མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོད་རྟེན་ཆེན་པོ་ཞིག་འགྱེལ་བའི་རྨི་ལམ།

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀའམ་དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས།

སྐར་མ་རབ་རིབ་མར་མེ་དང་།།

སྒྱུ་མ་ཟིལ་བ་ཆུ་བུར་དང་།།

རྨི་ལམ་གློག་དང་སྤྲིན་ལྟ་བུར།།

འདུས་བྱས་ཐམས་ཅད་དེ་ལྟར་བལྟ།།

–གོང་གསལ་ཚིག་བཅད་འདི་ནི་སངས་རྒྱས་ཀྱིས་གསུངས་ཤིང་། པདྨ་ཚེ་བརྟན་གྱི་གློག་བརྙན་ཁག་གི་ནང་དུ་ལན་མང་མཐོང་རྒྱུ་ཡོད།

མདང་ནུབ་མཚན་དཀྱིལ་ཙམ་ལ་རྨི་ལམ་ཞིག་བཏང་བྱུང་། དེ་ནི་ཁོ་བོ་རི་ལྡེབས་ཤིག་ཏུ་འབྱོར་བ་ན། དེར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དང་བོང་ཚད་མཉམ་པའི་མཆོད་རྟེན་ཆེན་པོ་ཞིག་གི་རྩེ་མོ་ནས་ལྟོ་བ་བར་དུ་ཞིག་ཚར་འདུག་ཅིང་། ཅང་མ་འགོར་བར་མཆོད་རྟེན་དེའི་ལྷག་ལུས་སྨད་ཆ་ཚང་མ་ཡང་ཞིག་འཐོར་དུ་གྱུར་ནས་ལྡིར་སྒྲ་དང་ས་རྡུལ་དམར་པོ་ཞིག་དང་ལྷན་དུ་གཤམ་གྱི་ལུང་གཤོང་དུ་ཉིལ་སོང་ལ། དེར་མཐུད་ནས་ཁོ་བོ་ཡང་སེམས་པ་དངངས་སྐྲག་དང་བཅས་གཉིད་ལས་སད་བྱུང་། ཚོད་དཔག་ལྟར་ན་སྐབས་དེར་ནམ་སྨད་ཆུ་ཚོད་བཞི་བ་ཙམ་ལ་བསླེབས་ཡོད་ཚོད་རེད།

ཁོ་བོས་ལོ་མང་སྔོན་བླ་མ་མི་ཕམ་ཚང་གི་སྒྱུ་མ་བེའུ་བུམ་ལས་རྨི་ལམ་སྐོར་གྱི་ཉམས་ལེན་ཞིག་བྱས་པའི་རྗེས་སུ། དོན་དག་བཟང་པོ་ཅི་འབྱུང་མི་ཐིགས་ཀྱང་། གལ་སྲིད་དོན་དག་ངན་པ་ཞིག་འབྱུང་རྒྱུ་ཡིན་ན་དེ་ཧ་ལམ་བརྒྱ་ལམ་དགུ་བཅུ་ཙམ་རྨི་ལམ་ནང་སྔོན་བརྡ་བཏང་ཡོང་གིན་འདུག་ཅིང་། བལ་ཡུལ་དུ་ས་ཡོམ་ཆེན་པོ་མ་བྱུང་བའི་སྔོན་ཏག་ཏག་ལ་ཡང་ཁོ་བོའི་རྨི་ལམ་ནང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐེད་པ་ཡན་ཆད་ཞིག་རྡིབས་སུ་གྱུར་ཡོད་པ་ཞིག་རྨིས་མྱོང་ཞིང་། དེ་ནས་ཅང་མ་འགོར་བར་ས་ཡོམ་ཆེན་པོ་དེས་མཆོད་རྟེན་ལ་གས་སྐྱོན་ཆེན་པོ་ཞིག་བཏང་བ་དང་། དེ་ནས་ཞིག་གསོའི་ཆེད་དུ་མཆོད་རྟེན་སྐེད་པ་བར་དུ་བཤིགས་ཡོད་པའི་འདྲ་པར་ཞིག་མཇལ་བ་སེམས་ལ་དྲན་པས། རང་དབང་མེད་པར་ད་ཡང་རང་རེའི་སྐུ་གསུང་ཐུགས་རྟེན་རྩ་ཆེན་པོ་ཞིག་འཇིག་རྒྱུ་ཡིན་པ་འམ། ཡང་ན་སྐྱེས་ཆེན་དམ་པ་རེ་ཞིང་ཁམས་གཞན་དུ་གཤེགས་རྒྱུ་ཨེ་ཡིན་ནམ་སྙམ་པའི་དོགས་འཇིགས་འདྲེས་མ་ཞིག་སྐྱེས་ཏེ། ཉལ་སའི་ནང་ནས་ལུས་སྟོད་ཡར་དགྱེ་སྟེ་ཤེས་རབ་སྙིང་པོ་ཚར་གཅིག་བཏོན་པའི་རྗེས་སུ་ཟློག་པ་ལན་གསུམ་བརྒྱབ་པ་ཡིན།

