མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་གཅིག་དང་གྲོས་ཚོགས།

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

སྤྱིར་ན་སྤྱི་དང་བྱེ་བྲག་པ་ལས་སྤྱི་གཙོ་ན་ཡང་། དེ་ཉིད་གོ་ལྡོག་པའི་སྐབས་ཀྱང་ཡོད་པ་ལྟར། ངས་འདིར་ཡང་གྲོས་ཚོགས་དང་སྤྱི་འཐུས་གཅིག་ཅེས་མ་བརྗོད་པར་སྤྱི་འཐུས་གཅིག་དང་གྲོས་ཚོགས་ཞེས་བརྗོད་པ་ཡིན། དེ་ཡང་ཁ་སང་དེ་རིང་གི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཉེ་ཆར་གྲོས་ཚོགས་འཚོགས་མཚམས་བཞག་པ་དེ་སྤྱི་འཐུས་གཅིག་ལ་བརྟེན་ནས་བྱུང་ཚུལ་ཤུགས་ཆེར་གླེང་ནས་བློ་ཕམ་གྱི་རྣམ་འགྱུར་སྣ་ཚོགས་སྟོན་མཁན་ཧ་ཅང་མང་པོ་ཡོད་པ་རྒྱུ་མཚན་དུ་བྱས་པ་ཡིན། ངས་འདི་ཐེངས་འདིའི་གནད་དོན་གྱི་བྱུང་རིམ་ཇི་བཞིན་གསལ་བོ་མི་ཤེས་མཁན་དང་ནོར་འཁྲུལ་སུས་བཟོས་ངོས་འཛིན་དཀའ་བའི་མི་མང་དཀྱུས་མ་སེམས་གཙང་རིགས་ཞེན་ཅན་ཚོའི་ཆེད་འབྲི་འདོད་བྱུང་།

འཁོན་འཛིང་རང་བཞིན་གྱི་རྙོག་གྲའི་བརྒྱུད་རིམ།

ཟླ་༩་ཚེས་༡༩ གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཚོགས་ཐུན་གསུམ་པའི་སྐབས། སྐབས་དོན་བརྗོད་གཞི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་སྐབས་སུ། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གཙོས་མི་སྣ་ཆེ་དྲག་ཁག་ཅིག་གིས་སྤྱི་ཚོགས་དཀྲུག་གི་ཡོད་ཚུལ་གྱི་སྐྱོན་བརྗོད་མང་ཙམ་བྱས་པའི་མཐའ་སྡོམ་ལ། “བོད་ནང་ལ་གདུང་སེམས་མཉམ་སྐྱེད་ཞུ་བའི་ནུས་པ་ང་ཚོར་ཡོད་མ་རེད” ཅེས་བཤད། 

དེ་ནས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཡར་བཞེངས་ཏེ། གྲོས་ཚོགས་ནང་དུ་མིའི་མིང་བོས་ནས་སྐྱོན་བརྗོད་བྱེད་མི་ཆོག་ཚུལ་བཤད། དེ་ནས་ཡང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ཡར་བཞེངས་ཏེ། དེ་ཆོག་ཚུལ་བཤད་པ་ཆབས་ཅིག “གནད་དོན་མང་པོ་ཞིག་ལ་དཀྲུགས་ཤིང་མཐོ་ཤོས་རྒྱག་མཁན་དེ་ཁོང་ཆགས་བསྡད་ཡོད་རེད” ཅེས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལ་སྐྱོན་བརྗོད་བྱས། ཡང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས། དཀྲུགས་ཤིང་ག་རེ་བརྒྱབ་སོང་ཁུངས་སྐྱེལ་དགོས། རྒྱ་མིའི་སོ་བ་ཁྲིད་ནས་ཀ་རྡོར་སྒང་གསུམ་ལ་འགྲོ་མཁན་དེ་ཁྱོད་ཡིན་པ་ཞེས་ཕྱིར་སྐྱོན་བརྗོད་བྱས། དེ་ནས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས། སྐད་ཆ་དེ་ཚབས་ཆེན་ཡིན་པས་ཁུངས་སྐྱེལ་དགོས་ཚུལ་བཤད་པ་བཅས་ཁོང་གཉིས་ཀྱིས་ཕན་ཚུན་ཁ་འཛིང་ཤོར་བ་ནི་རྙོག་གྲ་འདིའི་བརྒྱུད་རིམ་ཐོག་མ་རེད།

