཁྱོན་ནས་དྲན་གྱིན་མི་འདུག གང་ལྟར་ལས་འཁྱུར་ངལ་གསོ་བྱེད་ཚར་བའི་རྗེས་སུ་ཡང་། ཤེས་རིག་དཔར་ཁང་གི་ཞུ་དག་གཏོང་ཡག་དང་འབྲེལ་བའི་ལས་ཀ་མང་པོ་ཞིག་འབྲེལ་ཡོད་ལས་བྱེད་ཚོས་ངའི་ནང་ལ་འཁྱེར་ཡོང་གི་ཡོད་པས། དེ་འབྲེལ་ལས་ཀ་བྱེད་ནས་ལོ་མང་པོ་ཕྱིན་སོང་།
དྲི་བ། ད་བར་ཨ་ཁུ་ལགས་ནས་པར་རྩ་ག་ཚོད་ཙམ་བྲིས་ཡོད་དམ།
ལན། ཨོ། འདི་ངས་ཞེ་དྲགས་མང་པོ་བྲིས་ཡོད་པ་རེད། ཕལ་ཆེར་བརྒྱ་ཉིས་བརྒྱ་ཡིས་ཚད་ཀྱི་མ་རེད།
དྲི་བ། ཨ་ཁུའི་ནང་ལ་ཧིན་རྡིའི་དེབ་སྐོར་ཞིག་ཀྱང་མཐོང་རྒྱུ་འདུག་ལ། འདི་སྔོན་གྷན་དིི་ཡིས་ཧིན་རྡི་ནང་བྲིས་པའི་དེབ་ཅིག་ང་ལ་ངོ་སྤྲོད་ཀྱི་ཚུལ་དུ་ཀློག་ཙམ་ཡང་བྱས་སོང་། ཨ་ཁུས་ཧིན་རྡིའི་སྐད་ཡིག་འདི་ག་པར་ནས་སློབ་གཉེར་བྱས་པ་ཡིན་ནམ།
ལན། ཨོ་འདི་ང་རང་སྔོན་མ་ཝ་ར་ན་སིར་ཡོད་དུས། རྒན་མགོ་སེར་ལ་སྤུན་མཆེད་ཅིག་ཡོད། ཁོ་རང་རྒྱ་གར་སློབ་གྲྭར་ཧིན་རྡི་སྦྱོང་གི་ཡོད་ཙང་། ངས་ཁོའི་འགྲམ་ནས་སྦྱངས་པ་ཡིན། ཧིན་རྡི་ཐོག་བྲིས་པའི་དེབ་དང་ཚགས་པར་འདྲ་ཡིན་ན། ངས་ཀློག་ཤེས་ཀྱི་ཡོད།
དྲི་བ། ཨ་ཁུས་པར་རྩ་འབྲི་དུས། སྨྱུ་གུ་ག་རེ་བེད་སྤྱོད་གཏོང་གིན་ཡོད།
ལན། ད་འདི་དམིགས་བསལ་གང་ཡང་ཡོད་མ་རེད། ངས་སྨྱུག་མ་དང་ལྕགས་སྨྱུག་གཉིས་ཆ་བེད་སྤྱོད་བྱེད་ཀྱི་ཡོད། སྔོན་མ་ཡིན་ན། སྨྱུ་གུ་སོ་སོ་རང་ཉིད་ནས་བཟོས་ཀྱི་ཡོད། དེའི་རྒྱུ་ཡང་སྨྱུག་མ་ཡིན། གཞན་པར་རྩ་འབྲི་དུས། དཔེ་ཆ་དཔར་རྒྱག་ས་རང་ནས་ཤོག་བུ་དང་ལྕགས་སྨྱུག་སྤྲད་ཀྱི་འདུག
དྲི་བ། ཨ་ཁུས་ད་བར་བྲིས་པའི་པར་རྩའི་ཡིག་གཟུགས་ཕལ་ཆེ་བ་ཞིག་དབུ་ཅན་རེད་འདུག སྤྱིར་བཏང་ནས་དབུ་མེད་ནང་ལའང་བྲིས་ཡོད་པ་དེ་འདྲ་ཡོད་དམ།
ལན། ངས་བྲིས་པ་ཚང་མ་དབུ་ཅན་ནང་ཡིན། ང་རང་ཆུང་དུས་ནས་དབུ་མེད་སྦྱངས་མེད་ཙང་། ངས་དབུ་མེད་ནང་ཡག་པོ་ཞིག་འབྲི་ཤེས་ཀྱི་མེད།