ཞོགས་པར་གཉིས་ལས་སད་དེ་ཁ་པར་ཁ་ཕྱེས་པ་ན། སྐད་འཕྲིན་ནང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ལགས་ལྷ་སར་སྐུ་གྲོངས་པའི་སྐོར་གྱི་གནས་ཚུལ་ཧ་ཅང་མི་སྙན་པ་ཞིག་ས་སྤུར་རྡོ་སྤུར་བྱེད་བཞིན་པ་མཐོང་བས། ཨ་ཁ་ཁ། མདང་གི་རྨི་ལམ་དེས་དེ་རིང་གི་ལྟས་ངན་འདི་བསྟན་འདུག་ཨང་བསམས་ཏེ་སེམས་སྐྱོ་བ་ལ་ཚད་མེད་པ་ཞིག་བྱུང་ཞིང་། ཁོ་བོ་སློབ་ཆུང་དུ་ཡོད་དུས་དགེ་རྒན་བཀའ་དྲིན་ཅན་བསོད་ནམས་རྒྱལ་མཆོག་གིས། ན་བ་བྱིའུ་ཆུང་རྡོ་ཕོག་འདྲ། ཞེས་པ་ཞིག་གསུངས་པ་ཡང་སེམས་སུ་འཁོར་ཡོང་།

ཕལ་ཆེར་ལོ་ངོ་སུམ་ཅུར་ཉེ་བའི་སྔོན་དུ་ཁོ་བོ་ཕ་ཡུལ་དུ་ཡོད་དུས། ངེད་ཅག་མང་རྫོང་དུ་སྒྱུ་རྩལ་པ་སྨན་བླ་སྐྱབས་དང་ཞི་བདེ་ཉི་མ། སྒྲུང་རྩོམ་པ་སྟག་འབུམ་རྒྱལ་དང་སྙན་ངག་པ་བྱ་གཞུང་གཡང་བྷ་སོགས་ཅུང་གྲགས་ཆེ་ཞིང་། ཁྲི་ཀ་རྫོང་དུ་པདྨ་ཚེ་བརྟན་དང་ལྷ་རྒྱལ་ཚེ་རིང་སོགས་སྙན་གྲགས་གཞི་ནས་རྒྱས་རྒྱུ་རེད། སྐབས་དེར་པདྨ་ཚེ་བརྟན་གྱིས་སྒྲུང་ཐུང་དེ་འདྲ་འབྲི་བཞིན་འདུག་ལ། ཁོ་བོ་ཡང་དེ་སྐབས་སྒྲུང་ཐུང་དང་སྙན་ངག་འབྲི་ཞོར་དང་དེ་དག་བོད་ཁུལ་གྱི་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་སོ་སོར་སྤེལ་བཞིན་ཡོད་པའི་རྩོམ་པ་པོ་ལས་དང་པོ་བ་ཞིག་ཡིན་པས། རང་དང་ལས་རིགས་གཅིག་པ་འམ་དགའ་ཕྱོགས་གཅིག་པའི་མི་རྣམས་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་བཞིན་ཡོད་པ་འདྲ། ཁོས་བརྩམས་ཏེ་སྦྲང་ཆར་སྟེང་སྤེལ་བའི་སྒྲུང་ཐུང་་་གངས་་་ཞེས་པ་དེས་ཁོ་བོའི་ཡིད་དབང་འཕྲོགས་མྱོང་།

