བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་བལ་ནང་གི་སྤྱི་འཐུས་རྣམས་ཚོགས་ཆུང་ཁག་ ༡༡ ཏུ་ཆ་བགོས་གནང་སྟེ། རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་སོ་སོའི་སྤྱི་ཁྱབ་བློན་ཆེན་དང་། སྲིད་སྐྱོང་། གྲོས་ཚོགས་ཀྱི་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་གར་མང་ཚོགས་བཅས་ཀྱི་ནང་། བོད་དོན་གོ་རྟོགས་སྤེལ་ཆེད་ཞུ་གཏུག་གི་ལས་འགུལ་མགོ་འཛུགས་གནང་སྟེ། ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཏ་མིལ་ན་དུ་ (Tamil Nadu)དང་ཀེ་རི་ལ། དེ་བཞིན་རཱ་ཇི་སི་ཐན། གུ་ཇི་རཱ་ཐི་སོགས་ཀྱི་ནང་བོད་དོན་ཞུ་སྐུལ་གྱི་སྐོར་སྐྱོད་གྲུབ་ཟིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་མངའ་སྡེ་ཨོ་ཌི་ཤ་ (Odisha) དང་། ནུབ་བྷེང་གྷལ། (West Bengal) འབྲས་ལྗོངས་མངའ་སྡེ།ཇཱ་མུ་ཀ་ཤི་མེར་སོགས་ཀྱི་ནང་ཞུ་སྐུལ་ལས་འགུལ་གནང་མུས་རེད་འདུག
བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་བཅས་ནས་ཟླ་འདིའི་ཕྱི་ཚེས་ ༢༧ ནས་མགོ་འཛུགས་ཏེ། རྒྱ་གར་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་ཇ་མུ་ཀ་ཤི་མེར་ཁུལ་ལ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༨ དང་ ༢༩ ཉིན་སྤྱི་འཐུས་རྣམ་པས་ཇ་མུ་ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཀ་ཝིན་དྷར་གྷུབ་ཏ་ (Shri. Kavinder Gupta, Former Deputy Chief Minister and Former Speaker Of Jammu and Kashmir Assembly) མཆོག་དང་། བློན་ཆེན་ཟུར་པ་སྐུ་ཞབས་རཱ་མན་བྷ་ལ་ (Shri. Raman Bhalla, Former Minister Jammu-Kashmir Pradesh Congress Committee and Former Cabinet Minister) མཆོག ཇ་མུ་ཀ་ཤི་མེར་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ཚོགས་གཙོ་ (President of J&K High Court bar association) མཆོག་སོགས་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གསར་ཁང་ (News X) དང་། (Republic TV) (Jammu News) (India Daily) (Times Now) བཅས་ཀྱི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༣༠ བར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་རྒྱ་གར་མངའ་སྡེ་ཨོ་ཌི་ཤ་ (Odisha) དང་། ནུབ་བྷེང་གྷལ། (West Bengal) འབྲས་ལྗོངས་མངའ་སྡེ་བཅས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་བཞིན་པ་རེད་འདུག་ལ། ཁ་སང་ཕྱི་ཚེས་ ༢༩ ཉིན་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་སུ་བློན་ཆེན་པི་རམ་སིང་རྟ་མང་(Shri Prem Singh Tamang)མཆོག་དང་མཇལ་འཕྲད་གནང་སྟེ། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་དང་། དེ་བཞིན་མངའ་སྡེ་དེའི་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་མཐུན་འགྱུར་རོགས་གང་ལེགས་གནང་རྒྱུ་དང་། ས་གནས་བོད་མིར་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར། བློན་ཆེན་མཆོག་ནས་ཀྱང་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་གཟིགས་སྐྱོང་གང་ལེགས་ཆེད་འབྲེལ་མཐུད་པ་ཞིག་བསྐོ་ཐབས་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་རྣམ་གཉིས་ཀྱིས་རཱ་ཇི་སི་ཐན་དང་གུ་ཇི་རཱ་ཐི་ནང་བོད་དོན་ཞུ་གཏུག་གནང་ཡོད་པ་དང་། རཱ་ཇི་སི་ཐན་མངའ་སྡེའི་སྲིད་སྐྱོང་དང་ས་ཁང་བློན་ཆེན། དེ་བཞིན་གྲོས་ཚོགས་འཐུས་མི། མངའ་སྡེའི་དབུས་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན། བོད་དོན་རྒྱབ་སྐྱོར་བ་སོགས་ལ་མཇལ་འཕྲད་གནང་སྟེ་བོད་དོན་ངོ་སྤྲོད་དང་སྦྲགས། ས་གནས་བོད་མི་སུད་ཚོང་བ་སོགས་ཀྱི་དཀའ་ངལ་སེལ་ཐབས་དགོས་པའི་ནན་སྐུལ་ཞུས་པ་ལྟར་མུ་མཐུད་གཟིགས་སྐྱོང་གང་ལེགས་གནང་རྒྱུ་ཁས་ལེན་གནང་ཡོད་འདུག དེ་བཞིན་གྱན་ཝི་ཧར་ (Gyan Vihar Univeristy) གཙུག་ལག་སློབ་གཉེར་ཁང་ནས་གདན་ཞུ་གནང་བ་ལྟར།གཙུག་ལག་སློབ་ཆེན་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་བ་སོགས་ཞུ་སྐུལ་སྐོར་སྐྱོད་གྲུབ་ཟིན་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཏ་མིལ་ན་དུ་ (Tamil Nadu)ནང་རྒྱ་གར་རྒྱལ་ཡོངས་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་ (Indian Institute of Technology Madras) གི་བོད་དོན་དང་འབྲེལ་བའི་ཉམས་ཞིབ་ཚན་པ་ (Tibetscapes) ཡི་གོ་སྒྲིག་འོག མཐོ་སློབ་དེའི་སློབ་ཕྲུག་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་དང་། རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་གནང་བཞིན་པ། དེ་བཞིན་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་དང་། དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག དེ་བཞིན་མངའ་སྡེ་དེའི་ནང་ཡོད་པའི་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་ཡོད་འདུག གཞན་ཡང་། མངའ་སྡེ་དེའི་རྒྱལ་ས་Chennai) ལ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་རི་ཅར་ཌི་ སི་ ཨེལ་ ཆེན་ (Mr. Richard C. L. Chen སོགས་ལ་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་སྤྱི་འཐུས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེའི་རྒྱལ་ས་ཏི་ཏུ་ཝ་ནན་ཐ་པུ་ཏམ་ (Thiruvananthapuram) དུ། ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་ན་ར་ཡི་ཝི་ཇ་ཡན་ (Shri. Pinarayi Vijayan, Hon. Chief Minister of Kerala) མཆོག་གི་དབུས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨེ་ཨེན་ཤམ་སེར་ (Shri. A. N. Shamseer, Hon. Speaker of Kerala Legislative Assembly) མཆོག་དང་གྲོས་ཚོགས་འཐུས་མི་ཟུར་པ་སོགས་ལ་མཇལ་འཕྲད་གནང་སྟེ།བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་།རྒྱ་གཞུང་གིས་བོད་ནང་འཛིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་སྐོར།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྐོར་བཅས་ངོ་སྤྲོད་གནང་བ་སོགས་བོད་དོན་ཞུ་སྐུལ་ལས་འགུལ་གྲུབ་ཟིན་ཡོད་པ་རེད།