ཕན་ནུས་མ་ཐོན་པའི་གསལ་བཤད་དང་བགྲོ་གླེང།

དེ་ནས་ཚེས་༢༡ ཚོགས་དུས་ཉིན་༣ པའི་ཚོགས་ཐུན་དང་པོའི་མཇུག་ལ་བདེ་སྲུང་བཀའ་བློན་གྱིས་གནད་དོན་འདིའི་སྐོར་དང་འབྲེལ་ནས་གསལ་བཤད་མང་པོ་ཞིག་གནང་བའི་མདོ་དོན། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་རྒྱ་ནག་གཞུང་ཚབ་ཀྱི་མི་སྣ་ཆེ་གོ་མོ་ཞིག་གཉིས་མཇལ་འཕྲད་བྱུང་ཡོད་པའི་གནས་ཚུལ་ཞིག་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཤིག་བརྒྱུད་དེ་འབྱོར་ཚུལ་ཙམ་བཤད།

དེ་ནས་ཚོགས་ཐུན་གཉིས་པའི་སྐབས་སུ། བཀའ་ཤག་གི་ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་ཞུ་དབུ་བཙུགས་མ་ཐག་ཏུ། སྤྱི་འཐུས་ཆོས་གྲགས་རྒྱ་མཚོས་གནད་དོན་དེ་གཙང་མ་མ་བཟོས་པར་གྲོས་ཚོགས་མུ་མཐུད་འགྲོ་བ་འོས་མིན་གྱི་ལས་རིམ་རྣམ་གཞག་བཏོན་པ་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་ཀྱང་དེ་ལ་རྒྱབ་སྐྱོར་བྱས་ཏེ། མུ་མཐུད་དུ་ཚོགས་ཐུན་གསུམ་པ་དང་བཞི་བཅས་ལ་ཕན་ནུས་མེད་པའི་བགྲོ་གླེང་བྱས་ཏེ་དུས་ཚོད་བསྐྱལ།

དགྲ་དགའ་གཉེན་སྡུག་གི་གྲོས་ཚོགས་མཚམས་འཇོག

ཚེས་༢༢ ཉིན་གྱི་ཚོགས་ཐུན་དང་པོ་དབུ་འཛུགས་སྐབས། ཚོགས་གཙོས། འབྲེལ་ཡོད་སྤྱི་འཐུས་ཁག་ཅིག་ཚོགས་གཙོ་གཞོན་སར་བཅར་ནས། “བདེ་སྲུང་ལས་ཁུངས་ཀྱིས་གནད་དོན་འདི་གཙང་མར་མ་བཟོས་པའི་བར་དུ་གྲོས་ཚོགས་ནང་ལ་ཆ་ཤས་ལེན་གྱི་མིན” ཞེས་བཤད་བྱུང་། གྲོས་ཚོགས་ཀྱི་རྩ་འབོར་གྱི་གསུམ་ཆ་གཉིས་མ་ལོངས་ན་ལས་དོན་བརྩམ་མི་ཆོག་པས་ནམ་ལོངས་སོང་ན་ཚོགས་བརྡ་ཕུལ་ཆོག་ཅེས་བཤད་ནས་གྲོས་ཚོགས་གྲོལ་དགོས་བྱུང། དེ་ཡང་ཚོགས་ཞུགས་མ་བྱས་པའི་སྤྱི་འཐུས་རྣམས་ནི། ཆོས་བརྒྱུད་ཁོང་ནས་དགུ་དང་མདོ་སྟོད་ཁོངས་ནས་བཅུའོ།།