མཁའ་དབྱིངས་སུ་ཉི་འོད་དྲོ་འཇམ་ཞིག་འཕྲོ་ཞིང་། མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་དགོན་པའི་གླིང་བར་ཀུན་ཏུ་ཁྱབ་པའི་དབྱར་ཟླ་དྲུག་པའི་ཉིན་ཞིག ང་དང་ཕུ་བོ་ཞིང་གཤེགས་ལྡོང་ཕྲག་ཡེ་ཤེས་བཟང་པོ། ནུ་བོ་སྐལ་ལྡན་རྒྱ་མཚོ་གསུམ་གྱིས་འཐེན་ཐུག་སླ་ང་གང་བསྐོལ་ཏེ་གྲྭ་ཤག་གི་ར་སྐོར་དཀྱིལ་དུ་བཞག་ཅིང་། ཕུ་བོས་གོམས་སྲོལ་ལྟར་སྟོད་འགག་ཕུད་ནས་སྟོད་རྗེན་དུ་འཐེན་ཐུག་འཐུང་བཞིན་པའི་སྐབས་སུ། ཁོ་བོའི་སེམས་སུ་སྒྲུང་རྩོམ་ཞིག་གི་བློས་བསླངས་ཤར་བས། དེ་མ་ཐག་ཏུ་ཤག་ཏུ་བརྒྱུགས་ནས་འབྲི་དེབ་ཅིག་དང་སྨྱུ་གུ་ཞིག་བླངས་ཡོང་སྟེ། འཐེན་ཐུག་འཐུང་ཞོར་<<ཁ་བ་ནག་པོ>>་ཞེས་པའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་སྒྲུང་ཐུང་ཞིག་བྲིས་པ་ཡིན་ལ། དེ་ནས་གཟའ་འཁོར་གཅིག་གི་རྗེས་སུ་སྒྲུང་ཐུང་དེ་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་འགྲེམ་སྤེལ་བྱེད་བཞིན་པའི་རྩོམ་རིག་དུས་དེབ་གྲགས་ཆེན་<<གངས་རྒྱན་མེ་ཏོག>>་ཅེས་པའི་རྩོམ་སྒྲིག་ཁང་ལ་བསྐུར་པ་དང་། དེ་ནས་གཟའ་འཁོར་འགའ་འགོར་རྗེས་ཁོ་བོས་ཕ་ས་ཕ་མ་ཕུ་ནུ་སློབ་དཔོན་སོགས་ལ་གྱེས་ཕྱག་ཕུལ་ཏེ་རི་བོ་ཧི་མ་ལ་ཡ་བརྒལ་ནས་ཕྱི་ཕྱོགས་སུ་བསྐྱོད་པ་ཡིན།

དེ་ནས་བརྩིས་པའི་ལོ་ཕྱེད་ཅིག་གི་རྗེས་སུ་ཕུ་བོས་བོད་ནས་ཡི་གེ་ཞིག་བསྐུར་ཏེ་ངའི་རྩོམ་ཡིག་དེ་<<གངས་རྒྱན་མེ་ཏོག>>་སྟེང་བཀོད་པ་མ་ཟད། པདྨ་ཚེ་བརྟན་གྱིས་རྩོམ་ཡིག་དེ་རྒྱ་ཡིག་ཏུ་བསྒྱུར་ནས་ལྷ་སར་འདོན་སྤེལ་བྱེད་བཞིན་པའི་<<བོད་ཀྱི་རྩོམ་རིག>>་ཅེས་པའི་རྒྱ་ཡིག་གི་དུས་དེབ་གྲགས་ཅན་དེའི་སྟེང་དུ་བཀོད་འདུག་ཚུལ་བརྗོད་བྱུང་ལ། དེ་དུས་<<བོད་ཀྱི་རྩོམ་རིག>>་དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་ཞིག་ནི་དེང་སྐབས་ཆབ་སྲིད་རྩོམ་ཡིག་མང་པོ་འབྲི་བཞིན་པའི་མཛངས་མ་ཚེ་རིང་འོད་ཟེར་ལགས་རེད། སྐབས་དེར་དེང་སྐབས་བཞིན་དུ་བརྡ་འཕྲིན་བརྒྱུད་ལམ་ཅི་ཡང་མེད་པས། ཁོ་བོས་རང་གི་རྩོམ་ཡིག་རྒྱ་ཡིག་ཏུ་བསྒྱུར་མཁན་ལོ་ཙྰ་བ་པདྨ་ཚེ་བརྟན་ལ་ཐུགས་རྗེ་ཆེ་ཞུ་ཡིག་ཙམ་ཞིག་ཀྱང་བསྐུར་རྒྱུ་མ་བྱུང་།

