ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (Promoting a Resolution to the Tibet-China Dispute Act) གཏན་འབེབས་དང་འབྲེལ་ནས་གླེང་སློང་གནང་རྗེས། ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༣༩༢ ཀྱིས་རྒྱབ་སྐྱོར་དང་། འཐུས་མི་གྲངས་ ༢༨ ཀྱིས་འགག་བྱ་གནང་སྟེ་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ལ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་འདུག་ལ། ད་ལྟའི་ཆར་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཀྱི་ལས་གཞིའི་ཁོངས་སུ་འགྲོ་རྒྱུ་ཡིན་འདུག
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་དང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱི་ཚབ་བྱས་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག དེ་བཞིན་ཁྲིམས་འཆར་འདིར་རྒྱབ་སྐྱོར་གནང་མཁན་གྱི་འཐུས་མི་རྣམས་ཀྱིས་གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་འཆར་འདི་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལན་གྱི་གྲུབ་འབྲས་བཟང་པོ་འདིའི་བརྒྱུད་ནས་བོད་དོན་ཁྲིམས་འཆར་འདི་ཨ་རིའི་ཁྲིམས་སུ་འགྱུར་བར་ཐག་ཉེ་རུ་ཕྱིན་ཡོད་པ་མ་ཟད། ད་ལྟའི་ཆར་ང་ཚོས་བོད་དོན་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཡོང་རྒྱུའི་རེ་བ་བཟང་ས་རྒྱག་གི་ཡོད། ཅེས་དང་། བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་མིའི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མཉམ་རུབ་ཀྱི་ཐོག་ནས་བོད་དོན་ཞུ་གཏུག་བྱས་པའི་འབད་བརྩོན་ལ་བརྟེན་ནས་ད་ལན་གྲུབ་འབྲས་ལེགས་པོ་བྱུང་བ་ཞིག་རེད། ཅེས་གསུངས་འདུག
དེ་འབྲེལ་རྒྱལ་སྤྱིའི་བོད་དོནལས་འགུལ་ཁང་གིས། གྲོས་ཚོགས་འོག་མའི་ནང་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེའི་ནང་དོན་གཙོ་བོ་ནི། ཕྱི་ལོ་ ༢༠༡༠ ནས་བོད་རྒྱ་འབྲེལ་མོལ་རྒྱུན་ཆད་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་ཚབ། དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཆེད་དུ་དམིགས་པ་ཞིག་ཡིན་སྐོར་དང་། ད་ལྟའང་བོད་རྒྱའི་དཀའ་རྙོག་སེལ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་འཕྲོག་ཡོད་ཅིང་། བོད་རྒྱའི་དཀའ་རྙོག་སེལ་བར་བོད་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་སྐོར་སོགས་དང་། གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་འཆར་གཏན་འབེབས་བྱུང་བ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༥ བསླེབས་ལ་ཉེ་བའི་སྐབས་དང་འཁེལ་ཡོད་སྐོར་སོགས་འཁོད་འདུག
འདས་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥ་མེར་ཁི་ལེ་ (Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡང་ (Todd Young) མཆོག་བཅས་ཀྱིས་ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ (A Resolution to the Tibet-China Conflict Act [H.R. 533]) བསྐྱར་དུ་ཆེད་བཏོན་གནང་ཡོད་འདུག
བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདི་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝན་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གསར་པ་བཏོན་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥ་མེར་ཁི་ལེ་ (Jeff Merkley) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡང་ (Todd Young) མཆོག དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ (Patrick Leahy) མཆོག་བཅས་ལས་གྲུབ་པའི་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་གསུམ་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་ཡོད་ཅིང་། ལོ་དེའི་ལོ་མཇུག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་བར་མའི་འོས་བསྡུ་དང་སྦྲགས། གྲོས་ཚོགས་སྐབས་ ༡༡༨ པའི་ལས་དོན་དབུ་འཛུགས་གནང་ཡོད་སྟབས་ཁྲིམས་འཆར་དེ་བསྐྱར་དུ་ཆེད་བཏོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།