ཚེས་༢༣ སྔ་དྲོར། གྲོས་ཚོགས་མུ་མཐུད་ཚོགས་ཐུབ་ཐབས་སྐོར་དང་། གཞི་རིམ་མི་མང་རེ་འབོད་ཚོགས་པའི་ལས་འགུལ་དང་འབྲེལ་བའི་སྐོར་ནས་ ཉིན་རྒྱབ་ཆུ་ཚོད་༣ པའི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོག་རྒྱུའི་ཚོགས་བརྡ་སྤྱི་འཐུས་སོ་སོར་བཏང་བ་ལ། དབུས་གཙང་དང་མདོ་སྨད་ཁོངས་ཀྱི་སྤྱི་འཐུས་ཕལ་མོ་ཆེ་ཚོགས་བཅར་མ་བྱས་པས་བཞུགས་མོལ་ཚོགས་འདུ་འཚོགས་ཐུབ་མེད། ཚེས་༢༥ ལ་མི་འགྱུར་རྡོ་རྗེ་སོགས་བཞུགས་མོལ་ཚོགས་བཅར་མ་བྱས་པའི་སྤྱི་འཐུས་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། གྲོས་ཚོགས་ཀྱི་ལས་རིམ་སྒོ་བརྒྱབ་ནས་ཟུར་དུ་བཞུགས་མོལ་ཚོགས་འདུ་སྐོང་བརདོན་ཕན་གང་ཡང་མེད་ཚུལ་གསལ་བཤད་བྱས།

རྒྱ་ཆེའི་མི་མང་གི་བློ་ཕམ་ཆེན་པོ།

སྤྱི་འཐུས སྒེར་བ་ཞིག་གི་རྐྱེན་བྱས་ཏེ་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་བློ་ཕམ། དེའི་མཚུངས་གཞི་རིམ་མི་མང་རེ་འབོད་ཚོགས་པའི་མི་གྲངས་ལྔ་དྲུག་བརྒྱ་ཡས་མས་འཛོམས་ནས། ཐེངས་འདིའི་གྲོས་ཚོགས་སྐབས་སུ་བཅའ་ཁྲིམས་ཀྱི་ཁྲིམས་ཞིབ་པའི་ཆ་རྐྱེན་སྐོར་བསྐྱར་བཅོས་ཀྱིས་གང་མྱུར་ཁྲིམས་ཞིབ་ཁང་བསྐྱར་གསོ་ཡོང་བའི་དགོས་འདུན་སྟོང་བར་གྱུར་པའི་བློ་ཕམ།  སྤྱི་འཐུས་ཁག་ཅིག་གིས་མི་མང་གི་རེ་འབོད་ཞུ་སྐུལ་ཚོགས་འདུ་ལ་ཡང་སྣང་ཆུང་དང་སྐྱོན་བརྗོད་བྱས་པར་བློ་ཕམ།  ལྷག་པར་གྲོས་ཚོགས་ནང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་བདག་ཅག་ལ་དྲིན་དུ་ཆེ་བའི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཉེས་འཛུགས་སྐྱོན་བརྗོད་བྱས་པར་བློ་ཕམ་དང་མ་དགའ་བ་ཆེན་པོ་བྱེད་ཀྱིན་འདུག

མཐའ་དཔྱོད་ནོར་འཁྲུལ་དགུ་རྩེགས།

ཐོག་མར་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས། བོད་ནང་ལ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་ལ་བགྲོ་གླེང་གི་སྐབས་སུ། བསམ་བཞིན་དུ་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་ལ་ནག་ཉེས་བཀལ་ནས་མི་སྣ་གཙོ་གྲས་ཁག་ཅིག་ལ་ཟུར་ས་བྱས་པ་དེ་ནི་རྟེན་འབྲེལ་འགོ་ནས་འཆུགས་པའི་ནོར་འཁྲུལ་དང་པོ།