རྗེས་སུ་ངའི་ཕུ་བོ་ལྡོང་ཕྲུག་ལགས་དང་ལྷན་དུ་ཁ་པར་སོགས་བརྒྱུད་ལམ་འདྲ་མིན་ནས་ཁ་བརྡ་བྱེད་ཐེངས་མང་པོ་ཞིག་ལ་ཁོང་དང་པདྨ་ཚེ་བརྟན་གཉིས་གྲོགས་པོ་ཧ་ཅང་ཐག་ཉེ་བོར་གྱུར་པ་དང་། པདྨ་གློག་བརྙན་བཟོ་སྐྲུན་གྱི་ལམ་བུར་འཇུག་རྩིས་ཡོད་ལུགས་བརྗོད་བྱུང་ལ། ངའི་ནུ་བོ་སྐལ་ལྡན་ལགས་བརྒྱུད་དེ་པདྨའི་གློག་བརྙན་ཐོག་མ་<<རྩྭ་ཐང>>་ཞེས་པ་དེའི་འོད་སྡེར་ཞིག་ཀྱང་ལག་སོན་བྱུང་སྟེ། ཧ་ཅང་སྤྲོ་སྣང་ཆེན་པོས་ཁོང་གི་གློག་བརྙན་དེར་བལྟས་པ་དང་ཆབས་ཅིག བོད་རིགས་ཀྱི་ཁྲོད་དུ་ཡང་ཆེས་ཐོག་མར་གློག་བརྙན་བཟོ་སྐྲུན་པ་ཞིག་ཐོན་པར་དགའ་སྤྲོ་ཚད་མེད་སྐྱེས་མྱོང་།

རིམ་བཞིན་པདྨས་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>ཞེས་པའི་གློག་བརྙན་ཞིག་བཟོས་པར་ཡང་དྲ་ལམ་ནས་བལྟས་པ་ཡིན་ལ། གློག་བརྙན་དེས་འདོད་པ་དེ་ཙམ་མ་ཁེངས་ཀྱང་སྤྱིར་ན་བོད་མི་ཞིག་གིས་གློག་བརྙན་ཡིན་ཞིང་། སྒོས་སུ་རང་དང་འབྲེལ་བ་ཕྲན་བུ་ཡོད་པ་ཞིག་གིས་བཟོས་པའི་གློག་བརྙན། བྱེ་བྲག་ཏུ་རང་ཉིད་ལ་ཆ་རྒྱུས་ཡོད་པའི་ས་གནས་སུ་བཟོས་པའི་གློག་བརྙན་ཞིག་ཡིན་པས། གློག་བརྙན་དེ་དུས་ཡུན་རིང་པོ་ཞིག་ལ་སེམས་གཏིང་ནས་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར་པ་དང་། རིམ་བཞིན་གློག་བརྙན་དེར་ཕྱི་བརྩེགས་ནང་བརྩེགས་ཀྱི་གོ་དོན་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པའི་ངེས་ཤེས་ཤིག་ཀྱང་སེམས་གཏིང་ནས་འཕྲོ་རིམ་འཕྲོར་འཕྱུར་མྱོང་།

