དྷ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་དུ་བོད་དོན་ཞི་བའི་རྐང་འཁོར་སྐོར་སྐྱོད་གནང་མཁན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཟླ་འདིའི་ཕྱི་ཚེས་ ༦ ནས་བཟུང་ཝཱ་རཱ་ཎ་སཱི་ནས་རྡོ་རྗེ་གདན་དུ་འཐོན་རྒྱུ་ཡིན་འདུག
དེ་རིང་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། ཁ་སང་ཕྱི་ཚེས་ ༢ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་སློབ་ཕྲུག་དང་ཐུག་འཕྲད་ཀྱིས། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་མ་འོངས་པར་བོད་དོན་ལས་འགུལ་སྤེལ་དགོས་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་ཐོག་ལ་གཏམ་བཤད་བྱས་ཡོད་པ་དང་། ད་ལན་གྱི་ལས་འགུལ་འདིའི་ཐོག་ནས་རྒྱ་གར་གྱི་གྲོང་གསེབ་མང་པོ་ཞིག་ལ་བོད་དོན་དྲིལ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་དང་། མ་འོངས་པར་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ད་ལྟའི་ཆར་ཝཱ་རཱ་ཎ་སཱི་རུ་བོད་དོན་གོ་རྟོགས་སྤེལ་མུས་ཡིན་སྐོར་སོགས་བརྗོད་བྱུང་།
ལམ་བར་དུ་དཀའ་ངལ་ཅུང་ཟད་འཕྲད་པའི་སྐོར་ལ་ཁོང་གིས། ད་ལན་རྐང་འཁོར་གྱི་ལས་འགུལ་སྤེལ་བཞིན་པའི་སྐབས་ང་རང་ལ་སྐྱོན་དང་བར་ཆད་ཆེན་པོ་བྱུང་མ་སོང་། འོན་ཀྱང་། རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པྲ་དྷེ་ཤི་ (Uttar Pradesh) ཡི་གྲོང་ཁྱེར་བྷུ་ལན་ཌི་ཤེ་ཧེར་ (Bulandshahr) ནས་ཁུར་ཇཱ་ (Khurja) རུ་ཕྱིན་སྐབས་ལམ་བར་དུ་བརྡབ་སྐྱོན་བྱུང་ཡང་རྨས་སྐྱོན་ཚབས་ཆེན་ཕོག་མེད་པ་དང་། དགོང་མོ་ཉལ་ས་ཡག་པོ་མ་རག་པར་(Dhaba) ཡི་ཉེ་འགྲམ་དང་རླངས་འཁོར་འཇོག་སར་ཉལ་བ་སོགས་དཀའ་ངལ་ཕྲན་བུ་ཕྲད་སོང་། ཞེས་བརྗོད་བྱུང་།
མུ་མཐུད་བོད་དོན་ལས་འགུལ་སྤེལ་འཆར་ཡོད་པའི་སྐོར་ལ་ཁོང་གིས། སོ་སོའི་ལུས་པོ་ཐང་པོ་བསྡད་ཚེ། མ་འོངས་པར་བོད་དོན་ལས་འགུལ་སྤེལ་བར་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་ཡིན་པ་དང་། ལོ་ ༦༥ བར་དུ་ང་རང་གིས་ལས་འགུལ་དེ་འདྲ་སྤེལ་ཐུབ་ན་བསམ་ནས་སེམས་ཤུགས་བསྐྱེད་ནས་སྡོད་ཀྱི་ཡོད། ལོ་ ༦༥ བསླེབས་ཚར་ནས་གཟུགས་པོའི་ནུས་ཤུགས་ཉམས་ཚར་རྗེས། སེམས་ནས་བསམ་ནའང་གཟུགས་པོས་མ་ལྕོགས་ན་ཡོང་གི་མ་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་ནས་བཟུང་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་རམ་ས་ལ་མེག་གྷན་ཁྲོམ་གཞུང་ནས་རྡོ་རྗེ་གདན་བར་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ཞི་བའི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་ཡུལ་མིའི་ཁྲོད་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དང་། བོད་མིའི་སྤྱི་ཚོགས་ནང་བོད་སྤྱིའི་རྩ་དོན་འཐབ་རྩོད་གལ་ཆེན་ཡིན་པའི་དྲན་སྐུལ་ཞུ་རྒྱུ། དེ་བཞིན་འཆར་ལོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་གྲོས་ཚོགས་སོགས་གང་སྤྱིའི་ཐད་ཚགས་ཚུད་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་བོད་རིགས་གཞོན་སྐྱེས་ཚོར་མ་འོངས་བོད་དོན་ལས་འགུལ་སྤེལ་རྒྱུའི་ཐད་སྐུལ་མ་དང་སེམས་ཤུགས་སྤེལ་རྒྱུ་བཅས་ལ་དམིགས་ཏེ་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་འདི་སྤེལ་བཞིན་ཡོད་འདུག
རང་ལོ་ ༦༣ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནི་ལྡེ་ར་ལྡུན་ནས་ཡིན་པ་དང་། ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་ལ། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།