དེ་ནས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་རླུང་ལངས་ཏེ། སྨོན་ལམ་མཐར་ཕྱིན་ལ། རྒྱ་མིའི་སོ་བ་ཁྲིད་ནས་འགྲོ་མཁན་ཞེས་སྐྱོན་བརྗོད་པ་ནི་རྩི་ཤིང་ལ་མེ་སྦར་བའི་ནོར་འཁྲུལ་གཉིས་པ། དེ་རྗེས་བདེ་སྲུང་བཀའ་བློན་གྱིས་གྲོས་ཚོགས་ནང་ལ་གསང་བའི་གནད་དོན་དང་འབྲེལ་བ་དེར་གསལ་བཤད་རགས་བཤད་ཅིག་བྱས་ཏེ་གནད་དོན་ཚབས་ཇེ་ཆེར་སོང་བ་ནོར་འཁྲུལ་གསུམ་པ།

དེའི་ཕྱིན་གྲོས་ཚོགས་ཀྱི་ལས་རིམ་འགོ་བཙུགས་མ་ཐག་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་དང་འཇུ་ཆེན་ཆོས་སྒྲོན་སོགས་སྤྱི་འཐུས་འགའ་གཅིག་རྒྱབ་གཉིས་ལངས་ཀྱིས་གནད་དོན་དེ་གཙང་མ་མ་བཟོས་ན་གྲོས་ཚོགས་ཀྱི་ལས་རིམ་མཇུག་སྐྱོང་མི་འོས་ཚུལ་གྱི་ཉོག་བཤད་ལུང་བ་གང་བརྒྱབ་པ་ནི་ནོར་འཁྲུལ་བཞི་བ།

དེའི་ཕྱི་ཉིན་གྲོས་ཚོགས་ཀྱི་ཚོགས་འདུའི་ལས་རིམ་འགྲོ་སྟངས་དང་མི་མཐུན་པར་སྤྱི་འཐུས་སྒེར་བ་འགའ་ཚོགས་གཙོ་གཞོན་སར་བཅར་ནས་གནད་དོན་དེ་གཙང་སེལ་མ་བྱས་བར་དུ་ཚོགས་འདུར་ཞུགས་ཀྱི་མིན་ཞེས་གྲོས་ཚོགས་ཀྱི་གྲངས་ཚད་མ་ལོངས་པ་དེ་ནོར་འཁྲུལ་ལྔ་བ།

དེ་ནས་ཚོགས་གཙོ་གཞོན་གཉི་གས་དེ་དག་ལ་དེ་ལྟར་བྱས་ན་མི་འོས་ཚུལ་གྱི་ལམ་སྟོན་གང་ཡང་མ་གནང་བར་ཚོགས་འདུ་ཚོགས་མ་ཐུབ་པ་ནི་ནོར་འཁྲུལ་དྲུག་པ།

དེའི་ཕྱི་ཉིན། བཞུགས་མོལ་ཚོགས་འདུ་ཞིག་བསྐང་རྒྱུའི་ཚོགས་བརྡ་བཏང་བར་སྤྱི་འཐུས་གང་མང་ཞིག་མ་བཅར་བ་དེ་ཡང་བཀའ་བརྡ་མ་བརྩིས་པ་དང་ཕན་མིན་ཅི་འགྱུར་ལ་ཚོད་ལྟ་མ་བྱས་པའི་ནོར་འཁྲུལ་ཏེ་བདུན་པ།

མ་གཞི་ནས། བདེ་སྲུང་ལས་ཁུངས་ནས་སྔོན་ཚུད་ནས་དོགས་གཞི་ཅན་གྱི་གནད་དོན་དེ་ཤེས་ཡོད་པས། གྲོས་ཚོགས་མ་འཚོགས་གོང་ལ་གནས་ཚུལ་གསལ་བཟོའམ་ཡང་ན་འབྲེལ་ཡོད་ཚོགས་གཙོ་གཞོན་རྣམ་པར་གནས་ཚུལ་མ་ཞུས་པ་ནི་གནད་དོན་འདི་རིགས་ལ་སྣང་ཆུང་བྱས་པའི་ནོར་འཁྲུལ་ཏེ་བརྒྱད་པ།