ཁོང་གི་གློག་བརྙན་གྲགས་ཅན་<<ཁྱི་རྒན>>་སྤྱི་ཚོགས་སྟེང་བསླེབས་ནས་ཅང་མ་འགོར་བར། ཨ་རིའི་ཉིག་ཡོར་དུ་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་རམ་བྱས་ཏེ། པདྨ་ཨ་རིར་དབྱིན་ཡིག་ཟབ་སྦྱོང་ཞིག་ལ་ཡོང་སྟེ་ཕལ་ཆེར་ལོ་གཅིག་ཙམ་གྱི་རིང་བསྡད་པ་དང་། སློབ་གསེང་དུ་ཁོང་གིས་གློག་བརྙན་<<ཁྱི་རྒན>>་ཞེས་པ་དེ་ཨ་རིའི་ས་གནས་ཁ་ཤས་སུ་འགྲེམ་སྟོན་བྱས་པ་རེད། ང་རང་ཡོད་སའི་ས་གནས་འདིར་ཡང་ཁོང་གིས་གློག་བརྙན་དེ་འགྲེམ་སྟོན་བྱས་པ་དང་། ངོ་ཤེས་ཤིག་གིས་ཁོང་ལ་ང་འདི་གར་ཡོད་ལུགས་བརྗོད་པས། ཁོང་གིས་ང་ལ་འབྲེལ་བ་བྱས་ནས་གནམ་ཐང་དུ་ལེན་དུ་ཡོང་རོགས་ཞེས་བརྗོད་པར། ཁོ་བོས་རང་གི་ཨ་རིའི་སློབ་མ་ཨེ་རིག་ཅེས་པ་ཞིག་ཡོད་པ་ཁྲིད་ནས་གནམ་ཐང་དུ་ཁོང་བསུ་རུ་བསྐྱོད། སྐབས་དེར་ཁོང་སྐད་གྲགས་གང་འཚམ་ཆེན་པོ་ཡོད་པའི་གློག་བརྙན་བཟོ་སྐྲུན་པ་ཞིག་ཏུ་གྱུར་ཟིན་པ་དང་། ཨ་རིག་གི་རླངས་འཁོར་དེ་ནི་གསར་པ་གོང་ཆེན་ཞིག་མ་ཡིན་པར་རྙིང་པ་གོང་ཆུང་ཞིག་ཡིན་པས། རང་ཡུལ་གྱི་མི་སྣ་གྲགས་ཅན་ཞིག་བསུ་སྟངས་ཀྱི་ཐད་ནས་བརྗོད་ན་ངོ་ཚ་བོ་ཏོག་ཙམ་བྱུང་སོང་། གང་ལྟར་ཁོང་ནི་མི་གཉོམ་ཆུང་ཁ་དེ་ཙམ་གྲག་རྒྱུ་མེད་པ། ཕར་སྐད་ཆ་མ་བཤད་ན་ཚུར་གནས་ཚུལ་འདྲ་མིན་ཐད་ཁ་བརྡ་མི་བྱེད་པའི་གཤིས་ཀ་ཅན་ཞིག་འདུག

ཕྱི་རོལ་ཏུ་དབྱར་ཁའི་ཉི་འོད་དྲོ་ཞིག་འཇམ་པའི་ཕྱི་དྲོ་དེར། མི་ལྔ་བཅུ་ཙམ་ཤོངས་པའི་གློག་བརྙན་ཁང་ཆུང་ཆུང་ཞིག་ཏུ་པདྨའི་གློག་བརྙན་<<ཁྱི་རྒན>>་ཞེས་པ་དེ་བསྟན་སོང་། ཁོ་བོར་མཚོན་ན་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་ཧ་ཅང་མང་པོ་ཞིག་ཕྱིན་ཡོད་ལ། ཕ་ཡུལ་རང་གི་འཚོ་བ་མཚོན་པའི་གློག་བརྙན་ཞིག་ཕ་ཡུལ་རང་གི་མིས་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པ་ཞིག་ལ་བལྟས་པའི་མྱོང་ཚོར་དེ་ནི་སྨྲ་བསམ་བརྗོད་ལས་འདས་པ་ཞིག་རེད་ཨང་།

