རྒྱ་གར་བྱང་ཤར་གྱི་ཇཱ་ཝ་ཧལ་ནེ་རུའི་གཞུང་ལམ་དུ་གངས་རུད་བྱུང་ནས་ཉུང་མཐར་མི་གྲངས་ ༧ རྐྱེན་འདས་དང་མི་ ༡༢ ལ་རྨས་སྐྱོན་ཕོག་སྟེ་སྨན་བཅོས་བྱེད་བཞིན་ཡོད་འདུག
དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉིན་གུང་ཆུ་ཚོད་ ༡༢ དང་སྐར་མ་བཅོ་ལྔ་ཙམ་ལ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་སྣ་ཐོད་ལའི་བོད་ཧིན་མཐའ་མཚམས་བར་གྱི་ཇཱ་ཝ་ཧལ་ནེཧ་རུའི་གཞུང་ལམ་(Jawaharlal Nehru Road )དུ། གློ་བུར་དུ་གངས་རུད་བྱུང་སྟེ་ཡུལ་སྐོར་བ་མི་གྲངས་ ༧ རྐྱེན་འདས་དང་། མི་གྲངས་ ༡༢ ལ་རྨས་སྐྱོན་བཟོས་ཏེ་སྨན་བཅོས་བྱེད་བཞིན་ཡོད་སྟབས། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གྱིས་འདས་པོའི་ཤུལ་ལུས་ཁྱིམ་མིར་ཐུགས་གསོ་གནང་བ་དང་། རྨས་སྐྱོན་ཕོག་མཁན་རྣམས་ལ་རིན་མེད་ཀྱི་ཐོག་ནས་སྨན་བཅོས་བྱ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག
དེའི་ཐད་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། འབྲས་ལྗོངས་སུ་གངས་རུད་བྱུང་བར་བློ་ཕམ་ཆེན་པོ་བྱུང་། དོན་རྐྱེན་གྱི་ཁྲོད་ནས་རྐྱེན་འདས་སུ་གྱུར་བ་དག་གི་ནང་མི་དང་དགའ་ཉེ་སོགས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ལ། རྨས་སྐྱོན་ཕོག་མཁན་རྣམས་ཀྱང་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ། མྱུར་སྐྱོབ་ཚན་པ་དག་གིས་མུ་མཐུད་མྱུར་སྐྱོབ་བྱེད་མུས་ཡིན་པས། གནོད་འཚེ་ཐེབས་མཁན་རྣམས་ལ་རོགས་སྐྱོབ་བྱེད་ཐུབ་ངེས་ཡིན། ཞེས་གསུངས་འདུག
དེ་བཞིན་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པི་རེམ་སིང་རྟ་མང་(Prem Singh Tamang)ལགས་ཀྱིས། དོན་རྐྱེན་འདི་འདྲ་ཞིག་བྱུང་བར་བློ་ཕམ་ཆེན་པོ་ཡོད། ད་ལྟ་མངའ་སྡེ་གཞུང་དང་རང་བྱུང་གོད་ཆག་གི་མདུན་རྒོལ་ཚོགས་ (NDRF) པས་མྱུར་སྐྱོབ་བྱེད་མུས་ཡིན་ཡང་། མི་གྲངས ༧ རྐྱེན་འདས་སུ་གྱུར་འདུག ཅེས་དང་། ང་ཚོས་གངས་རུད་རྨས་སྐྱོན་ཕོག་མཁན་ལ་རིན་མེད་ཐོག་ནས་སྨན་བཅོས་བྱ་རྒྱུ་དང་། རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཕུང་པོ་རང་རང་གི་ཁྱིམ་དུ་བསྐྱལ་རྒྱུ་ཡིན། ཞེས་བརྗོད་འདུག
གཞན་ཡང་། རྒྱ་གར་བྱང་སར་ཁུལ་གྱི་མཐའ་མཚམས་གཞུང་ལམ་ལྷན་ཚོགས་( BRO)ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁ་སང་གངས་རུད་ཁྲོད་ཉུང་མཐར་རླངས་འཁོར་གྲངས་ལྔ་ནས་དྲུག་ཙམ་དང་། ཉུང་མཐར་མི་གྲངས ༢༠ ནས་ ༣༠ བར་གངས་ཁྲོད་དུ་བོར་བརླག་ཏུ་གྱུར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཁ་སང་ཕྱི་དྲོ་ཆུ་ཚོད་ ༣ པ་ཙམ་ལ་མི་གྲངས་ ༢༣ ཙམ་གངས་ཁྲོད་ནས་བསྐྱབས་ཏེ། ཉེ་འཁྲིས་ཀྱི་རྒྱ་གར་མཐའ་མཚམས་དམག་སྒར་དུ་སྨན་བཅོས་བྱེད་མུས་ཡིན་ཞིང་། དེའི་ཁྲོད་ཀྱི་མི་གྲངས་ ༨ ལ་རྨས་སྐྱོན་ཚབས་ཆེན་ཐེབས་ནས་ཛ་དྲག་ཏུ་གྱུར་ཡོད་སྐོར་ཡང་བསྒྲགས་འདུག
སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་ཁག་གི་ནང་དུ། ལུང་ཁུག་ཅིག་ཏུ་ཡུལ་སྐོར་བ་དང་རླངས་འཁོར་མང་པོ་བང་སྒྲིག་ནས་བསྡད་ཡོད་པ་དང་། གློ་བུར་དུ་གངས་རུད་ཤུགས་ཆེན་བྱུང་སྟེ་མི་མང་པོ་དེད་འགྲོ་ཡི་ཡོད་པ་དང་། ཕྱིས་སུ་མི་མང་གིས་གངས་གསོག་ནང་དུ་མནན་པའི་མི་རྣམས་རེ་རེ་བཞིན་སྐྱོབ་ཀྱི་ཡོད་པ་སོགས་མཐོང་རྒྱུ་འདུག འབྲས་ལྗོངས་ཀྱི་ཤར་ཕྱོགས་སུ་ད་ལྟའང་དྲག་ཆར་དང་གངས་ཤུགས་ཆེན་འབབ་གྱིན་ཡོད་ཅིང་། འདས་པའི་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལའང་སྣ་ཐོད་ལའི་ཁུལ་དུ་དྲག་ཆར་ཤུགས་ཆེན་བབས་ཡོད་འདུག
གསར་འགོད་པ། དཔལ་ལྡན།