སྤྱིར་ན་སྤྱི་འཐུས་བྱེ་བྲག་པ་ནག་ཉེས་རང་བཞིན་གྱི་གནད་དོན་ནམ་དོགས་པ་ཞིག་བྱུང་ན་སྤྱི་འཐུས་དེ་རང་ཉིད་གྲོས་ཚོགས་ལས་ཕྱིར་བཤོལ་བྱ་བའམ། ཁོ་རང་ཟུར་བཀག་བརྟག་དཔྱད་བྱེད་དགོས་པ་ལས་དོགས་གཞི་ཅན་དེ་གྲོས་ཚོགས་ནང་ལ་བཞག་ནས་མུ་མཐུད་རྩོད་གླེང་བྱེད་པ་དང་། དེའི་ཆེད་དུ་གྲོས་ཚོགས་མཚམས་འཇོག་བྱས་པ་ནི་བླུན་རྟགས་ཚབས་ཆེན་གྱི་ནོར་འཁྲུལ་ཏེ་དགུ་བའོ།།

སུ་ལ་མ་དགའི་བསམ་པ་མེད་ན་ཡང། །

སུ་དང་གང་ལ་ཕོག་པར་ངེས་པས་ན།།

གཟུར་གནས་མཁས་པ་ཁོ་ནར་རེ་བ་ལས། །

ཕྱོགས་ལྷུང་རྨོངས་པའི་གྲོགས་ཚོར་འཁང་ར་མེད།།

མཆན། རྩོམ་ཡིག་འདི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་ཚུལ་ཡིན་པའི་ངེས་པ་མེད། 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 3 སྔོན།

    སྤྱི་འཐུས་གཅིག་དང་གྲོས་ཚོགས།
    སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།
    ༡༽ འཁོན་འཛིང་རང་བཞིན་གྱི་རྙོག་གྲའི་བརྒྱུད་རིམ།
    ཟླ་༩་ཚེས་༡༩ གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཚོགས་ཐུན་གསུམ་པའི་སྐབས། སྐབས་དོན་བརྗོད་གཞི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་སྐབས་སུ། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གཙོས་མི་སྣ་ཆེ་དྲག་ཁག་ཅིག་གིས་སྤྱི་ཚོགས་དཀྲུག་གི་ཡོད་ཚུལ་གྱི་སྐྱོན་བརྗོད་མང་ཙམ་བྱས་པའི་མཐའ་སྡོམ་ལ། “བོད་ནང་ལ་གདུང་སེམས་མཉམ་སྐྱེད་ཞུ་བའི་ནུས་པ་ང་ཚོར་ཡོད་མ་རེད” ཅེས་བཤད།

    ཐད། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ནས་གདུང་སེམས་མཉམ་སྐྱེད་ཞུ་པའི་ནུས་པ་ང་ཚོར་མེད་ཅེས་པ་ཤིན་ཏུ་ནས་ཁྱད་ཚར་པོ་རེད། སྐྱབས་བཅོལ་གནས་སྟངས་ཇི་ལྟར་སྡུག་ཀྱང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་ནུས་པ་དེ་རྒྱ་ལ་དགའ་དང་བོད་ལ་སྡུག་མཁན་གྱི་གང་ཟག་ཞིག་མིན་ན་བོད་མི་ཚང་མར་ལོས་ཡོད། ཡོད་དགོས་གལ་ཡང་མ་རེད་དམ། སྤྱི་ཚོགས་ནང་མི་རྒན་པ་དང་མིང་ཡོད་གནས་ངོ་བཞེས་གནང་མཁན་གྲོས་ཚོགས་ཚོགས་མིས་གནས་དོན་དེར་བསམ་ཞིབ་མ་ཐུབ་པ་ཁྱད་ཚར་རེད། མི་སྣ་ཆེ་དྲག་ཁག་ཅིག་གིས་སྤྱི་ཚོགས་དཀྲུག་གི་ཟེར་བའི་ནང་ཁོང་རང་ཡང་ཚུད་འདུག་སྙམ་སོང་། དེ་ཡང་སྐྱབས་བཅོལ་སྤྱི་ཚོགས་དང་རྒྱ་དམར་འོག་ཉིན་མཚན་དམྱལ་བའི་སྡུག་བསྔལ་ལས་ལྷག་པའི་བཀའ་སྡུག་མྱོང་བཞིན་པའི་གཞི་ལུས་བོད་མིའི་དབར་རེད་མིན་འདུག་གམ།