གློག་བརྙན་བསྟན་ནས་ཚར་ཙམ་ལ་པདྨ་ལྡིངས་ཆའི་སྟེང་དུ་བསྐྱོད་ནས་དྲི་བ་དྲི་ལན་གྱི་མགོ་རྩོམ་དུས། གློ་བུར་བའི་དོན་རྐྱེན་ཞིག་བྱུང་སྟེ་པདྨ་དང་ལྟད་མོ་བ་ཚང་མ་ཧང་སངས་ཤིང་དོགས་མི་བདེ་བ་ཆེན་པོ་ཞིག་གི་གནས་སུ་བསྐྱལ། དེ་ནི་ལྟད་མོ་བའི་ཁྲོད་དུ་ཨ་རི་བ་དང་ས་གནས་བོད་རིགས་གང་འཚམ་ཞིག་ཡོད་པའི་ཁྲོད་ནས། རྒྱ་གར་གཞིས་ཆགས་ནས་བསླེབས་པའི་བོད་མི་རྒན་པོ་ཞིག་གློ་བུར་དུ་ཡར་ལངས་ཏེ་སྐད་ཤུགས་ཆེན་པོའི་སྒོ་ནས། ཁྱོད་ཀྱི་གློག་བརྙན་འདི་ནི་རྒྱ་མིའི་དྲིལ་བསྒྲགས་ཀྱི་ལག་ཆ་ཞིག་རེད། ང་ཚོས་འདིར་བོད་ནང་དུ་བོད་མི་ཚོར་ལས་ཀ་ཅི་ཞིག་བྱེད་པར་རང་དབང་སྤུ་ཙམ་ཡང་མེད་པའི་དྲིལ་སྒྲོག་བྱེད་བཞིན་ཡོད་མོད། ཁྱོད་ལ་གློག་བརྙན་འདི་ལྟ་བུ་ཞིག་བཟོ་སྐྲུན་བྱེད་པའི་ཆོག་མཆན་སུས་སྤྲད་སོང་ངམ། ཞེས་བརྗོད་སོང་བར། པདྨའི་གདོང་མདོག་ལ་འགྱུར་བ་ཅི་ཡང་མེད་པར་ལན་སྟབས་བདེ་ཞིག་བཏབ་བྱུང་ལ། རྒན་པོ་དེས་ད་དུང་ངར་ངར་གྱིས་ཅིག་རྗོད་བཞིན་འདུག་མོད། ང་ནི་ཟློས་གར་འདི་རིགས་ལ་དེ་ཙམ་གོམས་མེད་པས་དོན་རྐྱེན་དེས་པདྨ་ཚེ་བརྟན་ངོ་ཚ་ཁ་སྐྱེངས་བཟོ་བར་དོགས་ནས་གནས་སྟངས་འདི་གང་མྱུར་མཇུག་སྒྲིལ་ན་བསམས་བྱུང་།

ཨ་རི་ནས་བོད་ནང་ལོགས་ནས་པར་སྐྲུན་བྱས་པའི་རྩོམ་ཡིག་དུས་དེབ་དང་ཚགས་པར་ཁག་ལག་ཏུ་ཡོང་རྒྱུ་ཧ་ཅང་དཀའ། ཡིན་ན་ཡང་ངོ་ཤེས་པ་རེ་བརྒྱུད་ནས་རྩོམ་པ་པོ་ཚད་ལྡན་དག་གི་བརྩམས་ཆོས་དཔེ་དེབ་བསྐུར་དུ་འཇུག་གི་ཡོད་ལ། པདྨའི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་དེབ་<<བསླུ་བྲིད>>་ཅེས་པ་དེ་མངགས་པ་ཡིན། དེབ་དེའི་ནང་དུ་ཁོང་གི་བརྩམས་སྒྲུང་ཐུང་ངུ་བཅུ་དགུ་བསྡུས་འདུག དེ་དག་ལས་་<<ཡུལ་གྱར་རྡུང་ལེན་པ>>་དང་<<རྩེད་ཐང་ལ་འགྲོ>> <<ཨ་ཁུ་ཐོད་པར་བཅར་འདྲིར་ཕྱིན་པ>>་སོགས་ནི་ཁྲག་དང་མཆི་མ། ཤ་དང་རུས་པའི་བརྩེ་དུང་ངོ་།།

