༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བཞུགས་ཁྲིའི་སྟེང་དུ་ང་བསྡད་ཡོད་ཀྱང་༧གོང་ས་མཆོག་བཞུགས་ཀྱི་ཡོད་བསམ་པའི་ཐོག་ནས་བརྟན་བཞུགས་ཕུལ་ཏེ་ང་ཚོ་ཚང་མས་སྨོན་ལམ་བརྒྱབ་པ་ཡིན་ན་ཕན་ཐོགས་ཡོང་སྐོར་བཀའ་སློབ་གནང་སོང་།
དེ་རིང་ཕྱི་ཚེས་ ༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུ་ཁང་དུ། མཛོད་དགེ་གཟའ་རུ་རོང་འབྲོག་གཉིས་ཀྱི་གོ་སྒྲིག་འོག ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ཐོག་བྱེས་པ་གྲྭ་ཚང་གི་མཁན་སྤྲུལ་རྣམ་པའི་དབུས་དྷ་ས་ཁུལ་གྱི་བཙུན་དགོན་དང་རིགས་ལམ་སློབ་གཉེར་ཁང་སོགས་ཀྱི་མཁན་པོ་དབུ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀླུ་ཁྲི་ཚང་ཚེ་དབྱངས་ལགས་དང་།བོད་མི་མང་སྤྱི་འཐུས་ཁག་ཅིག དྷ་ས་ཁུལ་གྱི་གཞུང་ཁོངས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། བྱེས་པ་གྲྭ་ཚང་གི་འདུས་སྡེ་དང་དད་ལྡན་མི་མང་བཅས་འཛོམས་འདུག
སྐབས་དེར་༧སྐྱབས་རྗེ་ཀིརྟི་རིན་པོ་མཆོག་ནས། དེ་རིང་བརྟན་བཞུགས་འདི་ངའི་སྐྱེས་ཡུལ་གཟའ་རུ་རོང་འབྲོག་གཉིས་ནས་ཐུན་མོང་གིས་ཕུལ་བ་ཞིག་རེད། བརྟན་བཞུགས་ཀྱི་སྔ་ཕྱི་བར་གསུམ་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། བརྟན་བཞུགས་ཕུལ་བའི་རྗེས་སུ། བརྟན་བཞུགས་ཀྱི་ཞལ་བཞེས་བཀའ་སློབ་གནང་སྲོལ་ཞིག་ཆགས་ཡོད་ཀྱང་། ང་ལ་ཞལ་བཞེས་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་ང་རང་གི་ངོས་ནས་ཚེ་རིང་པོར་སྡོད་པར་སྨོན་ལམ་རྒྱག་ཆོག་པ་རེད་ལ། སྨོན་ལམ་རྒྱག་ཐུབ་ཀྱི་རེད། ང་ལ་ཚེ་རིང་པོར་སྡོད་པའི་ནུས་པ་གང་ཡང་ཡོད་པ་མ་རེད། ང་རང་གིས་བྱེད་ཐུབ་པ་དེ་ཁ་སྔོན་ཡང་བཤད་ཡོད། སོ་སོའི་ངོས་ནས་འཕྲོད་བསྟེན་ཐོག་ཧུར་ཐག་འབད་ཐག་བྱས་ན་ཚེ་རིང་པོར་བསྡད་ཐུབ་པ་ཡིན་དུས། ང་རང་གི་ངོས་ནས་འཕྲོད་བསྟེན་གྱི་ཐོག་ལ་སྔ་ཕྱི་བར་གསུམ་དུ་ཧུར་ཐག་འབད་ཐག་བྱས་པ་ཡིན་ལ། ཕྱིན་ཆད་ཀྱང་འཕྲོད་བསྟེན་གྱི་ཐོག་ནས་ཧུར་ཐག་འབད་ཐག་བྱ་རྒྱུ་ཡིན་པ་ཁས་ལེན་བྱེད་ཐུབ་པ་མ་གཏོགས། དེ་ལས་ལྷག་ཅིག་ང་ལ་ནུས་པ་གང་ཡང་ཡོད་པ་མ་རེད། ཅེས་གསུངས་སོང་།