    ༢༽ ཕན་ནུས་མ་ཐོན་པའི་གསལ་བཤད་དང་བགྲོ་གླེང། ཐད། ཕན་ནུས་ཐོན་དང་མ་ཐོན་ཅེས་པ་དེ་གནས་ཚུལ་ཁག་ཁག་དང་། གཞན་དབང་སྟབས་བསྟུན་གྱི་གནས་ཤིག་ཡིན་པའང་ཕེབས་མ་སོང་ངམ། ཡིན་ཀྱང་དུ་བ་ཞིག་མཐོང་མེད་ན་སྐྱབས་བཅོལ་བ་འབུམ་ལྷག་རྒྱ་གར་ནང་གནས་ཡོད་པ་ནས་མི་ཇི་ཙམ་ལ་རྒྱ་གར་གཞུང་ལས་བོད་གཞུང་བདེ་སྲུང་གི་དྲི་བརྩད་གནང་བ་གོ་མྱོང་ངམ། གཞི་ནས་འཁོར་བའི་འདོད་དོན་ལ་ཆོག་ཤེས་སྦྱང་བཤད་གནང་མཁན་རྣམ་པ་མགྲོན་ཁང་མིང་ཅན་སྐར་མ་གསུམ། བཞི་སོགས་ལ་མྱོང་ཞིབ་དགོས་སམ། མྱོང་ཞིབ་དགོས་ན་ཁྱིམ་ནས་ཁྱིམ་མེད་པར་ཕེབས་རྒྱུ་དེ་རེད་སྙམ་ལགས།

    ༣༽ རྒྱ་ཆེའི་མི་མང་གི་བློ་ཕམ་ཆེན་པོ། ཐད། གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་བློ་ཕམ། གཞི་རིམ་མི་མང་རེ་འབོད་ཚོགས་པའི་དགོས་འདུན་སྟོང་བར་གྱུར་པའི་བློ་ཕམ་སོགས་ལས་གནད་ཆེ་བ་ཞིག་མེད་དགོས་ཀྱང་་་་་་་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཉེས་འཛུགས་སྐྱོན་བརྗོད་བྱས་པ་དེ་དག་ལས་ལྷག་ཚུལ་ཕེབས་པ་མཐུན་པོ་ཞིག་མཐོང་མ་སོང་། གཉིས་སུ་སྤྱི་ཚོགས་དྲ་བའི་ནང་གཞི་རིམ་མི་མང་ལས་འགུལ་བར་དངུལ་གྱི་ཁེ་ཕན་སྤྲད་དེ་མི་གླས་པ་སོགས་ཀྱི་སྐྱོན་བཤད་ཞུས་འདུག་པ་དངོས་འགྲེལ་ཡིན་ན་བློ་ཕམ་དང་མིན་ན་མིན་པའི་གསལ་བཤད་མཐོང་མ་སོང་བའི་གནང་གལ་མ་བྱུང་ན་རྐང་རྗེས་ལག་བསུབ་ཏུ་འགྲོ་ཉེན་འདུག་པ་བཅས་སོ།།
    ཚེ་བརྟན་འགྱུར་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese