ད་ལྟ་རྒྱ་ནག་མི་མང་ལ་རང་བྱུང་གོད་ཆག་གི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་འབུལ་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉེ་ལམ་འཛམ་གླིང་ས་ཕྱོགས་གང་སར་རང་བྱུང་རྐྱེན་ངན་འཕྲད་དེ་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
ཁ་སང་ཕྱི་ཚེས་ ༡༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་སྩལ་བའི་ནང་། འདི་ལོར་འཛམ་གླིང་ས་ཕྱོགས་གང་སར་རང་བྱུང་རྐྱེན་ངན་གྱི་དཀའ་ངལ་བསྟུད་མར་འཕྲད་ཀྱི་ཡོད་པ་རེད། འཛམ་གླིང་ཚ་དྲོད་རྒྱས་པའི་རྐྱེན་གྱིས་ཆུ་ལོག་དང་མེ་སྐྱོན་ཤོར་བ། རླུང་འཚུབ་སོགས་ཀྱིས་མི་རྒྱུ་གཉིས་དང་རང་བྱུང་ཁོར་ཡུག་སོགས་ལ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད། ཅེས་གསུངས།
༧མགོན་པོ་གང་ཉིད་མཆོག་གིས། དེ་རིང་ཞོགས་པ་ངོས་རང་གིས་ཤེས་ཡོན་ཅན་གྱི་མི་སྣ་རྣམས་ལ་ཞུས་པ་ལྟར། འཛམ་གླིང་ས་ཕྱོགས་གང་སར་དེ་ལྟ་བུའི་རང་བྱུང་གོད་ཆག་བྱུང་བའི་སྐབས། ངོས་ནས་གནོད་འཚེ་ཕོག་མཁན་རྣམས་ལ་སེམས་འཁུར་དང་རོགས་རམ་ཞུ་ཡི་ཡོད།
ཉེ་ལམ་རྒྱ་ནག་བྱང་ཕྱོགས་ཁུལ་དང་བོད་ཀྱི་ས་ཁུལ་ཁ་ཤས་ནང་ཆུ་ལོག་བྱུང་སྟེ། མི་མང་པོའི་ཚེ་སྲོག་ཤོར་བ་དང་། རང་བྱུང་ཁོར་ཡུག་དང་རྒྱུ་ནོར་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། ངོས་ནས་གོད་ཆག་འདིའི་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་རྣམས་ལ་སྨོན་ལམ་འདེབས་པ་དང་། གནོད་འཚེ་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་ཞུ་ཡི་ཡོད། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ་དང་། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ནི་ང་ཚོའི་ལས་འགན་རེད། དུས་སྐབས་འདིར་ངོས་རང་གིས་རྒྱ་ནག་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་འབུལ་ཐུབ་པའི་རེ་བ་ཡོད།
གནས་སྟངས་འདི་ལྟ་བུའི་འོག་ནས་ངོས་ཀྱིས་འཛམ་གླིང་གི་གཅེན་གཅུང་ཡོངས་ཀྱིས་རང་བྱུང་གོད་ཆག་ཁྲོད་གནོད་འཚེ་ཕོག་མཁན་རྣམས་ལ་སྨོན་ལམ་འདེབས་པ་དང་། གནམ་གཤིས་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་སྐོར་ལ་གླེང་སློང་བྱེད་པའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།