ས་སྐྱ་༧གོང་མ་༧ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ཐའེ་ཝན་ནང་གི་གྲྭ་བཙུན་སྔགས་གསུམ་དང་དད་ལྡན་དོན་གཉེར་ཅན་གྱི་མི་མང་བཅས་སེར་སྐྱ་སྟོང་ཕྲག་བརྒལ་བར་སྤྱན་རིས་གཟིགས་ཀྱི་རྗེས་གནང་དང་བཀའ་ཆོས་བསྩལ་གནང་མཛད་ཡོད་འདུག
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ས་སྐྱ་༧གོང་མ་༧ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མི་མང་དང་། དེར་ཡོད་བོད་བརྒྱུད་ནང་པའི་དགེ་འདུན་པ་གཙོ་བོར་གྱུར་པའི་གྲྭ་བཙུན་སྔགས་གསུམ་གྱིས་མཚོན་པའི་འདུས་པ་སྟོང་ཕྲག་བརྒལ་བར་ཇོ་བོ་བཀའ་བདམས་པ་ནས་བརྒྱུད་པའི་ཐུབ་པ་དམ་ཚིག་གསུམ་བཀོད་དང་འབྲེལ་བའི་སྤྱན་རིས་གཟིགས་ཀྱི་རྗེས་གནང་དང་བཀའ་ཆོས་ཟབ་རྒྱས་བསྩལ་ཡོད་པ་དང་། ཐེངས་འདིའི་བཀའ་ཆོས་སྐབས་དཔལ་ས་སྐྱའི་གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་དང་། ངོར་ཐར་རྩེ་མཁན་རིན་པོ་ཆེ་སོགས་ཆེད་ཕེབས་ཡོད་པ་དང་། གཞན་ཡང་། བོད་བརྒྱུད་དང་རྒྱ་བརྒྱུད་ཀྱི་མཁན་སྤྲུལ་དགེ་བཤེས་དགེ་འདུན་པ་བརྒྱ་ཕྲག་བརྒལ་བ་དང་། ཐའེ་ཝན་ནང་ཡོད་པའི་དོན་གཅོད་སོགས་ས་གནས་ཀྱི་བོད་མི་བཅས་མི་མང་སྟོང་ཕྲག་ལྷག་ཙམ་མཉམ་ཞུགས་གནང་།
བཀའ་ཆོས་སྐབས་༧གོང་མ་ཁྲི་ཆེན་མཆོག་གིས་འདུས་པ་ཡོངས་ལ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་བཀའ་སློབ་ལམ་སྟོན་ལྟར་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་། བྱང་ཆུབ་སེམས་ཀྱི་ཉམས་ལེན་སོགས་ཀྱི་ཐད་ཚང་མས་ཐུགས་སྣང་དགོས་པའི་ལམ་སྟོན་དང་། དེ་བཞིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ལོ་མང་རིང་ཐའེ་ཝན་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སོགས་དང་འབྲེལ་བའི་ཕྱག་ལས་མང་པོ་གནང་བར་བསྔགས་བརྗོད་དང་དབུགས་དབྱུང་གཟེངས་བསྟོད་མཛད་ཡོད།
བཀའ་དབང་འདི་ནི་ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་རིས་མེད་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་རྣམ་པས་ཐུན་མོང་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། ཐའེ་ཝན་གྱི་ཆོས་བརྒྱུད་ཁག་གི་ཆོས་ཚོགས་མི་འདྲ་བའི་སློབ་མ་རྣམས་ཀྱིས་ཀྱང་དྭང་བླངས་ཐོག་རོགས་རམ་ཞུས་ཡོད་པ་རེད། ཆོས་ཕྱོགས་ཀྱི་བྱེད་སྒོ་འདི་རིགས་ནི་ཞིབ་འཇུག་ཚོགས་པའི་ངོས་ནས་ཐའེ་ཝན་གྱི་ནང་པའི་དད་ལྡན་པ་དག་ལ་མཚོན་ན། བོད་བརྒྱུད་ནང་བསྟན་དེའང་དོན་གྱིས་བསྟན་པ་གཅིག་གི་བརྒྱུད་པའི་བབས་མི་འདྲ་བ་ཙམ་ཡིན་པ་དང་། ཕན་ཚུན་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་། དད་དམ་འོ་ཆུ་གཅིག་འདྲེས་ཡིན་པའི་ངོ་བོ་མཚོན་ཐབས་ཤིག་ཡིན་སྟབས། ཁོང་རྣམ་པས་ཀྱང་བྱེད་སྒོ་འདི་རིགས་བརྒྱུད་ནས་ཆོས་བརྒྱུད་ཕན་ཚུན་གྱི་བར་ཐག་ཉེ་རུ་གཏོང་བ་སོགས་ལ་ནུས་པ་གང་ལེགས་ཐོན་བཞིན་ཡོད་པའི་ངོས་འཛིན་བྱ་བཞིན་ཡོད་པ་རེད།
གནས་ཚུལ་མཁོ་གཏོང་བ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།