ཡང་རིན་པོ་ཆེ་མཆོག་གིས། ཕ་ཡུལ་གཟའ་རུ་རོང་འབྲོག་གཉིས་གཙོས་རྒྱ་ཆེ་མང་ཚོགས་ཡོངས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ། དད་དམ་གཙང་མའི་ཐོག་ནས་བརྟན་བཞུགས་ཤིག་ཕུལ་བར་ནུས་པ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ངའི་སྐུ་གོང་མ་གཉིས་ཀྱང་དགུང་ལོ་ཆུང་ཆུང་ལས་མ་བཞུགས་པས། ང་ཆུང་ཆུང་ཡིན་དུས་ནས་འབྲེལ་ཡོད་ཡོངས་ཀྱིས་སྐུ་ཚེ་རིང་པོ་བརྟན་པར་ལྷག་བསམ་རྣམ་དག་གིས་ཚེ་སྒྲུབ་སོགས་གནང་བའི་བཀའ་དྲིན་གྱིས་ཀིརྟི་སྐུ་ཕྲེང་རིམ་བྱོན་ནང་ནས་ལོ་ཆེ་ཤོས་སུ་སླེབས་མེད་ཀྱང་། ལོ་བརྒྱད་ཅུ་གྱ་ལྔ་ལོན་ཚེ་ཆེ་ཤོས་ཆགས་ཀྱི་འདུག ད་ལྟ་ལོ་བརྒྱད་ཅུ་གྱ་གསུམ་རེད། ཕྱི་ལུགས་ཀྱི་བརྩི་སྟངས་བྱས་ནས་ལོ་གཅིག་ཆུང་དུ་བཏང་ནས་གྱ་གཉིས་བརྩིས་ཡོད་པ་ལས། དངོས་ཡོད་གནས་ཚུལ་གྱི་ཐོག་ལོ་བརྒྱད་ཅུ་གྱ་གསུམ་རེད། ལོ་གཉིས་གསུམ་གྱི་རྗེས་ནས་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ལོ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད། ད་ལྟའི་བར་དུ་འཚོ་ཐུབ་པ་དེ་རྒྱ་ཆེའི་མང་ཚོགས་ཀྱིས་དད་པ་རྩེ་གཅིག་ཐོག་རེ་འདུན་གནང་བ་ལས་བྱུང་བ་ཞིག་རེད། ངའི་ངོས་ནས་བྱས་པ་གང་ཡང་མ་རེད། རྣམ་པ་ཚོས་རེ་བ་དང་ཐུགས་སྨོན་གནང་བར་གྲུབ་འབྲས་ཤིག་གཏན་གཏན་འཐོབ་ཀྱི་རེད་བསམ་གྱི་འདུག ང་རང་གི་ངོས་ནས་རེ་བ་དེ་ལྟར་རྒྱག་བཞིན་ཡོད་ལ། ངས་འཕྲོད་བསྟེན་ཐོག་ཧུར་ཐག་འབད་ཐག་བྱེད་ཀྱི་ཡིན་པའི་ཁས་ལེན་བྱེད་ཐུབ་རྒྱུ་རེད། དེ་ལས་གཞན་ང་ལ་ནུས་པ་མེད་ལ་ཁས་ལེན་ཅི་ཡང་བྱ་ཐུབ་རྒྱུ་མ་རེད། དེ་རིང་གི་བརྟན་བཞུགས་ཉིན་མོ་འཁེལ་སྟངས་མ་འདྲ་བ་ཞིག་ཁེལ་འདུག དེ་རིང་ངའི་སྐྱེས་བའི་ཉིན་མོ་དང་། བླ་གཟའ། བརྟན་བཞུགས་གསུམ་མཉམ་དུ་འཛོམས་པའི་ཉིན་གཅིག་ལ་ཁེལ་འདུག ཚེས་གྲངས་ཀྱང་དམིགས་བསལ་ཅན་ཞིག་ཁེལ་འདུག འདི་རང་བཞིན་གྱིས་འགྲིག་པ་ཞིག་ཡིན་པ་མ་གཏོགས། བསྒྲིགས་པ་གང་ཡང་མ་རེད། ཡག་པོ་བྱུང་འདུག ཅེས་གསུངས་སོང་།
ཡང་ཁོང་གིས། ཁ་སྔོན་ང་ལ་གཟའ་རུ་རོང་འབྲོག་གཉིས་ཀྱི་ངོས་ནས་བརྟན་བཞུགས་ཤིག་འབུལ་རྒྱུ་ཡིན་ཞེས་བཤད་སོང་། ངས་བརྟན་བཞུགས་ཕུལ་སྐབས་ཕ་ཡུལ་དུ་རྒྱུ་དང་དངུལ་གྱི་ཐོག་ནས་འབྲེལ་བ་མ་བྱས་ན་ཡག་པོ་རེད་མ་གཏོགས། རྒྱ་གཞུང་གིས་དཀའ་ངལ་སྤྲད་ཀྱི་རེད་ལབ་པས།རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་གཟའ་རུ་རོང་འབྲོག་གཉིས་ཐུན་མོང་ནས་འབུལ་རྒྱུ་ཡིན་པ་དང་། ཕ་ཡུལ་དུ་འབྲེལ་བ་བྱ་རྒྱུ་མིན་ཞེས་བཤད་སོང་པས། དེ་ལྟར་ཡིན་ན་མ་འགྲིག་པ་མི་འདུག་ཅེས་ལབ་པ་ཡིན། བརྟན་བཞུགས་ཕུལ་བའི་རྐྱེན་གྱིས་རྒྱ་གཞུང་གིས་ཕ་ཡུལ་དུ་དྲག་གནོན་གཏོང་གི་ཡོད། དྲག་གནོན་མི་