ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ཨི་ཛི་རེལ་ནང་འབྱོར་ཡོད་ཀྱང་ཡུལ་དེའི་ཛ་དྲག་གི་གནས་སྟངས་ཐོག་ཕན་འབྲས་ཅི་ཙམ་ཐོན་གྱི་ཡོད་མེད་གསལ་ཁ་མི་འདུག
འདས་པའི་བདུན་ཕྲག་གཉིས་ཙམ་གྱི་རིང་པཱ་ལི་སི་ཐན་གྱི་ཧཱ་མ་སི་དྲག་སྤྱོད་པས་གྷ་ཛ་ཁུལ་དུ་གཏོར་རྒོལ་དྲག་པོ་བྱས་ཏེ། དེ་རིང་ཕྱི་ཚེས་ ༢༡ བར་ཉུང་མཐར་མི་གྲངས་ ༣༧༨༥ ལྷག་བསད་ཡོད་པ་དང་། མི་གྲངས་ ༡༣༠༠༠ ཙམ་ལ་རྨས་སྐྱོན་ཐེབས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ཨི་ཛི་རེལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། ཨི་ཛི་རེལ་གྱི་སྲིད་བློན་བྷེན་ཇཱ་མིན་ནེ་ཌིན་ཡཱ་ཧུ་ (Benjamin Netanyahu) མཆོག་གི་གཙོས་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་ཡོད་པ་དང་། གྷ་ཛའི་གཏོར་རྒོལ་ཁྲོད་དུ་དཀའ་སྡུག་མྱོང་བཞིན་ཡོད་པའི་མི་མང་རྣམས་ཀྱི་བདེ་སྡུག་དང་ཐོབ་ཐང་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་འདུག
ཨ་རིའི་སྲིད་འཛིན་མཆོག་ཨི་ཛི་རེལ་ནང་དུ་ཕེབས་འབྱོར་མ་བྱུང་བའི་ཆུ་ཚོད་འགའི་སྔོན་དུ། གྷ་ཛ་ཁུལ་གྱི་སྨན་ཁང་ཞིག་ལ་འབར་རྫས་ཀྱིས་གཏོར་རྒོལ་ཐེབས་ཏེ། ས་གནས་དེའི་མི་གྲངས་ ༥༠༠ ལྷག་དམར་གསོད་བཏང་ཡོད་པ་དང་། སྨན་པ་དང་ནད་པ་མང་པོར་རྨས་སྐྱོན་ཕོག་པ་སོགས་ཛ་དྲག་གི་དོན་རྐྱེན་བྱུང་བར་བརྟེན། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་ནང་དུ་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་མཆོག་ཨེ་ཤ་ཡའི་ནུབ་རྒྱུད་ཀྱི་ཇོར་ཌན་ (Jordan) རྒྱལ་ཁབ་ཏུ་ཕེབས་ནས། རྒྱལ་པོ་ཨབ་དྷུ་ལ་གཉིས་པ་ (Abdullah II) དང་། ཨི་ཇིབ་ཀྱི་སྲིད་འཛིན་ཨབ་དྷལ་ཧྤད་ཊེ་ (Abdel Fattah el-Sisi) མཆོག པཱ་ལི་སི་ཐན་གྱི་མགོ་ཁྲིད་མ་ཧ་མུ་ཐི་ཨབ་བྷ་སི་ (Mahmoud Abbas) སོགས་དང་མཇལ་འཕྲད་གནང་འཆར་ཡོད་ཀྱང་ཕེབས་ཐུབ་མེད་པ་རེད། ཨི་ཛི་རེལ་གྱི་རྒྱལ་སྲུང་བློན་ཆེན་ཌ་ནིལ་ཧཱ་གྷ་རི་ (Daniel Hagari) ལགས་ཀྱིས་གྷ་ཛ་ཁུལ་གྱི་སྨན་ཁང་ལ་གཏོར་རྒོལ་བཏང་བའི་དོན་རྐྱེན་དེ་ནི་ཁ་ཆེ་དྲག་རྒོལ་བ་ཇེ་ཧཱ་ཌིས་ (Islamic Jihad) འཇབ་རྒོལ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག
ཉེ་སྔོན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཐོ་ནི་བྷི་ལིན་ཀན་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རི་དང་ཨི་ཛི་རེལ་གཉིས་ཀྱིས་གྷ་ཛ་ཁུལ་གྱི་དཀའ་ངལ་འཕྲད་བཞིན་པའི་མི་མང་རྣམས་ལ་རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་རོགས་སྐྱོར་ཐོབ་ཆེད་ཐབས་ལམ་ཞིག་འཚོལ་བཞིན་ཡོད། ཐོག་མ་ནས་སྲིད་འཛིན་མཆོག་གིས་ཨ་རིས་ཨི་ཛི་རེལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁས་ལེན་བརྟན་པོ་བྱས་ཡོད་ཅིང་། ཧཱ་མཱ་སི་དོན་རྐྱེན་ཁྲོད་དུ་མི་མང་ ༡༤༠༠ ལྷག་དམར་གསོད་བཏང་ཡོད་པའི་ནང་ཉུང་མཐར་ཨ་རི་བ་ ༣༠ ལྷག་གི་སྲོག་ཤོར་ཡོད་པས། སྲིད་འཛིན་མཆོག་ནས་ཨི་ཛི་རེལ་གྱི་མི་མང་ལ་འཇིགས་སྐུལ་གནོད་འཚེ་བསྐྱར་དུ་མི་ཐེབས་པར་སྔོན་འགོག་བྱ་རྒྱུའི་འོས་འགན་ཡོད་པ་གསལ་པོ་བསྟན་ཡོད་ཅིང་། ཐེངས་འདིའི་མཇལ་འཕྲད་ཀྱི་རྗེས་སུ་ཨི་ཛི་རེལ་གྱི་མི་མང་གི་ཆེད་དུ་ང་ཚོས་མུ་མཐུད་དུ་མཉམ་ལས་བྱ་རྒྱུ་དང་། ཨི་ཛི་རེལ་གྱི་དམག་འཁྲུག་ཁྲོད་ཁེ་བཟང་ལེན་བཞིན་པའི་རྒྱལ་ཁབ་དང་། སྒྲིག་འཛུགས་ཁག་ལའང་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུ་ཡིན་སྐོར་སོགས་གསུངས་འདུག
ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ (National Security Council) ཀྱི་མགྲིན་ཚབ་པ་ཇོན་ཀིར་བྷའེ་ (John Kirby) ལགས་ཀྱིས། ཨ་རིའི་སྲིད་འཛིན་མཆོག་གིས་ཨི་ཛི་རེལ་ཚུད་པའི་མཉམ་འབྲེལ་ས་གནས་དང་ལྷན་མུ་མཐུད་དུ་མཉམ་ལས་བྱས་ཏེ། མི་མང་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་སྔར་བཞིན་བརྟན་བརླིང་གི་ཁོར་ཡུག་ཅིག་བསྐྲུན་ཐབས་གནང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
སྤྱིར་ཨ་རིའི་གཞུང་ཕྱོགས་ཀྱིས་དམག་འཁྲུག་དང་གཏོར་རྒོལ་ཚབས་ཆེ་བའི་ཛ་དྲག་གི་དུས་ཚོད་འདི་འདྲ་ཞིག་ལ་སྲིད་འཛིན་མཆོག་ཨི་ཛི་རེལ་དུ་ཕེབས་ན་ཉེན་ཁ་ཆེན་པོ་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་དབུས་བདེ་སྲུང་ལས་ཁུངས་ཀྱིས་ཤར་མི་ཌི་རིན་སི་ (Mediterranean) མཚོ་ལམ་བརྒྱུད་ནས་གྷ་ཛ་ཁུལ་དུ་མཁའ་དམག་མངག་གཏོང་བྱས་ཏེ་འགྲེམས་འཇོག་བྱས་ཡོད་ཀྱང་། ཨ་རིས་དེ་ནི་གཏོར་རྒོལ་དེའི་ཁྲོད་དུ་འཛུལ་ཞུགས་བྱེད་འདོད་པ་ཞིག་གཏན་ནས་མིན་པར། ཁུལ་དེར་ཡོད་པའི་ཨི་རན་མི་མང་སོགས་ཀྱི་བདེ་སྲུང་གི་སླད་དུ་ཡིན་སྐོར་བསྒྲགས་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ལན་ཚོར་སྣང་ཧ་ཅང་སྐྱེན་པའི་དྲག་རྒོལ་འདིའི་ཁྲོད། སྲིད་འཛིན་བྷའེ་ཌིན་མཆོག་ཨི་ཛི་རེལ་དུ་ཕེབས་པར་ཉེན་ཁ་ཡོད་ཀྱང་། མགོ་ཁྲིད་ཀྱི་བར་དུ་དངོས་སུ་མཇལ་འཕྲད་གནང་སྟེ། མི་མང་དཀྱུས་མའི་གཞི་རྩའི་ཐོབ་ཐང་དང་བདེ་འཇགས་སོགས་ཀྱི་ཐད་ལ་གླེང་སློང་ཡག་པོ་གནང་ཐུབ་ཚེ། ཁུལ་དེ་དག་ཏུ་དཀའ་སྡུག་མྱོང་མུས་ཡིན་པའི་མི་མང་ལ་ཁེ་ཕན་ཆེན་པོ་ཡོད་པ་མ་ཟད། འཐབ་འཁྲུག་འདི་རེ་ཞིག་མཚམས་འཇོག་བྱ་རྒྱུར་ཕན་ཐོགས་ཡོང་སྲིད་སྐོར་བཤད་འདུག
རུའུ་ཌར་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་པཱ་ལི་སི་ཐན་གྱི་ཧཱ་མཱ་སི་དྲག་སྤྱོད་པས་ཐོག་མར་ཨི་ཛི་རེལ་ནང་གཏོར་རྒོལ་བཏང་བ་ནས་བཟུང་། པཱ་ལི་སི་ཐན་གྱི་དམག་མི་དང་མི་མང་གྲངས་ ༣༧༨༥ ལྷག་གི་སྲོག་ཤོར་ཡོད་པ་དང་། དེའི་ནང་དུ་བུད་མེད་ ༡༠༠༠ དང་ཕྲུ་གུ་ ༡༥༢༤ བཅས་ཚུད་ཡོད་ཅིང་། མི་གྲངས་ ༡༢༤༩༣ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག ད་ལྟའི་ཆར་གྷ་ཛ་ཐང་གཤོངས་སུ་གློག་དང་ཆུ། རྡོ་སྣུམ། བཟའ་བཏུང་སོགས་བཀག་འགོག་བྱས་ཡོད་པའི་རྐྱེན་གྱིས་ཁུལ་དེའི་མི་མང་ལ་དཀའ་ངལ་འཕྲད་མུས་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།