འཆི་བ་མི་རྟག་པ་ཞེས་པ་དེ་བསླེབས་པའི་སྐབས་སུ། ང་ཚོ་འགྲོ་བ་རིགས་དྲུག་དང་སྐྱེ་གནས་བཞིས་བསྡུས་པའི་གནས་རིས་གང་ཞིག་ཏུ་ཡོད་ཀྱང་། ཟ་མ་ཟ་འཕྲོ་དང་གོམ་པ་སྤོ་འཕྲོ། གཉིད་ཉལ་འཕྲོ་དང་སྒོམ་རྒྱག་འཕྲོ རྩོམ་ཡིག་འབྲི་འཕྲོ་དང་གློག་བརྙན་འཁྲབ་འཕྲོ་སོགས། མདོར་ལ་ལས་ཀ་ཡོད་ཚད་ཀྱི་འཕྲོ་བཞག་སྟེ་འཇིག་རྟེན་འདིའམ་མི་ཚེ་འདི་ནས་ཆ་རྒྱུས་མེད་ཅིང་དོགས་འདྲིས་ཁེངས་པའི་སྐྱེ་བ་ཕྱི་མའི་ལུས་རྟེན་དེ་དང་སྡོད་གནས་དེ་འཚོལ་དུ་འགྲོ་དགོས་པས། པདྨ་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལྷ་སར་གདན་འདྲེན་གྱིས་ཇོ་ཁང་ལ་སྐོར་བ་གསུམ་བརྒྱབ་རྗེས། སྟོད་ལུང་དུ་ཁྱེར་ནས་སྦྱིན་སྲེག་བྱས་པ་དང་། དེ་ནས་རུས་ཐལ་དཀར་པོ་ཁུག་མ་གང་ཁོང་གི་ཕ་ས་ཕ་ཡུལ་དང་ཁ་ཐག་ཧ་ཅང་ཉེ་བའི་གནའ་མཁར་ཟི་ལིང་དུ་ཁྱེར་ཡོང་སྐབས། ལས་རིགས་གཅིག་པ་དང་ཤ་ཁྲག་གཅིག་པའི་མི་སྣ་བརྒྱ་ཕྲག་འགའ་ཕེབས་བསུར་བསླེབས་ཡོད། སྐབས་འདིར་ཁོང་གི་རྣམ་ཤེས་སྦྲང་མ་འདྲ་བོ་དེ་ཡང་བོད་ཀྱི་གངས་རི་དང་རྩྭ་ཐང་། རི་ཚོགས་དང་ལུང་གཤོང་སོགས་སུ་གང་འདོད་དུ་འཕུར་ལྡིང་བྱེད་བཞིན་ཡོད་ལ། བར་དོའི་ལུས་རྟེན་དེ་ནི་གློག་གམ་འོད་ཀྱི་རང་བཞིན་ཅན་ཞིག་ཡིན་པས། དེ་ལ་ཁོང་གི་ཚེ་ཐོག་འདིའི་སྟེང་དུ་ལོ་མང་རིང་མྱངས་པའི་གཅིན་སྙིའི་ན་ཚའི་ཟུག་གཟེར་དང་ཉེན་རྟོག་པས་ཟི་ལིང་བཀག་སྐྱིལ་ཁང་དུ་གཅར་རྡུང་བྱེད་སྐབས་བཞག་པའི་ལུས་སྟེང་གི་རྨ་ཁ་སོགས་ཅི་ཡང་མེད་པར་ཐོགས་རེག་བྲལ་བའི་སྒྱུའི་མའི་ལུས་རྟེན་ཞིག་རེད་ཨང་།