བྱེད་པའི་རེ་བ་བྱེད་བཞིན་ཡོད། ལོ་ཁ་ཤས་ཀྱི་ནང་དུ་ཕ་ཡུལ་གྱི་ཕྱོགས་སུ་ངའི་སྐྱེས་སྐར་སྐབས་དྲག་གནོན་གཏོང་བཞིན་ཡོད་ལ། ད་ལོ་ནས་བཟུང་ངའི་པར་ལའང་དྲམ་དྲགས་གཏོང་བཞིན་ཡོད་འདུག། བཙན་དབང་བཏང་ན་ཕན་ཐོགས་གང་ཡང་ཡོང་གི་མ་རེད། ངའི་པར་ཕྱི་ལོགས་སུ་མཐོང་རྒྱུ་མེད་པར་བཟོས་ཀྱང་། སེམས་ཀྱི་ནང་ལོགས་སུ་ཡོད་པ་རེད། སྐྱེས་སྐར་ཡང་སེམས་ཀྱི་ནང་ལོགས་སུ་གནས་བསྡད་ཡོད་པ་རེད། དེ་ལ་སུ་གང་གིས་བཙན་དབང་གཏོང་ཐུབ་རྒྱུ་མ་རེད། དེ་བཞིན་ཁྱེད་ཚོས་ངའི་སྐྱེས་སྐར་གཏོང་མ་ཐུབ་པ་དང་། པར་བཞག་མ་ཐུབ་པར་བློ་འགྱོད་སྐྱེས་དགོས་པ་མ་རེད། དེ་རིང་གི་དུས་ཚོད་འདི་བརྒྱུད་ནས་རྒྱ་གཞུང་ལ་སྐྱེས་སྐར་དང་བརྟན་བཞུགས་ལ་བཙན་གནོན་མ་བྱེད་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བཙན་གནོན་དང་དྲག་གནོན་གྱི་ཐོག་ནས་འཛིན་སྐྱོང་བྱེད་ཐུབ་པའི་བསམ་བློ་འཁོར་བ་དེ་དངོས་ཡོད་གནས་ཚུལ་མཐུན་གྱི་ཡོད་པ་མ་རེད། ཅེས་གསུངས་སོང་།
དེ་བཞིན་རིན་པོ་ཆེ་མཆོག་གིས། བཙན་གནོན་དང་དྲག་གནོན་དེ་བཟི་སྨན་འཐུང་བའི་བཟོ་ལྟ་ཙམ་རེད། གནས་སྐབས་ཀྱི་མགོ་གནོན་པ་མ་གཏོགས། གཏིང་རིང་པོར་མགོ་གནོན་ཐུབ་ཀྱི་མ་རེད། གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་བོད་མི་རིགས་ཕན་ཚུན་བསམ་བློ་མཐུན་པོ་དང་ཞི་འགྲིག་ཡོང་དགོས་པ་ཞིག་རེད། བཙན་གནོན་མེད་པའི་ཐོག་ནས་གཅིག་སེམས་གཅིག་བྱེད་ཐུབ་ཡིན་ན་ཡག་པོ་རེད། དེ་རིང་ཁ་སང་རྒྱ་གཞུང་གིས་སྲིད་ཇུས་གུ་ཡངས་གཏོང་རྒྱུ་ཡིན། འགྲོ་འདུག་གུ་ཡངས་གཏོང་རྒྱུ་ཡིན་ཟེར་གྱི་ཡོད་ལ། རྒྱ་ནག་དབུས་གཞུང་གིས་སྲིད་ཇུས་གུ་ཡངས་བཏང་ཡིན་ཟེར་གྱི་ཡོད་ཀྱང་། ས་གནས་ཀྱི་ལས་བྱེད་པས་དམ་དྲག་བྱེད་ཀྱི་འདུག དེ་ལྟར་མི་གནང་བའི་རེ་བ་ཡོད། དབུས་གཞུང་ནས་སྲིད་ཇུས་གུ་ཡངས་བཏང་དུས། ས་གནས་ས་ཐོག་ཏུ་དབུས་གཞུང་གི་བཀའ་བརྩི་དགོས་པ་ལས། ཕན་ཚུན་ལ་དམ་དྲགས་དང་དོགས་ཟོན་བྱས་ན། ཉིན་མ་རེའང་འཚོ་ཐབས་ཡོད་པ་མ་རེད། ཕ་ཡུལ་མི་མང་ནས་ངའི་སྐྱེས་སྐར་བྱ་རྒྱུ་མ་བྱུང་བར་བློ་འགྱོད་ཡོད་ཀྱང་། ཁྱེད་ཚོའི་སེམས་ནང་དུ་ཡོད་པ་དེས་འགྲིག་གི་རེད། ཕྱི་ལོགས་སུ་ཐོན་ན་ཁྱེད་ཚོར་དཀའ་ངལ་འཕྲད་ཀྱི་རེད་ཅི་ཡང་མ་བྱེད་རོགས། ལྷོད་ལྷོད་བྱས་ནས་སྡོད་རོགས། ཞེས་སོགས་བཀའ་སློབ་བསྩལ་ཏེ།གཟའ་རུ་རོང་འབྲོག་གཉིས་ལ་རྟེན་སྐལ་བསྩལ་གནང་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།