དྲི་བ། ཨ་ཁུས་ལས་འཁྱུར་ངལ་གསོ་བྱེད་ནས་ལོ་མང་པོ་ཕྱིན་འདུག་ལ། དགུང་ལོ་ཡང་གྱ་བརྒྱད་ལ་ཕེབས་འདུག ད་ལྟ་སྡོད་ཤག་ཏུ་སྤུན་ཉེ་སོགས་གང་ཡང་མེད་པར་སོ་སོ་གཅིག་པུ་བཞུགས་ཀྱིན་ཡོད་དུས། ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་གང་དག་ཕྲད་ཀྱིན་འདུག
ལན། དཀའ་ངལ་གང་ཡང་མི་འདུག མ་གཞི་ནས་ང་རང་རྒྱུན་རིང་པོར་སོ་སོ་གཅིག་པུར་སྡོད་ཡག་འདི་གོམས་ཡོད་པ་དང་ང་ལ་དམིགས་བསལ་དགོས་ཡག་དེ་འདྲ་གང་ཡང་མེད་དུས་དཀའ་ངལ་གང་ཡང་མི་འདུག སོ་སོའི་ནང་ལ་གྲོགས་པོ་མང་པོ་འདྲ་སླེབས་སོང་ན། དུས་རྒྱུན་སོ་སོའི་དཔེ་ཀློག་དང་ཞལ་འདོན་སྐྱོར་ཡག་ལ་སོགས་ལས་དོན་མང་པོ་ཞིག་ལ་འཐུས་ཤོར་འགྲོ་ཀྱི་ཡོད་དུས། ང་རང་གཅིག་པུར་སྡོད་ཡག་འདི་སྐྱིད་པོ་འདུག གལ་ཏེ་སོ་སོས་ཁ་ལག་བཟོ་ཐུབ་ཀྱི་ཡོད་ན་དེ་བཟོས། དེ་མེད་ན་ངའི་ཉེ་འགྲམ་ལ་ཨ་ལྕག་ལགས་ཤིག་སྡོད་ཀྱི་ཡོད་པས། ཁོང་གིས་ང་ལ་ཁ་ལག་འཁྱེར་ཡོང་གི་ཡོད། གཙོ་བོ་སོ་སོ་སྐྱིད་པོ་ཡོད་མེད་དེ། བསམ་བློ་གཏོང་སྟངས་ལ་རག་ལུས་ཀྱི་ཡོད་དུས། ད་ལྟ་ང་ལ་དཀའ་ངལ་དེ་འདྲ་གང་ཡང་མི་འདུག
དྲི་བ། ང་རང་ཨ་ཁུ་ལ་མུ་མཐུད་ནས་སྐད་ཆ་འདྲི་དགོས་པའི་གནད་དོན་དེ་འདྲ་མང་པོ་འདུག་ནའང་། ད་ལན་འདི་ཙམ་ནས་མཚམས་འཇོག་རྒྱུ་ཡིན། ཨ་ཁུ་ལ་སོ་སོའི་འཚོ་བ་དང་ལས་དོན་དང་འབྲེལ་བའི་ཐོག་ནས། གསུང་རྒྱུ་ལྷག་བསྡད་པ་དེ་འདྲ་ཡོད་དམ།
ལན། འདིའི་ཐད་ངས་རྗེས་སོར་བསམ་བློ་གཏང་རྒྱུ་ཡིན། གལ་ཏེ་བསྐྱར་ལན་དང་ཁ་སྐོང་བྱ་དགོས་པ་དེ་འདྲ་ཡོད་ན། ངས་ཁྱེད་རང་ལ་ལབ་ཆོག
[1] སྐ་ཕུག་ཕག་མོ་ཚེ་བརྟན་མིང་ཅན་ནས་བྲིས་པའི་གཅན་ཚ་སྐ་ཕུག་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས་ཞེས་པའི་རྩོམ་ཡིག་དེའི་ནང་། སྐ་ཕུག་ཅེས་བྱ་བའི་རུས་མིང་ས་སྐ་ཅན་བྲིས་ཡོད་པ་འདི། ལོ་བརྒྱ་ཡས་མས་ཙམ་གྱིས་ར་རྐ་ཅན་འབྲི་སྲོལ་གསར་མ་ཞིག་བྱུང་ཡོད་པ་དེ་ལས་སྔ་བ་ཡིན་པ་དང་། དེའི་ཁུངས་ནི། སྔོན་གྱི་ཡིག་ཚང་རྙིང་གྲས་དང་། སྐ་ཕུག་བློ་བཟང་དོན་གྲུབ་ཀྱི་ཕྱག་བྲིས་བསྟར་མ་དཔེ་ཆ་སྣ་རིང་། གཞན་ཁོང་གི་དགེ་རྒན་དང་དངོས་སློབ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་སོགས་ཀྱི་ནང་སྐ་ཕུག་ཅེས་ས་སྐ་ཅན་བེད་སྤྱོད་བྱས་ཡོད་པར་ར་སྤྲོད་བྱས་འདུག
[2] ཁོ་བོས་བོད་གཞུང་ཤེས་རིག་དཔར་ཁང་གི་ཡན་ལག་འགན་འཛིན་ལ་ཨ་ཁུ་སྦྱིན་པ་རྒྱ་མཚོའི་་ཕྱག་ལས་གནང་འགོ་འཛུགས་པའི་ལོ་དང་རྒན་ཡོལ་ཞུས་པའི་ལོ་སྐོར་བཀའ་འདྲི་ཞུས་དུས། ཁོ་ཚོས་ལས་བྱེད་རྙིང་པ་ཐོ་འགོད་བྱས་འདུག་པ་དེའི་ནང་ཨ་ཁུའི་སྐྱེས་ལོ་སྐྱེས་ཚེས་མ་གཏོགས་གཞན་གང་ཡང་འཁོད་མི་འདུག་ལ། ཁོང་གིས་འབྲེལ་ཡོད་ལས་ཁུངས་ལྟེ་བར་འབྲེལ་གཏུགས་བྱ་དགོས་པའི་ལམ་སྟོན་གནང་སོང་། ཤེས་རིག་དཔར་ཁང་གི་ལས་བཅར་འགོད་དེབ་དེའི་ནང་ཨ་ཁུ་སྦྱིན་པ་རྒྱ་མཚོས་ ༢༠༠༣ ལོའི་ཟླ་ ༣ པའི་ཚེས་ ༩ བར་ལས་བཅར་ཞུས་འདུག་པ་བཀོད་འདུག འོན་ཀྱང་ཁོང་རྒན་ཡོལ་ཞུས་པའི་ལོ་འདི་ཡིན་མིན་ཁ་ཚོན་གཅོད་དཀའ།
ཨ་ཁུ་སྦྱིན་པ་ལགས་ཀྱི་རང་རྣམ་ཞིག་ཡོད་ཚེ་དངོས་གནས་ཀློག་སྤྲོའང་སྙམ་པ་ཞིག་བྱུང་།
གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་ལགས་་ངོ་མ་བཀའ་དྲིན་ཆེ།
སྔོན་མ་རྒྱ་གར་དུ་ཡོད་དུས་ཨ་ཁུ་སྦྱིན་པ་རྒྱ་མཚོས་་ལག་བྲིས་བགྱིས་པའི་དཔེ་ཆ་མང་་པོ་བཀླགས་མྱོང་བས་ཁོང་ནི་དགེ་རྒན་ཞིག་དང་ངོ་ཤེས་རྙིང་པ་ཞིག་གི་འདུ་ཤེས་ཡོད་པས་ གོང་གི་བཅར་འདྲི་ཐུང་བ་འདི་མཇལ་ནས་ཧ་ཅང་དགའ་བོ་བྱུང་།
ངས་ཁོང་གི་ལོ་རྒྱུས་དང་ཁོང་སྐུ་འཚོ་བཞུགས་ཡིན་མིན་སྐོར་འདོད་སྐྱེས་ནས་བསྡད་ཡོད། བཀའ་དྲིན་ཆེ།