གལ་སྲིད་ང་ཚོས་ངེས་པར་དུ་མི་ཡུལ་ལ་ཟས་རིན་གོས་རིན་ཞེས་པ་ཞིག་འཇོག་དགོས་ཀྱི་ཡོད་ན། པདྨའི་གློག་བརྙན་དེ་ཚོ་ནི་ཁོང་གིས་མི་ཡུལ་ལ་བཞག་པའི་ཟས་རིན་གོས་རིན་ཡག་ཤོས་དེ་ཡིན་རྒྱུ་རེད། གལ་སྲིད་ང་ཚོས་ལོ་རེ་བཞིན་པདྨ་ལ་རྗེས་དྲན་བྱེད་དགོས་ཚེ། པདྨའི་གློག་བརྙན་དེ་ཚོ་ནི་ཁོང་གི་སྣང་བརྙན་གསོན་པོ་རེ་རེ་ཡིན་རྒྱུ་རེད། གལ་སྲིད་ང་ཚོས་པདྨའི་མི་ཚེའི་རྐང་རྗེས་དེ་དག་འཚོལ་དགོས་ཚེ། པདྨའི་གློག་བརྙན་དེ་ཚོ་ནི་ཁོང་གི་འཚོ་བའི་ཟིན་བྲིས་རེ་རེ་ཡིན་རྒྱུ་རེད། པདྨས་ཁོང་གི་བུ་འཇིགས་མེད་ཀྱིས་མཚོན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པའི་མི་རིགས་གསར་པ་ཞིག་བསྐྱེད་སྲིང་བྱས་ཡོད་པས། པདྨའི་ཤ་ཁྲག་གི་ལུས་པོ་དེ་འཇིག་རྟེན་འདི་ན་མེད་ཀྱང་ཁོང་གི་རྣམ་ཤེས་ཀྱི་བསྡུས་གཟུགས་དང་ཕུགས་བསམ་གྱི་གོང་བུ་རེ་རེ་ད་དུང་འོད་དུ་འཚེར་ཞིང་རེ་བས་ཁེངས་འདུག་ཨང་།

པདྨ་ཚེ་བརྟན་གྱི་སྐུའི་མེ་ཏོག་འཐོར་བའི་ཉིན་འདི་བོད་ཀྱི་གློག་བརྙན་དུས་ཆེན་གྱི་ཉིན་མོར་གཏན་ཁེལ་ན་ལེགས་པའི་བསམ་ཚུལ་འདོན་མཁན་རེ་ཟུང་འདུག་པར་ཁོ་བོས་ཀྱང་རྒྱབ་སྐྱོར་བྱེད་པ་ཡིན། འདས་པའི་ཉིན་ཤས་རིང་བོད་ནང་གི་སྨྱུག་ཐོགས་པ་མང་པོ་ཞིག་གིས་པདྨའི་སྐོར་འབྲི་བཞིན་འདུག་ལ། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ཁག་གིས་ཀྱང་པདྨའི་སྐོར་བཅར་འདྲི་བྱེད་བཞིན་འདུག དེ་བཞིན་བོད་ཀྱི་དུས་བབ་སོགས་ཚགས་པར་ཁང་ཁག་གིས་ཀྱང་པདྨའི་སྐོར་གནས་ཚུལ་སྤེལ་སོང་། པདྨ་དང་རྩོམ་ཡིག་གི་འབྲེལ་ཐག་མཐུད་མྱོང་ཞིང་པདྨ་དང་གློག་བརྙན་ཞིག་གིས་ཐུག་འཕྲད་བྱེད་མྱོང་བའི་བདག་གིས་ཀྱང་རྩོམ་ཐུང་འདི་འདྲ་ཞིག་མ་བྲིས་ཐབས་མེད་བྱུང་སོང་།

པདྨ་ཚེ་བརྟན་གྱི་གློག་བརྙན་དག་རིམ་བཞིན་ངོ་སྤྲོད་ཀྱིས་མཇུག་བསྡུ་བར་བྱ།

རྩྭ་ཐང་། སྤྱི་ལོ་ ༢༠༠༤

ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། ༢༠༠༤

༡༩༨༣ ལོའི་དོར་མ་དོང་ཆེན་ཁ། ༢༠༠༨

འཚོལ། ༢༠༠༩

ཁྱི་རྒན། ༢༠༡༡

གཡང་མདའ ༢༠༡༤

ཐར་ལོ། ༢༠༡༥

ལག་དམར། ༢༠༡༨

དབུགས་སྒང་། ༢༠༡༩

ཁོང་གི་གློག་བརྙན་ཁག་ཅིག་ལ་དྲ་ཚིགས་འདི་ནས་བལྟ་ཐུབ། 【བོད་བརྙན་གཟིགས་འབུལ།】པདྨ་ཚེ་བརྟན་གྱི་གློག་བརྙན་འོས་སྦྱོར། (qq.com)

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༡ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༢ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese