མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་ནས་ཡིན་པའི་བོད་མི་རྟ་མགྲིན་ཞེས་པ་ཞིག་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ནས་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ནང་མི་ཚོར་ཐུག་འཕྲད་བྱེད་དུ་བཅུག་མི་འདུག
མདོ་ལ་རྫོང་དང་ཨ་རིག་ཡུལ་ཚོའི་ཉེན་རྟོག་པ་མཉམ་རུབ་བྱས་ཏེ་བོད་མི་རྟ་མགྲིན་ལགས་འཛིན་བཟུང་བྱས་ཡོད་པ་དང་། འདི་ག་དུས་བབ་གསར་ཁང་གི་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༤ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༨ ཙམ་ལ། གློ་བུར་དུ་མདོ་ལ་རྫོང་དང་ཨ་རིག་ཡུལ་ཚོའི་ས་གནས་ཉེན་རྟོག་པ་བཞི་བོད་མི་རྟ་འགྲིན་ལགས་ཀྱི་ཁྱིམ་དུ་ཡོང་སྟེ། རྒྱུ་མཚན་གང་ཡང་མ་བཤད་པར་ཁོང་འཛིན་བཟུང་བྱས་ཏེ་མདོ་ལ་རྫོང་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་པ་དང་། ཁོང་གི་ཨ་མ་དང་སྤུན་ཆེད་སོགས་མདོ་ལ་རྫོང་ཉེན་རྟོག་ཁང་དུ་ཕྱིན་ནས་རྟ་འགྲིན་ལགས་ལ་ཐུག་ཐབས་བྱས་ཡོད་ཀྱང་གནས་སྐབས་ཐུག་ཆོག་གི་མ་རེད་ཅེས་ཕྱིར་ལོག་བཏང་ཡོད་འདུག
ཁོང་གི་འབྲེལ་ཡོད་ཅིག་གིས་འདི་ག་དུས་བབ་གསར་འགོད་པར། རྟ་མགྲིན་ལགས་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་དེ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ནས་གསང་བ་ཕྱིར་བསྒྲགས་དང་ས་གནས་ཀྱི་ཡིག་ཆ་དང་པར་སོགས་ཕྱི་ལ་བསྐུར་བའི་ཉེས་མིང་འོག་གཡོགས་སྐོར་བརྗོད་བྱུང་།
རྟ་མགྲིན་ལགས་རང་ལོ་ ༣༥ ཡིན་ཞིང་། ཁོང་དང་བཟའ་ཟླ་གཉིས་ལ་ལོ་ན་ ༨ ཅན་ཀྱི་བུ་མོ་ཞིག་དང་། དགུང་ལོ་ ༦༩ ཅན་ཀྱི་ཨ་མ་ལགས་ཤིག་ཡོད་འདུག