བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་གྱི་ཟླ་གཅིག་ཙམ་རིང་གི་གོམ་བགྲོད་ལས་འགུལ་ནང་ཞུགས་མཁན་ཕལ་ཆེ་བ་དགུང་ལོ་ ༥༠ སྒང་ཡིན་པས་མ་འོངས་པར་བོད་ཀྱི་གཞོན་སྐྱེས་གང་མང་མཉམ་ཞུགས་བྱེད་ཐུབ་པའི་འབོད་སྐུལ་གནང་བཞིན་འདུག
ཕྱི་ཟླ་ ༤ ཚེས་ ༢༩ ནས་ཟླ་བ་གཅིག་ཙམ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་དམིགས་ཏེ་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་སྒང་ཏོག་ནས་ཨ་སམ་མངའ་སྡེའི་ཏེ་ཛ་པུར་བར་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་སྤེལ་མགོ་ཚུགས་པ་ལྟར། ཉིན་གཉིས་པར་ནུབ་བྷེང་གྷལ་མངའ་སྡེའི་ཏར་ཁོ་ལར་འབྱོར་ཡོད་ཅིང་། ཉིན་གསུམ་པར་བྷེང་གྷལ་མངའ་སྡེའི་རུན་བྷི་དང་། དེ་རིང་ཨུ་ལ་བྷ་རི་ས་གནས་སུ་འབྱོར་འདུག
འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ལ་ཁ་པར་བརྒྱུད་གོམ་བགྲོད་གནས་སྟངས་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཛ་དྲག་གོམ་བགྲོད་ལས་འགུལ་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་གོམ་བགྲོད་ལས་འགུལ་སྤེལ་མགོ་ཚུགས་པ་ནས་དེ་རིང་ཉིན་བཞི་པ་ཆགས་ཡོད། ཉིན་དང་པོ་སྒང་ཏོག་ནས་སྤྱི་ལེ་ ༢༨ གོམ་བགྲོད་བྱས་ཡོད་པ་དང་། ཉིན་གཉིས་པར་སྤྱི་ལེ་ ༣༠ ལྷག་གོམ་བགྲོད་བྱས་པ་ཡོད། ཁ་སང་ཉིན་གསུམ་པར་སྤྱི་ལེ་ ༣༤ གོམ་བགྲོད་བྱས་ཏེ་དེ་རིང་ཨུ་ལ་བྷ་རི་ལ་བསླེབས་ཡོད། ད་ལྟའི་ཆར་ལས་འགུལ་བ་གཅིག་གཉིས་ཤིག་ལ་ཏོག་ཙམ་མ་བདེ་བ་དེ་འདྲ་བྱུང་ཡོད་པ་དང་། ཁ་སང་ཁ་ཤས་ཀྱི་རྐང་པར་ཆུ་བུར་བརྡོལ་བ་དང་རྨ་བཟོས་པ་ཡོང་གི་ཡོད་ཀྱང་། གོམ་བགྲོད་པའི་མཉམ་དུ་སྨན་ཞབས་པ་ཡོད་པས། དམིགས་བསལ་གྱི་དཀའ་ངལ་གང་ཡང་འཕྲད་མེད་པ་མ་ཟད། དེ་རིང་མུ་མཐུད་དུ་གོམ་བགྲོད་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།
ཡང་ཁོང་གིས། ད་ལྟའི་ཆར་ས་གནས་བཅུ་བདུན་ནས་ཕེབས་པའི་དྭང་བླངས་གོམ་བགྲོད་ལས་འགུལ་བ་ ༨༧ མཉམ་ཞུགས་བྱེད་བཞིན་ཡོད་ལ། གོམ་བགྲོད་ལས་འགུལ་བ་རྣམས་ཁྲོམ་གཞུང་དང་། མི་ཚོགས་སོགས་ས་གནས་གང་དུ་ཐུག་ཀྱང་། ས་གནས་མི་མང་རྣམས་ལ་གོམ་བགྲོད་ཀྱི་བསྒྲགས་ཡིག་འགྲེམས་སྤེལ་དང་། བོད་དོན་དྲིལ་བསྒྲགས་བྱེད་བཞིན་ཡོད་ཅིང་། ཉིན་གསུམ་རིང་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་ས་གནས་གཞོན་ནུ་རྣམས་ཀྱིས་ལམ་ཁ་ནས་ཕེབས་བསུ་བྱས་ཡོད་པ་དང། ཉིན་གཉིས་པར་འབྲས་ལྗོངས་ཀྱི་ཉེན་རྟོག་རུ་ཁག་དང་མི་སྒེར་ཁག་ཅིག་གི་ངོས་ནས་ལམ་ཁ་ནས་ཆུ་སྤྲད་པ་སོགས་རྒྱབ་སྐྱོར་བྱེད་བཞིན་འདུག་པས། ལམ་ཁ་བདེ་བོ་མེད་པ་དང་། གློག་མེད་པའི་དཀའ་ངལ་ཏོག་ཙམ་ཡོང་བཞིན་པ་མ་གཏོགས་གོམ་བགྲོད་ལ་དཀའ་ངལ་ཅི་ཡང་མི་འདུག ཅེས་བརྗོད་བྱུང་།
ངོ་དེབ་ཐད་གཏོང་ནང་ཁོང་གིས་ཐེངས་འདིའི་ལས་འགུལ་ནང་དུ་མཉམ་ཞུགས་བྱེད་མཁན་རྣམས་ཕལ་ཆེ་བ་དགུང་ལོ་ ༥༠ སྒང་ལ་བསླེབས་པའི་རྒན་པ་ཤ་སྟག་ཡིན་པས། མ་འོངས་པར་བོད་ཀྱི་གཞོན་སྐྱེས་རྣམས་ལས་འགུལ་ནང་དུ་གང་མང་མཉམ་ཞུགས་བྱེད་དགོས་པའི་འབོད་སྐུལ་གནང་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།